ཟས་དུག་ཕོག་ཚེ་གནོད་བྱའི་ཟས་དེ་བཟས་ནས་སྐར་མ་ཁ་ཤས་སོང་རྗེས་མགོ་ན་བ་དང་། མགོ་ཡུ་འཁོར་བ། གྲོད་པར་ན་ཟུག་དྲག་པོ་གཏོང་བ་དང་། གྲང་ཤུར་རྒྱག་པ། ཁ་སྐམ་པ། ཚབས་ཆེ་བའི་སྐབས་དབུགས་འབྱིན་རྔུབ་དཀའ་བ། དྲན་པ་ཐོར་ཏེ་བརྒྱལ་བ་སོགས་ཀྱི་སྣང་ཚུལ་ཐོན་ཚེ་དུས་ཐོག་ཏུ་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་མ་བྱས་ན་སྲོག་ལ་ཉེན་ཁ་འཕྲད་སྲིད། ཟས་དུག་སྔོན་འགོག་བྱེད་ཐབས་གཙོ་བོ་ནི་རྒྱུན་དུ་བཟའ་བཏུང་གི་གཙང་སྦྲར་དོ་སྣང་གིས་རུལ་པ་དང་། ངོ་བོ་འགྱུར་བ། བཙོས་ནས་ཉིན་ཤས་སོང་བའི་ཟས་ལྷག་སོགས་ལ་འཛེམ་དགོས་པ་དང་། ཚ་ཟས་དང་རྗེན་ཟས་དབྱེ་བ་ཕྱེ་ནས་ཟ་བ། བཏུང་བྱའི་རིགས་མང་པོ་མཉམ་བསྲེས་བྱས་ཏེ་མི་འཐུང་བ་སོགས་ལ་ཡིད་གཟབ་གཙོ་བོར་བྱས་ཏེ་ནད་དུག་ཁ་ལ་མི་འགྲོ་བ་བྱེད་དགོས།