དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཞོག་ཁོག་ཁོག་ནག་དང་ཁོག་སྟོང་མི་ཆགས་པ་བྱེད་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-03-14

    ཞོག་ཁོག་ཁོག་ནག་དང་ཁོག་སྟོང་ཆགས་པ་དེ་ནི་སྐྱེ་དངོས་ཀྱི་ནད་རྟགས་ཤིག་ཡིན་ཏེ་ཞིབ་ཕྲའི་ནད་རྐྱེན་དང་། ནད་རྟགས། སྔོན་འགོག་བྱ་ཐབས་བཅས་གཤམ་གསལ།

    དང་པོ། ཞོག་ཁོག་གི་རྡོག་གཟུགས་སྡོང་རྐང་ནག་པོ་ཆགས་པའི་ནད།

    ནད་རྟགས། ཞོག་ཁོག་རྡོག་གི་ལྟེ་བའི་ནང་ངེས་བརྟན་མེད་པར་མདོག་སྔོན་པོ་དང་ནག་པོའི་རི་མོ་ཆགས་ཤིང་ཐ་ན་ཚབས་ཆེ་བའི་སྐབས་རྡོག་རིལ་གྱི་ཕལ་ཆེ་བའམ་ཡོངས་རྫོགས་ནག་པོར་འགྱུར་གྱི་ཡོད།

    ནད་རྐྱེན། དེ་ནི་ཞོག་ཁོག་གི་སྡོང་རྐང་ནང་དབྱང་རླུང་མི་འདང་བའི་རྐྱེན་ལས་བྱུང་བ་རེད། ཞོག་ཁོག་གསོག་ཉར་བྱེད་སྐབས་གསོག་ཉར་དོང་བུའི་ཁ་དམ་པོ་མ་བྱུང་བའམ་ཡང་ན་ཞོག་ཁོག་ཕུང་གསོག་ཆེ་དྲགས་པ། དེ་མིན་ ཞོག་ཁོག་འདེབས་འཛུགས་བྱེད་སའི་ས་རྒྱུ་སྨྱག་མཁྲེགས་ཆེ་བ་དང་རླུང་འགྲོ་མེད་པའི་རྐྱེན་གྱིས་ས་རྒྱུའི་ནང་དབྱང་རླུང་མི་འདང་བའི་སྟོབས་ཀྱིས་ནད་དེ་རིགས་ཐོན་པ་རེད། ཞོག་ཁོག་གི་ཁོག་པ་ནག་པོ་ཆགས་པ་དེ་དྲོད་ཚད་དང་འབྲེལ་བ་ཡོད་པ་རེད། སྤྱིར་ན་དྲོད་ཅུང་དམའ་པོ་ཡོད་ན་ནད་རྟགས་དེ་རིགས་ཐོན་འགོར་བ་དང་ཞོག་ཁོག་གི་ནད་སྐྱོན་ཡང་ཆུང་བ་ཡོད། དྲོད་ཚད་ཅུང་ཆེ་དྲགས་ན་ནད་དེ་རིགས་ཀྱང་ཐོན་མང་བ་ཡོད།

    3.སྔོན་འགོག་བྱེད་ཐབས། ཞོག་ཁོག་གསོག་ཉར་བྱེད་རིང་གསོག་ཉར་དོང་བུའམ་གསོག་ཉར་གྱི་རླུང་འགྲོའི་ཐད་ཡིད་གཟབ་བྱེད་དགོས་པ་དང་ཞོག་ཁོག་འདེབས་འཛུགས་བྱེད་སྐབས་ས་རྒྱུ་སོབ་སོབ་གདམ་རྒྱུ་དེ་གཉིས་གཙོ་བོ་ཡིན་པ་རེད།

    གཉིས་པ། ཞོག་ཁོག་གི་ཁོག་སྟོང་ཆགས་པའི་ནད།

    1.ནད་རྟགས། ཞོག་ཁོག་གི་རྡོག་རིལ་ཁོག་སྟོང་ཆགས་པའི་ནད་དེ་ཕལ་ཆེ་བ་ཞོག་རྡོག་གི་རྐང་མར་ཆགས་ཤིང་ཁོག་སྟོང་གི་བཟོ་ལྟ་མང་ཆེ་བ་སྐར་མའི་དབྱིབས་བཞིན་ཁ་འགྱེད་འགྲོ་བའི་བཟོ་ལྟའམ་ཡང་ན་ལེབ་ལེབ་ཡིན་པ་རེད། སྐབས་རེ་ཁོག་སྟོང་འགའ་ཕན་ཚུན་འབྲེལ་ཡོད་ཅིང་ཁོག་པའི་ངོས་སུ་ཁ་མདོག་དཀར་པོའམ་སྨུག་ནག་ཐོན་པ་དང་ཕྱི་ངོས་ནད་རྟགས་གང་ཡང་ཐོན་གྱི་མེད། སྤྱིར་ན་ཞོག་རྡོག་སྡོང་རྐང་ཆེ་བར་ཁོག་སྟོང་ཆགས་སླ་པོ་ཡོད།

    2.ནད་རྐྱེན། གཙོ་གནད་གཉིས་ཡོད་དེ། ཞོག་ཁོག་གི་རྡོག་རིལ་སྡོང་རྐང་སྦོམ་ཆེར་འགྲོ་བས་ཆུ་མང་དྲགས་པའམ་ཡང་ན་རྡོག་གཟུགས་སྡོང་རྐང་སྦོམ་ཆེར་མ་འགྲོ་གོང་ས་རྒྱུ་ཐན་སྐམ་ཆེ་བ་དང་རྗེས་སུ་ཧོབ་ཏེ་ཆུ་མང་བའི་རྐྱེན་གྱིས་སྡོང་རྐང་ནང་ཆུ་འཐེན་ཤུགས་ཆེ་རུང་སྡོང་རྐང་ནང་གི་སྐམ་ངོས་དེ་དག་ཡོངས་སུ་ཁ་མ་གང་བས་ཁོག་སྟོང་ཆགས་པ་རེད། དེ་མིན་རྫས་འགྱུར་ཅཱ་ལུད་མི་འདང་བས་ཞོག་ཁོག་གི་རྡོག་རིལ་ནང་བཅུད་ལྡན་རྒྱུ་ཆ་འཐེན་ཤུགས་འགོར་བའི་རྐྱེན་གྱིས་དུས་ཐོག་ཏུ་སྟོང་ཆ་ཁ་མ་གང་བར་བརྟེན་ཁོག་སྟོང་ཆགས་སླ་པོ་བྱུང་བ་རེད།

    3.སྔོན་འགོག་བྱེད་ཐབས། ཞོག་ཁོག་གི་སྡོང་རྐང་སྦོམ་དུ་འགྲོ་སྐབས་ཆུ་གཏོང་ཚད་རན་པོ་དགོས་པ་དང་ས་རྒྱུའི་གཤེར་ཚད་ཡང་ཚད་རན་པོ་དགོས་པ་མ་ཟད་ལུགས་མཐུན་གྱི་འདེབས་འཛུགས་སྲབ་མཐུག་རན་པོ་དང་། རྫས་འགྱུར་ཅཱ་ལུད་ཁ་སྣོན་རྒྱག་པ། ས་སྣོན་རྒྱག་རྒྱུར་ཡིད་གཟབ་བྱེད་པ་བཅས་བྱེད་དགོས་སོ།

    (ས་མཐོའི་གྲོང་གསེབ་གསར་པ)

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།