བཅར་འདྲི་ཞུ་ལུགས་ཞུ་རྩལ་རགས་ཙམ་གླེང་བ།
གསར་འགྱུར་ལས་རིགས་ནང་ཁུལ་གྱི་གསར་འགྱུར་འགོད་སྤེལ་བྱ་རིམ་ནང་བཅར་འདྲི་ཞུ་སྐབས་སྐར་མ་བཅུ་བཟུང་བ་དང་གསར་འགྱུར་རྩོམ་ཡིག་འབྲི་སྐབས་སྐར་མ་གསུམ་བཟུང་གི་ཡོད་ཅེས་པའི་བཤད་སྲོལ་ཞིག་བཅར་འདྲི་ཞུ་ལུགས་ཞུ་རྩལ་རགས་ཙམ་གླེང་བ། གསར་འགྱུར་ལས་རིགས་ནང་ཁུལ་གྱི་གསར་འགྱུར་འགོད་སྤེལ་བྱ་རིམ་ནང་བཅར་འདྲི་ཞུ་སྐབས་སྐར་མ་བཅུ་བཟུང་བ་དང་གསར་འགྱུར་རྩོམ་ཡིག་འབྲི་སྐབས་སྐར་མ་གསུམ་བཟུང་གི་ཡོད་ཅེས་པའི་བཤད་སྲོལ་ཞིག་ཡོད་པའི་ཐོག་ནས་བཅར་འདྲི་ཞུ་རྒྱུ་དེ་གལ་ཆེན་པོ་ཡིན་པ་མཐོང་ཐུབ།
བསམ་འདུན་ཡིད་བཞིན་འགྲུབ་པའི་བཅར་འདྲི་ཞིག་ཡིན་ཕྱིན་བཅར་འདྲི་ཞུ་ལུགས་ཞུ་རྩལ་དང་ཁ་འབྲལ་ཐབས་མེད། གསར་འགོད་པ་ཞིག་གི་ངོས་ནས་བཤད་ན་དེ་ནི་འགག་རྩའི་ཆེད་ལས་རྩལ་ནུས་ཤིག་ཡིན་གཤིས། རྩལ་ནུས་དེ་ཁོང་དུ་ཆུད་པ་དང་བེད་སྤྱོད་ཡག་པོ་གཏོང་ཐུབ་ཚེ་གསར་འགྱུར་བརྗོད་གཞི་སྔར་བས་རྩ་ཆེ་ལ་མང་བ་ལག་འཛིན་ཐུབ་རྒྱུ་མ་ཟད་གསར་འགྱུར་རྩོམ་ཡིག་གང་ལེགས་འབྲི་ཐུབ་ངེས་ཡིན་པ་ཐེ་ཚོམ་མེད། མི་སྣར་བཅར་འདྲི་ཞུ་རྒྱུའི་ངོས་ནས་བཤད་ན། བཅར་འདྲི་ཞུ་ཡུལ་གྱི་ལས་རིགས་དང་གོ་གནས། གཤིས་ཀ། ཡོན་ཚད་སོགས་མི་འདྲ་བའམ་ཧེ་བག་ཡོད་པའི་དབང་གིས་བཅར་འདྲི་ཞུ་སྐབས་སུ་མི་བབ་དང་བསྟུན་དགོས་ཤིང་བཅར་འདྲི་ཞུ་རྩལ་ཁོ་ནའི་ངོས་ནས་བཤད་ན་འཇམ་འགུག་དང་། བསྟན་བཤིག་སློང་བ། ཚ་འདེད། དྲང་པོ་དྲང་བཞག་བཅས་ཡོང་རྒྱུའི་ཐད་འབད་བརྩོན་བྱེད་དགོས་གལ་ཆེ།
གཅིག འཇམ་འགུག་ཤེས་པ་བྱེད་དགོས།
བཅར་འདྲི་ཞུ་སྐབས་བཅར་འདྲི་ཞུ་ཡུལ་རེ་འགས་བཅར་འདྲི་ཞུ་མཁན་གྱི་དམིགས་ཡུལ་གསལ་པོ་མི་ཤེས་པའི་རྐྱེན་གྱིས་གང་ཤོད་འདི་ཤོད་མེད་པར་གྱུར་གྱི་ཡོད་པ་དང་བཅར་འདྲི་ཞུ་ཡུལ་རེ་འགའ་ལྷན་སྐྱེས་ཀྱི་བཤད་མཁས་པོ་མེད་པ་དང་ཁ་ནས་ཉན་རིན་ལྡན་པའི་སྐད་ཆ་མི་དོན་