དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལུག་གི་རྒྱུད་བཟང་ཞིབ་འཇུག་ལ་འབྲས་བཟང་ཐོབ་པའི“ལུག་གི་ཨ་མ”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-14

    རླངས་འཁོར་བཏང་ནས་སྤྱི་ལེ་70བསྐྱོད་རྗེས་གསར་འགོད་པ་སྟག་རྩེ་རྫོང་དུ་གནས་པའི་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཕྱུགས་ནད་སྨན་བཅོས་ཞིབ་འཇུག་སུའོ་ཚོད་ལྟ་རྟེན་གཞིའི་རྒྱལ་ཁབ་ཀྱི་ལུག་ཐོན་ལས་མ་ལག་གི་ལྷ་སའི་བལ་འཇམ་ལུག་ཕྱོགས་བསྡུས་ཚོད་ལྟ་ས་ཚིགས་སུ་སླེབས།

    “སུའོ་ཀྲང་དབྱངས་ཅན་བཞུགས་འདུག་གམ”ཞེས་ཚོད་ལྟ་ས་ཚིགས་སུ་འཛུལ་བ་ན་རིལ་མའི་དྲི་མ་ཟབ་པོ་ཞིག་ཁ་འོངས་པས་ཁ་སྣ་ལག་པས་བཀབ་ནས་གསར་འགོད་པས་མདུན་དུ་ཚུར་ཡོང་བའི་བལ་འཇམ་ལུག་ཕྱོགས་བསྡུས་ཚོད་ལྟ་ས་ཚིགས་ཀྱི་གཟན་ཆས་སྤྲོད་མཁན་སྒོར་སྒོར་ལ་དྲིས། “‘ལུག་གི་ཨ་མ’ཁྱེད་རང་འཚོལ་གྱི་འདུག”ཁོང་གིས་མཛུབ་མོས་སྟོན་པའི་ཕྱོགས་སུ་གསར་འགོད་པས་ད་རེས་ཀྱི་བཅར་འདྲི་བྱ་ཡུལ་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཕྱུགས་ནད་སྨན་བཅོས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་དབྱངས་ཅན་མཐོང་བྱུང་།

    2003ལོར་བདེ་ཆེན་སྒྲོལ་དཀར་ཞིང་འབྲོག་སློབ་གླིང་ནས་ཐོན་རྗེས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་སློབ་གླིང་ཕྱུགས་ནད་སྨན་བཅོས་ཞིབ་འཇུག་ཁང་དུ་ལས་ཀ་བྱས་པ་དང་། དབྱངས་ཅན་ནི་ཁོང་འཚར་ལོངས་ལམ་བུའི་ཐོག་གི་ལམ་སྟོན་པ་དང་པོ་ཆགས་ཡོད། རང་ཉིད་ཀྱི་དགེ་རྒན་གླེང་སྐབས“ཁོང་ནི་གཟབ་ནན་དང་། འགན་འཁུར། ལས་བཀུར། འགྲོགས་འདྲིས་བདེ་བ་བཅས་ཡིན”ཞེས་ཞིབ་འཇུག་པ་གཞོན་པར་གྱུར་པའི་བདེ་ཆེན་སྒྲོལ་དཀར་གྱིས་དེ་ལྟར་བཤད། “སུའོ་ཀྲང་ལགས་འགོ་ཁྲིད་ཅིག་དང་གཏན་ནས་མི་འདྲ་བར་མི་སེར་གྱིས་འབོད་པའི‘ལུག་གི་ཨ་མ’ཞིག་དང་དེ་བས་འདྲ་པོ་ཡོད། ལུག་གི་རྣམ་གྲངས་ལ་ཁྱབ་གདལ་བདེ་བླག་ཡོང་ཆེད་ཁོང་རྟག་པར་ནག་ཆུའི་ཨ་མདོ་དང་། མངའ་རིས། གམ་པ་སོགས་ས་བབ་སྨི་5000ཡན་ཟིན་པའི་འབྲོག་ཁུལ་དུ་བསྐྱོད་ནས་རྣམ་གྲངས་བརྟག་དཔྱད་ལས་དོན་སྒྲུབ་ཀྱི་ཡོད་པ་དང་། མཚམས་རེར་ང་ཚོ་དང་མཉམ་དུ་ལུག་རའི་ནང་ལུག་བཟུང་ནས་གཞི་གྲངས་ཚད་ལེན་བྱེད་ཀྱི་ཡོད། ཚད་ལེན་བྱེད་སྐབས་ལུག་གིས་འཕག་འཚག་བརྒྱབ་ནས་རྭ་ཅོས་རྨས་པའང་རྟག་ཏུ་ཐོན་གྱི་ཡོད”ཅེས་བཤད།

