ཕྲུ་གུར་མི་དང་འབྲེལ་འདྲེས་བྱེད་པའི་ལྷན་སྐྱེས་ནུས་པ་ཡོད། ཕྲུ་གུ་སྐྱེས་རྗེས་ཨ་མར་བརྩེ་དུང་ཟབ་ཏུ་འགྲོ་གི་ཡོད། ཕྲུ་གུ་ལྟོགས་དུས་དུས་ཐོག་ཏུ་འོ་མ་སྟེར་བ་དང་གཉིད་སད་སྐབས་སམ་ཡང་ན་སེམས་གསོ་དགོས་སྐབས་ཕྲུ་གུར་གད་མོ་དགོད་པ་དང་པང་ཁར་ལེན་པ་སོགས་ཀྱི་བྱ་སྤྱོད་དེ་དག་ཡང་སྐོར་བསྐྱར་སྐོར་བྱས་ཚེ་ཕྲུ་གུ་གྲུང་ཤ་དོད་པོ་དང་། སྤྱང་པོ། སྣང་བ་སྐྱིད་པོ་ཆགས་ཐུབ། བྱམས་སྐྱོང་མི་འདང་བའི་ཕན་བདེ་ཁང་དུ་འཚར་ལོངས་བྱུང་བའི་ཕྲུ་གུའམ་ཡང་ན་ཉིན་མོ་བུ་བཅོལ་ཁང་དུ་བཅོལ་ནས་ལྟ་རྟོག་བྱེད་མཁན་མེད་པའི་ཕྲུ་གུ་རྟག་ཏུ་ལྐུགས་ཚོད་ཚོད་དང་། ཉབ་བེ་ཉོབ་བེ། སྤྱང་པོ་མེད་པ། གཟུགས་པོ་མི་ལོན་པ་བཅས་ཀྱི་སྣང་ཚུལ་ཐོན་གྱི་ཡོད།
ལོ་3རྗེས་ཀྱི་ཕྲུ་གུ་ཕར་བལྟས་ན་སྣང་བ་སྐྱིད་མདོག་ཁ་པོ་ཡོད་ནའང་དོན་དངོས་ཐོག་ཁོང་ཚོར་ཡང་མ་སྐྱིད་པའི་སྐབས་ཡོད་པས། བྱམས་སྐྱོང་དང་དགའ་སྐྱོ་ཆགས་སྡང་མཚོན་པར་བྱེད་དགོས་ཀྱི་ཡོད། ཁོང་ཚོར་ཡར་རྒྱས་ཆུང་ངུ་རེ་ཡོང་སྐབས་ཕ་མས་འཕྲལ་དུ་བསྔགས་བརྗོད་བྱེད་དགོས་པ་དང་། ཁོང་ཚོ་བག་འཁུམ་ནས་བློ་སྟོབས་མེད་པར་གྱུར་སྐབས་ཕ་མས་ལྕག་སྐུལ་ཟམ་མི་ཆད་པར་བྱེད་དགོས་པ། ཁོང་ཚོས་ནོར་འཁྲུལ་ཤོར་སྐབས་ཕ་མས་སེམས་གསོ་གཏོང་དགོས་ཀྱི་ཡོད། ཁོང་ཚོར་ཉམས་མྱོང་མེད་པས། ཕ་མའི་སྲུང་སྐྱོང་དང་གཅེས་སྐྱོང་དགོས་ཀྱི་ཡོད། བརྩེ་བས་ཕྱུག་པའི་ཕ་མ་ཞིག་ཡིན་ཕྱིན། དུས་ཚོད་མང་ཙམ་སྤྱད་ནས་ཕྲུ་གུ་དང་མཉམ་དུ་རྩེད་མོ་རྩེ་དགོས་པ་དང་དགའ་བའི་འཛུམ་མདངས་བསྟན་ཏེ་ཕྲུ་གུ་པང་དུ་ལེན་པའང་ཡང་ན་བྱིལ་བྱིལ་བྱས་ནས་ཁོང་ཚོར་ཐོབ་པའི་གྲུབ་འབྲས་ལ་དགའ་ཚོར་བྱེད་པ་དང་། ཁོང་ཚོར་ཕོག་ཐུག་བྱུང་བའམ་ཡང་ན་སྐྲག་སྣང་སྐྱེ་སྐབས་སེམས་གསོ་བཏང་སྟེ། ཁོང་ཚོའི་བདེ་འཇགས་ལ་སྲུང་སྐྱོང་གིས་བརྩེ་སེམས་དང་། ཡིད་ཆེས། རང་རྐྱ་འཕེར་ཐུབ་པ། འགན་འཁུར་སེམས་པ་སོགས་སྐྱེད་སྲིང་བྱེད་དགོས།
ཕྲུ་གུ་མི་རེ་ངོ་རེའི་འཚར་ལོངས་ཀྱི་བརྒྱུད་རིམ་ནི་ཁྱིམ་ཚང་གིས་བརྩེ་བ་ཟམ་མི་ཆད་པར་སྦྱིན་པ་དང་ཕྲུ་གུས་བརྩེ་བ་དང་ལེན་དང་བརྩེ་བ་ཤེས་པ་མ་ཟད། བརྩེ་བ་འཆང་ཐུབ་པར་བྱེད་པའི་བརྒྱུད་རིམ་ཞིག་ཡིན། ཆུང་དུས་ནས་སྐྱེད་མའི་བྱམས་སྐྱོང་དང་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ནང་འཚར་ལོངས་བྱུང་བའི་བྱིས་པ་ཞིག་ཡིན་ཕྱིན། ཁོང་ཚོའི་སེམས་ཁམས་སུ་བརྩེ་དུང་གི་ས་བོན་ཞིག་བཏབ་པ་དང་གཉིས་སུ་མེད་པས། དུས་ཚོད་ངེས་ཅན་ཞིག་ཕྱིན་རྗེས་ས་བོན་དེ་མྱུ་གུ་རྒྱས་ཀྱི་ཡོད། བརྩེ་བས་ཕྱུག་པའི་ཁོར་ཡུག་ཁྲོད་འཚར་ལོངས་བྱུང་བའི་ཕྲུ་གུ་ཞིག་ཡིན་ཕྱིན། གཞི་ནས་ཕ་མ་དང་མི་གཞན་ལ་དགའ་པོ་བྱེད་སྲིད་ལ། མི་དམངས་དང་མེས་རྒྱལ་ལའང་དགའ་པོ་བྱེད་སྲིད།