པ། ད་དུང་བཅར་འདྲི་ཞུ་ཡུལ་རེ་འགས་བཅར་འདྲི་དང་ལེན་ཞུ་འདོད་མི་བྱེད་པ་དང་གང་ཡང་ཤོད་འདོད་མི་བྱེད་པ། དེ་མིན་རེ་འགས་ཚོར་སྣང་སྐྱེན་པའི་གནད་དོན་ལས་གཡོལ་ནས་གང་ཡང་ཤོད་ཀྱི་མེད། གནས་ཚུལ་དེ་རིགས་འོག་གསར་འགོད་པས་འཇམ་འགུག་བྱེད་དགོས་གལ་ཆེ། སྤྱིར་ན། སྔོན་ལ་ལན་འདེབས་སླ་བའི་གནད་དོན་བཀའ་འདྲི་ཞུ་བ་དང་དེ་ནས་ག་ལེར་གནད་འགག་ཆེ་བའི་གནད་དོན་བཀའ་འདྲི་ཞུ་བ། སྔོན་ལ་འབྲེལ་ཐག་ཉེ་བའི་གནད་དོན་འདྲི་བ་དང་དེ་ནས་ཡང་ག་ལེར་ཐག་རིང་དུ་གཏོང་དགོས། སྐད་ཆའི་ཐོག་ནས་གོམ་པ་རིམ་བགྲོས་ཀྱིས་འཇམ་འགུག་བྱེད་པ་ཕུད་ད་དུང་ཁོར་ཡུག་དང་ཞིབ་ཕྲའི་གནས་ཚུལ་སོགས་ཀྱི་ཐད་ནས་འཇམ་འགུག་གིས་བཅར་འདྲི་ཞུ་ཡུལ་བར་གྱི་སེམས་ནང་གི་བར་ཐག་ཉེ་རུ་གཏོང་བ་དང་ཕན་ཚུན་གཉིས་ཀས་དགའ་སྣང་བྱེད་པའི་གནད་དོན་བཙལ་འཚོལ་གྱིས་བཅར་འདྲི་ཞུ་ཡུལ་གྱི་གླེང་སེམས་ཆེ་རུ་གཏོང་དགོས་ཀྱི་ཡོད། དཔེར་ན། སྤྱི་ལོ་1973ལོར་ཨ་རིའི་རྨི་ལ་ཧྲེ་དཔྱད་གཏམ་ཚགས་པར་ཁང་གི་པེ་ཕིང་དུ་བཅའ་སྡོད་གསར་འགོད་པ་ཝུའེ་ཨར་སིས་མའོ་ཙེ་ཏུང་ལ་བཅར་འདྲི་ཞུ་སྐབས་སུ་བདག་ཤིས་ཨན་ནས་སྒེའུ་ཁུང་ནང་ནས་བྲོས་ཡོང་སྐབས་ལུས་པོའི་ཐོག་སི་ནོ་ནས་པར་ལེན་བྱས་པའི་སྐུ་ཉིད་ཀྱི་སྐུ་པར་ཞིག་དང་བུད་མེད་ལ་མེད་དུ་མི་རུང་བའི་མཆུ་བྱུག་དམར་པོ་སྒམ་ཆུང་ཞིག་འཁྱེར་ཡོད། ཁྱེད་ཀྱི་སྐུ་པར་འདྲེན་བྱེད་ལམ་དུ་འཆར་སྐབས་ངའི་བསམ་ཡུལ་དུ་དབང་མེད་ངང་ཝ་ཧྲེང་ཐོན་དང་ལིན་ཁེན་རྣམ་གཉིས་འཁོར་ཡོང་གི་འདུག ལིན་ཁེན་ནས་བྲན་གཡོག་ལ་བཅིངས་འགྲོལ་བཏང་བའི་བསྒྲགས་གཏམ་ཁྱབ་བསྒྲགས་གནང་བ་དང་རྒྱལ་ཁའི་ངང་ནས་ཤུགས་རྐྱེན་སྤྱིར་བཏང་མིན་པ་ལྡན་པའི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་ཞིག་བྱས་ཡོད། སྐུ་ཉིད་མའོ་ཙེ་ཏུང་ནས་ཀྲུང་གོ་ཡོངས་ལ་བཅིངས་འགྲོལ་གཏོང་གནང་རྒྱུ་རེད་ཅེས་བཤད་ཡོད་པ་རེད། སྐད་ཆ་དེ་ཚོའི་ཐོག་ནས་ང་ཚོས་ཧ་གོ་དོན་རྟོགས་ཐུབ་གསལ་ལ། བཅར་འདྲི་ཞུ་མཁན་གྱིས་སྐུ་པར་ནས་འགོ་བརྩམས་ཏེ་རང་ཉིད་སེམས་དབུས་ཀྱི་མའོ་ཙེ་ཏུང་གི་གལ་ཆེའི་གནས་བབ་ནན་བཤད་བྱས་ཡོད་ཅིང་། དེ་དོན་ནི་ཕྱོགས་གཅིག་ནས་བཅར་འདྲི་ཞུ་ཡུལ་དང་རང་ཉིད་དབར་གྱི་བར་ཐག་ཉེ་རུ་གཏོང་ཆེད་ཡིན་པ་དང་ཕྱོགས་གཞན་ཞིག་ནས་སྐུ་པར་བརྒྱུད་མའོ་ཙེ་ཏུང་ནས་འགོ་ཁྲིད་གནང་བའི་གསར་བརྗེའི་རླབས་ཆེན་དོན་སྙིང་ནན་བཤད་བྱས་ཡོད། ཐབས་མཁས་ཇུས་འགོད་དེས་གསར་འགོད་པའི་བཅར་འདྲི་ཞུ་བའི་བརྗོད་དོན་གཙོ་བོ་རང་ཤུགས་སུ་འབུར་ཐོན་བྱུང་བ་མ་ཟད་མའོ་ཙེ་ཏུང་གི་བཀའ་མོལ་གླེང་སེམས་ཡང་སྐུལ་སློང་བྱས་པས་བཅར་འདྲི་ཞུ་རྒྱུ་ཆུ་འགྲོས་ལྟར་བྱུང་ཡོད།
གཉིས། བསྟན་བཤིག་སློང་ཤེས་པ་བྱེད་དགོས།
འདིར་བརྗོད་པའི་བསྟན་བཤིག་ཟེར་བ་ནི་བཅར་འདྲི་ཞུ་སྐབས་བསྟན་བཤིག་སློང་བ་བརྒྱུད་བཅར་འདྲི་ཞུ་བའི་རྣམ་པ་ཡག་པོ་ཞིག་གཏོད་རྒྱུར་གོ་དགོས་པ་ལས་གནས་བབ་དང་མ་མཐུན་པའི་དོན་མེད་གོ་མེད་ཀྱི་སྐུ་རྩེད་ཀྱི་བསྟན་བཤིག་ཞིག་མིན། སྐབས་རེ་བཅར་འདྲི་ཞུ་བའི་རྣམ་པ་དོག་པོའམ་འཚབ་འཚུབ་ཡིན་ན་བཅར་འདྲི་ཞུ་ཡུལ་འཚེར་སྣང་ལངས་ཀྱི་ཡོད། དེའི་སྐབས་སུ་དུས་ལ་བབ་པ་དང་གནས་བབ་དང་མཐུན་པའི་བསྟན་བཤིག་སློང་ཐུབ་པ་ཡིན་ན་ཞི་ཞིང་མཐུན་པའི་གླེང་མོལ་གྱི་རྣམ་པ་ཞིག་གཏོད་ཐུབ། དཔེར་ན། དབྱི་ཐ་ལིའི་གྲགས་ཅན་བུད་མེད་གསར་འགོད་པ་ཧྥ་ལ་ཆིས་འཛམ་གླིང་ཐོག་མིང་གྲགས་ཆེ་བའི་ཆབ་སྲིད་མི་སྣ་ཉི་ཤུ་ལྷག་ཙམ་ལ་བཅར་འདྲི་ཞུ་མྱོང་ཡོད་ཅིང་བསྟན་བཤིག་སློང་མཁས་པ་ནི་ཁོང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པ་རེད། དཔེར་ན། གསར་འགོད་པ་ཧྥ་ལ་ཆིས་ཞི་གུང་གི་སྐུ་གཟུགས་ཆུང་བའི་ཙུང་ཐུང་རོན་ཝུན་ཧྲའོ་ལ་བཅར་འདྲི་ཞུ་སྐབས། གསར་འགོད་པ་ཧྥ་ལ་ཆི་དང་པར་ལེན་གསར་འགོད་པ་ཙུང་ཐུང་རོན་ཝུན་ཧྲའོ་ལ་ཁ་ཕྱོགས་ནས་ཡོང་བཞིན་པའི་སྐབས་སུ་ཁོང་གིས་ལག་པའི་མཛུབ་མོ་ཐུང་ངུ་དེ་བརྐྱངས་ནས་ཁྱེད་གཉིས་ནང་ནས་སུ་དཔོན་པོ་ཡིན་ནམ་ཞེས་གསུངས་པ་དང་དེ་མུར་པར་ལེན་གསར་འགོད་པས་ང་གཉིས་གཉིས་ཀ་དཔོན་པོ་ཡིན་ཞེས་ལན་བཏབ། ཧྥ་ལ་ཆིས་ཁོང་སྐུ་གཟུགས་ང་ལས་ཆེ་བ་དང་ང་ཁོང་སྐུ་གཟུགས་ཆུང་བ་ཡོད་ནའང་ང་དཔོན་པོ་ཡིན་ཞེས་ལན་སློག་པར་ཁོང་གིས་འཕྲལ་དུ་ཞལ་ཤོབ་ཀྱི་རྣམ་པའི་ཐོག་ནས་ལན་ཡག་པོ་བརྒྱབ་སོང་། ང་མོས་མཐུན་ཡོད། དབང་ཆ་ཟེར་བ་དེ་སྒེར་འཛིན་བྱེད་པ་ལས་ཁག་བགོས་བྱེད་མི་ཉན་ཞེས་གསུངས་ཡོད་པ་རེད། དེ་ནི་རོན་ཝུན་ཧྲའོ་ཡིས་ད་ཐེངས་ཀྱི་བཅར་འདྲི་མཇུག་འགྲིལ་སྐབས་ནན་བཤད་གནང་བའི་ལྟ་བ་ཞིག་ཡིན་པ་རེད།
གསུམ། ཚ་འདེད་གཏོང་ཐུབ་པ་བྱེད་དགོས།
བཅར་འདྲི་ཞུ་སྐབས། གསར་འགོད་པས་བྱ་དངོས་དང་སྣང་ཚུལ་རེ་འགའི་ཐད་ཚ་འདེད་བཏང་ནས་བཅར་འདྲི་ཞུ་སྲིད་པ་དང་དེ་ནི་བཅར་འདྲི་ཇེ་ཟབ་ཏུ་གཏོང་བའི་བཅར་འདྲི་ཞུ་ཐབས་གལ་ཆེན་ཞིག་རེད། ཕུལ་བྱུང་གསར་འགོད་པ་ཞིག་ཡིན་ཕྱིན་རྟག་ཏུ་རང་རྟོགས་ཀྱི་སྒོ་ནས་དོགས་སེམས་བཅངས་ཏེ་བྱ་བ་ངོ་མའི་ངོ་བོ་མཐིལ་རྟོལ་གྱི་ཡོད། དབྱི་ཐ་ལིའི་གྲགས་ཅན་བུད་མེད་གསར་འགོད་པ་ཧྥ་ལ་ཆིས་བཅར་འདྲི་ཞུ་རྒྱུ་ནི་བྱ་དངོས་ངོ་མ་འཚོལ་ཞིབ་བྱེད་པའི་དམག་འཁྲུག་ཅིག་རེད་བཤད་ཡོད། ཧྥ་ལ་ཆིས་ཅི་ཤིན་གེ་ལ་བཅར་འདྲི་ཞུས་པའི་ཐོག་ནས་བཅར་འདྲི་ཞུ་སྐབས་ཀྱི་ཚ་འདེད་ནུས་པ་ཆེན་པོར་གསལ་འགྲེལ་བྱས་ཡོད། ཅི་ཤིང་གེས་ཨ་རི་དེ་ཉིད་ཁ་སྐྱེངས་ག་བྱེད་འདི་བྱེད་མེད་པའི་ཝེ་ཐེ་ནམ་གྱི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་འདོད་མེད་རྐྱེན་རྐང་བཙུགས་ནས་གནད་དོན་དེ་ལས་གཡོལ་བའམ་ཐ་ན་གནད་དོན་དེ་གླེང་འདོད་བྱེད་ཀྱི་མེད། འོན་ཀྱང་ཧྥ་ལ་ཆིས་ཚ་འདེད་མཐར་ཕྱིན་པ་བཏང་ཡོད་པ་དཔེར་ན། གསར་འགོད་པས། གལ་ཏེ་ངས་མེ་མདའ་ཐུང་མདའ་ཁྱེད་ཀྱི་ཡ་