    དབྱངས་ཅན་གྱིས་ཚོགས་པའི་སྣེ་ཁྲིད་ནས“འཕན་པོའི་བལ་འཇམ་ལུག་རྒྱུད་སྤེལ་འགག་སྒྲོལ”སོགས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་རྣམ་གྲངས་གཙོ་གནད་22ལེགས་སྒྲུབ་བྱས་པ་དང་། “འཕན་པོའི་བལ་འཇམ་ལུག་གི་སྣ་ཁ་གསར་པའི་བལ་སྤུས་ཞིབ་འཇུག”སོགས་སྐོར་གྱི་དཔྱད་རྩོམ་26བཀོད་པ། དཔེ་དེབ་3དང་རྒྱ་བོད་སྐད་གཉིས་ཀྱི་ཚན་རིག་ཁྱབ་གདལ་གྱི་དཔེ་དེབ་4དཔེ་སྐྲུན་བཅས་བྱས་པ་མ་ཟད། 2008ལོར་ལུག་གི་ཞིབ་འཇུག་ཚོགས་པ་ཉིད་རྒྱལ་ཁབ་རིམ་པའི་མ་ལག་ཏུ་ཐོག་མར་ཚུད་ནས་ཁོང་ནི་ཚོད་ལྟ་ས་ཚིགས་ཁག་དང་པོའི་ཀྲན་ཀྲང་དུ་གྱུར་ཁར་ཁོང་དང་ཁོང་གི་ཚོགས་པའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་རྒྱལ་ཁབ་ཀྱི་ལུག་ཐོན་ལས་ལག་རྩལ་མ་ལག་གི་ཁས་ལེན་ཐོབ་པ་མ་ཟད། 2010ལོ་དང་། 2011ལོ། 2012ལོ། 2014ལོ་སོ་སོར་མ་ལག་དཔྱད་ཞིབ་ཐད་ཀྱི་ཕུལ་བྱུང་དུ་གྱུར་ཡོད། ལོ་དུ་མའི་རིང་དབྱངས་ཅན་གྱིས་མཛུབ་ཁྲིད་དང་རོགས་རམ་བྱས་པར་བརྟེན་ནས་རྒྱལ་རྩེ་དང་། འཕྱོངས་རྒྱས། ལྷུན་གྲུབ་སོགས་སུ་ཚན་རྩལ་དཔེ་སྟོན་རྟེན་གཞི་ལེགས་པར་བཙུགས་ཤིང་། རིམ་རྩིས་བྱས་ན་རྒྱུད་བཟང་ལུག་10000ལྷག་དཔེ་སྟོན་ཁྱབ་གདལ་བཏང་ནས་དཔེ་སྟོན་རྟེན་གཞིའི་ཞིང་འབྲོག་པ་མི་རེར་ཡོང་འབབ་སྒོར་1050རག་པ་དང་རིམ་རྩིས་བྱས་ན་དཔལ་འབྱོར་གྱི་ཕན་འབྲས་སྒོར་ཁྲི་15040ཐོབ་ཅིང་། གྲུབ་འབྲས་དེ་དག་ནི་རང་སྐྱོང་ལྗོངས་ཚན་རྩལ་ཐིང་དང་། ཞིང་འབྲོག་ཐིང་། ཞིང་འབྲོག་ཚན་རིག་ཁང་སོགས་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་ཆེན་པོ་གནང་བ་དང་ཁ་འབྲལ་ཐབས་མེད་པ་དང་། ཁོང་ལའང་རྒྱལ་རྩེ་རྫོང་གཙང་ཁ་ཤང་རྩའོ་མདའ་གྲོང་ཚོའི་མི་སེར་གྱིས“ལུག་གི་ཨ་མ”ཞེས་པའི་མིང་ཞིག་བཏགས་ཡོད་པ་རེད།

    1986ལོར་སློབ་ཆེན་ཐོན་པའི་དབྱངས་ཅན་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་སློབ་གླིང་ཕྱུགས་རིགས་སྨན་བཅོས་ཞིབ་འཇུག་སུའོ་རུ་ལས་བགོས་བརྒྱབ་པ་ནས་ད་བར་ལོ་ངོ་30ལྷག་འདས། ལོ་དེ་དག་གི་རིང་ཁོང་གིས་བོད་ཀྱི་ལུག་རྒྱུད་སྤེལ་དང་། ལེགས་འགྱུར། ཐོན་ཁུངས་སོགས་ཐད་ཞིབ་འཇུག་ཚན་རྩལ་གསར་གཏོད་ཀྱི་ལས་ཀ་བསྒྲུབས་ཡོད། 2008ལོར་རྒན་རབས་པ་རྣམས་ཀྱིས་བསྒྲུབས་པའི་ལས་ཀའི་རྨང་གཞིའི་ཐོག་དབྱངས་ཅན་དང་ཚོགས་པས་འཕན་པོའི་བལ་འཇམ་ལུག་གི་སྣ་ཁ་གསར་པ་གསོ་སྤེལ་བྱས་པ་མ་ཟད་རྒྱལ་ཁབ་ཀྱི་ཞིབ་དཔྱད་བརྒྱུད་རང་ལྗོངས་ཀྱི་སྒོ་ཕྱུགས་ཀྱི་སྣེ་ཁ་གསར་པར་གྱུར་ནས་དེའི་ཐད་ཀྱི་རང་ལྗོངས་ཀྱི་སྟོང་ཆ་གསབ་ཡོད།

