བསྐལ་པ་སྟོང་གི་ཇུས་ཆེན་དག་སློབ་གསོ་གང་གའི་རྒྱུན་ལ་ཐུག
སྟེང་ཆེན་གྱི་དེང་དུས་སློབ་གསོར་1951ལོ་ནས་ད་བར་ལོ་ངོ་60ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་དང་། སློབ་གསོའི་ལས་དོན་པ་མི་རབས་ཁ་ཤས་ཀྱིས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་དཀའ་ཚེགས་ཆེན་པོས་འབད་བརྩོན་བྱས་པ་བརྒྱུད། ལོ་རྒྱུས་ཀྱི་རིག་གནས་ཟབ་མོ་ལྡན་པ་མ་ཟད་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིངས་ཡོད།
2003ལོར“ལོ་དྲུག་གི་འོས་འགན་སློབ་གསོ”ཁྱབ་གདལ་གྱི་ཞིབ་བཤེར་རྩིས་ལེན་ཐུབ་པ་བྱུང་བ་དང་།
2005ལོར་ཡིག་རྨོངས་སེལ་བའི་ལས་དོན་གྱི་ལས་འགན་ལེགས་གྲུབ་བྱུང་བ།
2007ལོར“ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ”གྱི་ཞིབ་བཤེར་རྩིས་ལེན་ཐུབ་པ།
2011ལོར“གཞི་རྩའི་ཆ་གཉིས”དང“རྒྱལ་ཁབ་ཀྱི་ཞིབ་བཤེར”བདེ་བླག་ངང་ཞིབ་བཤེར་རྩིས་ལེན་ཐུབ་ཡོད།
མིག་སྔའི་བར། རྫོང་ཡོངས་སུ་རིམ་ཁག་དང་རིགས་ཁག་གི་སློབ་གྲྭ་87དང་བུ་བཅོལ་ཁང་42ཡོད།
སློབ་ཞུགས་གོང་གི་སློབ་གསོར་གྲུབ་འབྲས་གསར་པ་ཐོབ་པ།
ད་ཕན་ལོ་ཤས་རིང་། སྟེང་ཆེན་རྫོང་གིས་སློབ་ཞུགས་གོང་གི་སློབ་གསོར་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་མང་དུ་བཏང་སྟེ་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་སློབ་ཞུགས་གོང་གི་སློབ་གསོའི་སློབ་གྲྭ་བསྐྲུན་པར་བརྟེན་སློབ་ཞུགས་གོང་གི་སློབ་མའི་གཞི་ཁྱོན་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད།
2009ལོར་སྟེང་ཆེན་རྫོང་གི་ལྟེ་བའི་བུ་བཅོལ་ཁང་སློབ་འགོ་ཚུགས་པ་དང་།
2012ལོར་ཞེ་གཞུང་ཤང་ལྷ་མཐོང་གྲོང་ཚོ་གསར་པའི་བུ་བཅོལ་ཁང་སློབ་འགོ་ཚུགས་པ།
2013ལོ་དང་2014ལོར་ཤང(གྲོང་རྡལ)ཁག་གི་ལྟེ་བའི་སློབ་གྲྭར་ཞོར་གཏོགས་བུ་བཅོལ་ཁང་ཁྱོན་11བཙུགས་པ།
2015ལོར་སྟེང་ཆེན་རྫོང་ཧྭ་པེ་ཚོགས་པའི་སློབ་ཞུགས་གོང་གི་སློབ་གསོའི་ལྟེ་གནས་སློབ་འགོ་ཚུགས་པ།
2016ལོར་སྟེང་ཆེན་གྲོང་རྡལ་གྱི་བུ་བཅོལ་ཁང་དང་སྟེང་ཆེན་རྫོང་སློབ་འབྲིང་གི་ཡུག་ཁུལ་བུ་བཅོལ་ཁང་སློབ་འགོ་ཚུགས་ཡོད།
མིག་སྔར་སྟེང་ཆེན་རྫོང་གི་སློབ་ཞུགས་གོང་གི་བུ་བཅོལ་ཁང་གི་སློབ་མའི་མི་གྲངས་2947ཟིན་པ་དང་། བུ་བཅོལ་ཁང་དུ་སྐྱོད་མཁན་བྱིས་པ་2667ཡོད་པ་དང་བུ་བཅོལ་ཁང་དུ་སྐྱོད་ཚད་90.50%ཟིན་ཡོད། རྫོང་ཡོངས་སུ་བུ་བཅོལ་ཁང་42ཡོད་པའི་ནང་བུ་བཅོལ་ཁང་དང་སློབ་ཆུང་གཞི་གཅིག་ཅན་གྱི་བུ་བཅོལ་ཁང་26ཡོད། གོང་རིམ་ནས་བུ་བཅོལ་ཁང་གི་ཆེད་ལས་དགེ་རྒན་བརྩོན་ལེན་ཧུར་ཐག་བྱས་པ་དང་བུ་བཅོལ་ཁང་གི་དགེ་རྒན་གསོ་སྦྱོང་གི་ལས་དོན་གཏིང་ཟབ་སྤེལ་ཏེ་བྱང་ཚད་མཐོ་བའི་བུ་བཅོལ་ཁང་གི་དགེ་རྒན་དཔུང་ཁག་ཧུར་ཐག་བསྐྲུན་པར་བརྟེན་ད་ཆ་རྫོང་ཡོངས་ཀྱི་བུ་བཅོལ་ཁང་གི་དགེ་རྒན་གྱིས་སློབ་ཁྲིད་ལས་འགན་གྱི་དགོས་མཁོ་རྩ་བའི་ཆ་ནས་སྐོང་ཐུབ་ཡོད།
