དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་དུ“ཚན་རྩལ་གཤམ་སྤེལ”བྱེད་སྒོ་སྤེལ་ནས“ཞིང་གསུམ”ལ་ཞབས་འདེགས་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-03

    ཉེ་ཆར་བོད་ལྗོངས་ཞིང་འབྲོག་ཚན་རྩལ་ཁང་གི་ཤིང་འབྲས་རིགས་གཅིག་མཁས་ཅན་ཚེང་ཤིའུ་ལིས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལྷ་ཁང་གྲོང་རྡལ་གྱི་ཞིང་པ་རྣམས་ལ་ཤིང་འབྲས་སྡོང་ཕྲུག་གི་དོ་དམ་དང་འདེབས་རྩལ་གང་མགྱོགས་ཁྱབ་གདལ་གཏོང་ཐུབ་པ་བྱེད་ཀྱི་ཡིན། ཡུན་རིང་མ་སོང་བར་ཁྱེད་ཚོར་རང་ཉིད་ཀྱིས་བཏབ་པའི་ཤིང་འབྲས་བཟའ་རྒྱུ་ཡོང་ངེས་རེད་ཅེས་བཤད།

    ཚེང་ཤིའུ་ལི་དང་། ཚན་རྩལ་པུའུ། དེ་བཞིན་ཀྲུང་གོ་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་བཅུ་ཙམ་ལྷོ་ཁ་གྲོང་ཁྱེར་དུ“ཚན་རྩལ་གཤམ་སྤེལ”བྱེད་སྒོ་སྤེལ་བར་ཕེབས་པའི་ཉིན་ལྔ་པ་དེ་ཡིན་ཞིང་། ཁོང་ཚོས་བོད་ལྗོངས་ཚན་རྩལ་ཐིང་གི་སྒྲིག་འཛུགས་འོག་དུས་ཐུང་ཉིན་ལྔའི་རིང་རི་ཀླུང་བརྒལ་ཏེ་ཐག་རིང་ལུང་ཁུག་གི་ཤང་གྲོང་མང་པོར་བསྐྱོད་ནས་ས་གནས་དེ་གའི་ཞིང་འབྲོག་པར་ཞིང་འབྲོག་ལས་སྐོར་གྱི་ཤེས་བྱ་མང་པོ་ཁྱབ་གདལ་བཏང་བ་རེད།

    1996ལོ་ནས་བཟུང་བོད་ལྗོངས་ཚན་རྩལ་སྡེ་ཚན་གྱིས“ཚན་རྩལ་གཤམ་སྤེལ”གཅིག་སྡུད་ཞབས་ཞུའི་བྱེད་སྒོ་བསྟུད་མར་ལོ་22སྤེལ་བ་རེད།

    “ས་བབ་མཐོ་བའི་ཐག་རིང་ལུང་ཁུག་ས་ཁུལ་ལ་ཚན་རྩལ་གྱི་ཤེས་བྱ་དེ་བས་དགོས་གལ་ཆེན་པོ་ཡོད། ཚན་རིག་ལག་རྩལ་གྱིས་ས་གནས་དེ་གའི་ཞིང་འབྲོག་ལས་དང་དབུལ་སྐྱོར་ཐོན་ལས་ལ་འགྲོ་སོང་ཆུང་ལ་ཕན་འབྲས་ཆེ་བའི་ནུས་པ་ཐོན་གྱི་ཡོད”ཅེས་ལྷོ་བྲག་རྫོང་གི་རྫོང་དཔོན་པད་མ་རྡོ་རྗེས་བཤད།

    ལྷོ་ཁ་གྲོང་ཁྱེར་ཚན་རྩལ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་ཚེ་རིང་སྟོབས་ཆེན་གྱིས། 2016ལོར་ཚན་རྩལ་ཡར་རྒྱས་ཕྱིན་པ་ལས་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་47%ཟིན་པ་དང་དཔལ་འབྱོར་ལ་ལེགས་སྐྱེས་འབུལ་ཚད་41%ཟིན་ཡོད་ཅེས་ངོ་སྤྲོད་བྱས།

    “ཚན་རྩལ་གྱི་ཞབས་ཞུ་དང་མཛུབ་ཁྲིད་ནི་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་འགག་རྩར་གྱུར་ཡོད། དེར་བརྟེན་ནས་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་ཆུ་ཚད་དང་ཕྱོགས་བསྡུས་ཕན་འབྲས་མཐོ་རུ་ཕྱིན་པ་དང་མ་ཟད། ཞིང་འབྲོག་པའི་ཐོན་འཕར་འབབ་འཕར་ལའང་སྣེ་ཁྲིད་ནུས་ལྡན་བྱས་ཡོད”ཅེས་ཚེ་རིང་སྟོབས་ཆེན་གྱིས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོར་རིགས་གཅིག་མཁས་ཅན་གྱིས་ཚན་རྩལ་ལ་བརྟེན་ནས་རྒྱབ་སྐྱོར་བྱས་པའི་ནས་སོན་གསར་པ“བོད་ནས་ཨང་2000”ལས་བོད་རང་སྐྱོང་ལྗོངས་ལ་དཔལ་འབྱོར་ཡོང་འབབ་སྒོར་དུང་ཕྱུར་2.25བྱུང་བ་དང་སྔོ་ཚལ་སྣ་ཁའི་ཚན་ཞིབ་འགག་སྒྲོལ་བྱེད་ཚད་རིམ་རྩིས་བྱས་ན། ལྗོངས་ཡོངས་ཀྱི་རྫོང་30ལྷག་ཙམ་ལ་སྔོ་ཚལ་སྣ་ཁ་གསར་པ་མུའུ་ཁྲི་6དཔེ་སྟོན་ཁྱབ་གདལ་བཏང་ནས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1ལྷག་ཙམ་ཟིན་ཡོད། གཞན་ཡང་ཚན་རྩལ་རྣམ་གྲངས་མང་པོ་ཞིག་ལ་བརྟེན་ནས་དུད་ཚང་དབུལ་པོ་800ལྷག་ཙམ་གྱི་སྣེ་ཁྲིད་དེ་མི་3500ལྷག་ཙམ་འབབ་འཕར་ཕྱུག་འགྱུར་ཐུབ་ཡོད།

    བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཐིང་ཀྲང་འཕྲིན་ལས་དབང་རྒྱལ་གྱིས་ཚན་རྩལ་གཅིག་སྡུད་ཞབས་ཞུར་བརྟེན་ནས་བོད་ཀྱི་ས་ཁུལ་ཁག་གི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་པ་དང་ཚན་རྩལ་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་བྱེད་པར་ཡང་འདེགས་སྐྱོར་བྱས་ཡོད་ཅེས་བཤད།

    “རིགས་གཅིག་མཁས་ཅན་གྱི་དམིགས་སའི་རང་བཞིན་ལྡན་པའི་ཞབས་ཞུ་བརྒྱུད། ཚན་རྩལ་དང་ཚན་རིག་ཁྱབ་གདལ་ཐག་རིང་ལུང་ཁུག་ས་ཁུལ་དུ་བཀོལ་སྤྱོད་དང་ཁྱབ་སྤེལ་བཏང་བ་ལས་ཐག་རིང་ལུང་ཁུག་ས་ཁུལ་གྱི་མང་ཚོགས་ཀྱི་ཚན་རྩལ་གྱི་དགོས་མཁོ་བསྐངས་ནས་མཐའ་དར་དམངས་ཕྱུག་གི་ནུས་པ་ཐོན་པའི་རེ་བ་ཡོད”ཅེས་འཕྲིན་ལས་དབང་རྒྱལ་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།