    ལོ་ངོ་དུ་མའི་རིང“བོད་ཀྱི་ལུག་ལེགས་འགྱུར་གྱི་འཆར་འགོད”སོགས་རྣམ་གྲངས་ཁག་གི་དཔྱད་ཡིག་ལེགས་སྒྲུབ་བྱ་ཆེད་དབྱངས་ཅན་གྱིས་རྟག་པར་མཚན་མོ་ཡང་ལས་དུས་འཕར་མ་བྱས་ནས་གཞུང་ལས་ཐོག་ཁང་ངམ་ཡང་ན་ཚོད་ལྟ་ཁང་དུ་དཔྱད་ཡིག་བྲིས་ནས་བསྡད་དེ་ཁྱིམ་དུ་ལོག་ཐུབ་ཀྱི་མེད། “རྒན་ལགས་ཉིན་ལྟར་གཞུང་ལས་ཁང་དུ་ཕེབས་མཁན་དང་པོ་ཡིན། ལོ་3གྱི་རིང་ང་དང་རྒན་ལགས་མཉམ་དུ་ལས་སྒྲུབ་དང་མཉམ་དུ་གཞི་རིམ་ལ་སྐྱོད་ཅིང་། ང་ཚོ་ནི་ཚོགས་པ་ཞིག་ཡིན་ལ་ནང་མི་གཅིག་ལྟ་བུའང་ཡིན། ལུག་གི་འབྲེལ་ཡོད་ཤེས་བྱའི་ཐད་རྒན་ལགས་ཀྱིས་བུམ་པ་གང་བྱོའི་ཚུལ་དུ་སློབ་ཀྱི་ཡོད”ཅེས་འགོ་ཁྲིད་ཡིན་ཡང་འགོ་ཁྲིད་འདྲ་པོ་མེད་པའི་ཁོང་གི་སྐོར་གླེང་སྐབས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཕྱུགས་ནད་སྨན་བཅོས་ཞིབ་འཇུག་སུའོ་ཡི་འབྲིང་རིམ་ཞིབ་འཇུག་པ་ཚེ་རིང་ཆོས་སྒྲོན་གྱིས་སེམས་འགུལ་ཐེབས་བཞིན་དུ་དེ་ལྟར་བཤད།

    དབྱངས་ཅན་གྱི་གཞུང་ལས་ཁང་དུ་བསྐྱོད་པ་ན་སྒྲོག་ཙེའི་སྟེང་ཡིག་ཆ་དང་དཔེ་དེབ་ཀྱིས་ཁེངས། གསར་འགོད་པས་རེ་བ་ཡང་ཡང་བཏོན་པ་བརྒྱུད་དབྱངས་ཅན་གྱིས་ང་ཚོར་ཁོང་ལ་ལས་ཀ་བྱས་ཚུན་ཐོབ་པའི་གཟི་བརྗིད་མཚན་སྙན་ལག་ཁྱེར་ཁག་ཅིག་བསྟན་པ་སྟེ། རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་གྱི་བྱ་དགའ་ཨང་དང་པོ་1དང་། ཨང་གཉིས་པ་2 ཨང་གསུམ་པ་1 ཞིང་ལས་པུའི་བྱ་དགའ་2 རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་ཚན་རྩལ་གསར་གཏོད་བྱ་དགའ་ཨང་དང་པོ་1 ཨང་གཉིས་པ་1སོགས་ཡིན། “ས་མཐོའི་ལུག་གི་ཐོན་ལས་སྔར་བས་ཇེ་བཟང་དང་། བལ་གྱི་སྤུས་ཀ་སྔར་བས་ཡག་པ། ལུག་ཤའི་བྲོ་བ་སྔར་བས་ཞིམ་པ་བཅས་བྱུང་ནས་ས་མཐོའི‘ལུག་གི་ཨ་མ’ཞེས་པའི་མིང་དེ་དོན་དང་མཐུན་པར་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ལོ་ན་52ཟིན་པའི་དབྱངས་ཅན་གྱིས་འབྱུང་འགྱུར་རེ་བའི་སྐོར་ལ་འགྲན་སློང་ལྡན་པའི་ལན་སྟབས་བདེ་པོ་ཞིག་བཏབ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།