མར་བཙུགས་ནས་ཁྱེད་ལ་རོན་ཝུན་ཧྲའོ་དང་ལི་ཏེ་ཧྲའུ་གཉིས་ཀྱི་ནང་ནས་གཅིག་བདམས་ཏེ་ཞལ་ལག་མཉམ་དུ་མཆོད་འཇུག་ན་ཁྱེད་ཀྱིས་སུ་འདེམས་སྲིད་དམ་ཞེས་བཀའ་འདྲི་ཞུས་པར། ཅི་ཤིང་གེས། གནད་དོན་དེར་ངས་ལན་འདེབས་མི་རུང་ཞེས་དང་། གསར་འགོད་པས། གལ་ཏེ་ངས་ཁྱེད་རང་གི་ཚབ་བྱས་ནས་ལན་བརྒྱབ་ན། ཁྱེད་རང་གིས་ལི་ཏེ་ཧྲའུ་དང་དགོང་མོའི་གསོལ་ཚིགས་མཉམ་དུ་མཆོད་འདོད་གནང་སྲིད། དེ་འདྲ་རེད་དམ་ཞེས་འདྲི་སྐབས། ཅི་ཤིང་གེས། མིན། མིན། ང་གནད་དོན་དེར་ལན་རྒྱག་འདོད་མེད་ཅེས་དང་། གསར་འགོད་པས། ད་འོ་ན་ཁྱེད་ནས་གནད་དོན་གཞན་ཞིག་ལ་ལན་སྐྱོན་ཐུབ་པ་འདུག་གམ། ཁྱེད་རང་ལི་ཏེ་ཧྲའུ་ལ་དགའ་པོ་ཡོད་དམ་མེད་ཅེས་དྲིས་པར། ཅི་ཤིང་གེས། དགའ་པོ་ཡོད་ཅེས་གསུངས་འདུག གསར་འགོད་པས། རོན་ཝུན་ཧྲའོ་བར་གྱི་འབྲེལ་བའི་ཐད་ཁྱེད་ནས་ཀྱང་གདེང་འཇོག་གཅིག་མཚུངས་གནང་སྲིད་དམ་ཞེས་དྲིས་ཡོད་པ་རེད། དེའི་སྐབས་སུ་ཅི་ཤིང་གེ་འུ་ཐུག་ཐབས་ཟད་ནས་དེ་སྔ་རོན་ཝུན་ཧྲའོ་དང་འབྲེལ་བ་ཡག་པོ་ཡོད། འོན་ཀྱང་ད་ཆ་དེ་སྔ་ལྟར་འབྲེལ་བ་ཟབ་མོ་མེད་ཅེས་ཁས་ལེན་མ་གནང་ཀ་མེད་བྱུང་ཡོད་འདུག དོན་དེའི་ཐོག་ནས་དེའི་རྗེས་ཀྱི་ཝེ་ཐེ་ནམ་གྱི་གནད་དོན་ཐད་ཀྱི་ཨ་རིའི་ལངས་ཕྱོགས་དང་རྣམ་འགྱུར་བསམ་ཚོད་ལྟར་གསལ་པོ་ཡིན་པ་མངོན་ཐུབ་ཡོད། གསར་འགོད་པ་ཧྥ་ལ་ཆིས་རྣོ་ངར་ཆེ་བ་དང་བློ་གྲོས་ལྡན་པའི་སྒོ་ནས་བཀའ་འདྲི་ཞུས་པ་བརྒྱུད་འཛམ་བུ་གླིང་ཡོངས་ནས་ཤེས་སུ་འདོད་པའི་དྲིས་ལན་མཐིལ་བརྟོལ་ཐུབ་པ་བྱུང་ཡོད།
བཞི། དྲང་པོ་དྲང་གཞག་བྱེད་དགོས།
བཅར་འདྲི་ཞུ་ཡུལ་ལ་བློ་དཀར་སེམས་དཀར་དང་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་བཅར་འདྲི་ཞུ་ཡུལ་གྱི་མྱོང་བ་དངོས་སུ་ཚོར་ཐུབ་པ་དང་གཡོ་ལྷད་མེད་པར་ལྷག་བསམ་ཟོལ་མེད་ཀྱི་ཐོག་ནས་བཅར་འདྲི་ཞུ་ཡུལ་གྱི་བློ་ཡིད་འགུག་ཐབས་བྱེད་དགོས་ཀྱི་ཡོད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ཡན་ཕིང་གིས་ཝང་ཧྲུན་ཡའུ་ལ་བཅར་འདྲི་ཞུས་པའི་བརྒྱུད་རིམ་ཐོག་ནས་དོན་དེ་གསལ་པོ་བསྟན་ཐུབ། ཀྲང་ཡན་ཕིང་གིས་ཡིག་སྐྱེལ་པ་ཝང་ཧྲུན་ཡིའུ་ལ་བཅར་འདྲི་ཞུ་སྐབས་དང་པོ་དཀའ་ངལ་ཆེན་པོ་བྱུང་ཡོད། གང་ཡིན་ཞེ་ན། ཝང་ཧྲུན་ཡིའུ་རོགས་མེད་ཁེར་རྐྱང་གིས་རི་ཁུལ་དུ་ཡི་གེ་སྐྱེལ་བའི་ལམ་དུ་ཞུགས་ནས་ལོ་མང་འགྲོ་གི་ཡོད་པས་ལྕེ་བདེ་པོ་མེད་པ་ལྐུགས་ཙམ་ཡོད། དེར་བརྟེན་གསར་འགོད་པ་ཀྲང་ཡན་ཕིང་གིས་ཁོ་དང་མཉམ་དུ་རི་ལམ་བརྒྱུད་ནས་ཉིན་གཉིས་ལྷག་ཕྱིན་མཐར་གཞི་ནས་ཁོའི་སེམས་པ་བཀུག་ཐུབ་ཙམ་བྱུང་ཡོད་ཅིང་། མཚན་མོ་ཞིག་གདོད་མའི་ནགས་ཚལ་ཞིག་ནང་ཚང་མས་མེ་ཕུང་གི་མཐའ་བསྐོར་ནས་ཞབས་བྲོ་བརྒྱབ་སྟེ་སྡོད་སྐབས་དུས་རྒྱུན་ལྐུགས་པ་ལྟར་སྐད་ཆ་ཉུང་བའི་ཝང་ཧྲུན་ཡིའུ་དགའ་པོ་བྱུང་ནས་ཞབས་བྲོ་རྒྱག་བཞིན་དུ་ཁ་ནས་དེ་རིང་དགོང་མོ་སྐྱིད་པོ་བྱུང་། དེ་སྨིན་ལམ་མིན་ནམ། མི་ལོ་ཉི་ཤུའི་ནང་རི་ལམ་འདིའི་ཐོག་མི་མང་པོ་དེ་ལྟར་འཕྲད་མྱོང་མེད། གལ་ཏེ་ཉིན་ལྟར་མི་མང་པོ་དེ་ལྟར་ཡོད་པ་ཡིན་ན་ཚེ་གང་རི་ལམ་འདིའི་ཐོག་སྐྱོད་དགོས་བྱུང་ནའང་གནོང་འགྱོད་མེད་ཅེས་བཤད་མཐར་མེའོ་རིགས་ཀྱི་ཕོ་གཞོན་དེས་ལག་པས་ཁ་བཀབ་ནས་ངུ་ཤོར་འདུག དེར་བརྟེན་བཅར་འདྲི་ཞུ་ལུགས་ཞུ་རྩལ་ཚང་མ་དྲང་བདེན་གྱི་རྨང་གཞིའི་ཐོག་འཇོག་དགོས་ཀྱི་ཡོད། ཀྲང་ཡན་ཕིང་གིས་དཀའ་ངལ་ལ་མ་འཛེམས་པར་ཁོང་དང་མཉམ་དུ་རི་ལམ་ཐོག་སྐྱོད་པའི་ལྷག་བསམ་ཐོག་ནས་སྐད་ཆ་ཉུང་བའི་ཡིག་སྐྱེལ་བ་དེའི་སེམས་པ་བཀུག་ཐུབ་པ་བྱུང་བ་དང་མཐར་མི་སེམས་འགུལ་བའི་རྒྱས་འཕྲིན་སོ་མ་མེ་ཏོག་དེ་ལྟར་དམར་མདངས་རྒྱས་དགོས་དོན་གང་ཡིན་ནམ་ཞེས་པའི་རྩོམ་ཡིག་དེ་འབྲི་ཐུབ་པ་བྱུང་ཡོད།
འགན་འཁུར་རྩོམ་སྒྲིག་པ། 罗布玉珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