སློབ་གསོ་དམངས་ཕན་ལ་བརྟེན་ནས་སློབ་མ་གསོ་སྐྱོང་བྱས་པ།
ད་ཕན་ལོ་ཤས་རིང་། སྟེང་ཆེན་རྫོང་གི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་སློབ་གསོའི་སྲིད་འཛིན་སྡེ་ཚན་གྱི་ཐུགས་ཁུར་རྒྱབ་སྐྱོར་དང་སློབ་གསོའི་བོད་སྐྱོར་གྱི་རོགས་རམ་འོག སློབ་གཉེར་གྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། 2013ལོར་སློབ་གསོའི་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་ལ་སྒོར་ཁྲི་7144བཏང་བ་དང་། 2014ལོར་སློབ་གསོའི་རྨང་གཞིའི་འཛུགས་སྐྲུན་གྱི་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་4944བཏང་བ། 2015ལོར་སློབ་གསོའི་རྨང་གཞིའི་འཛུགས་སྐྲུན་གྱི་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་5209བཏང་བ། 2016ལོར་སློབ་གསོའི་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་3168བཏང་བ་རེད།
མིག་སྔའི་བར་སྟེང་ཆེན་རྫོང་དུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་87ཡོད་པ་དང་དམའ་རིམ་སློབ་འབྲིང་དང་། སློབ་ཆུང་། སློབ་ཞུགས་གོང་གི་སློབ་གསོ། ལས་རིགས་སློབ་གསོ་སོགས་ཡོད། སློབ་གཉེར་གྱི་ཆ་རྐྱེན་ལེགས་སུ་ཕྱིན་པར་བརྟེན་སྟེང་ཆེན་རྫོང་གི་སློབ་གཉེར་གྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་སློབ་མ་སློབ་གྲྭར་ཞུགས་ཚད་དེ་སྔ་དང་བསྡུར་ན་མང་དུ་ཕྱིན་ཡོད།
མིག་སྔར་རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་སློབ་ཞུགས་གོང་གི་བྱིས་པ་སློབ་གྲྭར་སྐྱོད་པའི་གནས་ཚུལ་དེ་སྔ་དང་བསྡུར་ན་ལེགས་སུ་ཕྱིན་ཏེ་སློབ་ཞུགས་གོང་གི་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད་90.50%ཟིན་པ་དང་། སློབ་ཆུང་སློབ་མ་སློབ་གྲྭར་ཞུགས་ཚད་98.01%ཟིན་པ། སློབ་འབྲིང་སློབ་མ་སློབ་གྲྭར་ཞུགས་ཚད་81.11%ཟིན་ཡོད།
སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་ཕྱིན་པ།
ད་ཕན་ལོ་ཤས་རིང་། སྟེང་ཆེན་རྫོང་གི་སློབ་གསོའི་ཁོངས་གཏོགས་ཀྱིས་སློབ་གསོའི་སྤུས་ཚད་ཀྱི་བྱ་དགའ་ཆད་གཅོད་ཀྱི་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་རིགས་ཁག་གི་སློབ་ཞིབ་ལས་དོན་ཚད་ལྡན་དུ་བཏང་བར་བརྟེན་རྫོང་ཡོངས་ཀྱི་སློབ་གསོ་སྤུས་ཚད་མཐོ་རུ་ཕྱིན་ཡོད།
དེ་དང་ཆབས་ཅིག་སྟེང་ཆེན་རྫོང་གིས་དགེ་རྒན་གྱི་སློབ་གསོ་དང་གསོ་སྦྱོང་གི་གྲོན་དངུལ་སྔོན་རྩིས་བཀོད་སྒྲིག་ནང་བཞག་ནས་བྱང་ཚད་མཐོ་བ་དང་འགན་སེམས་ཆེ་བའི་དགེ་རྒན་དཔུང་ཁག་གཅིག་ཧུར་ཐག་བསྐྲུན་པ་མ་ཟད། རྫོང་རང་དུ་གསོ་སྦྱོང་བྱེད་པ་དང་ཕྱིར་རྟོག་ཞིབ་དང་སློབ་སྦྱོང་དང་སྤེལ་རེས་བྱེད་པའི་བྱེད་སྒོ་ཧུར་ཐག་སྤེལ་བ་རེད།
གཞི་གྲངས་བསྡོམས་རྩིས་ལ་གཞིགས་ན། 2016ལོར་རྫོང་དེ་རང་གི་གསོ་སྦྱོང་ལས་དོན་སྤེལ་བར་མི་60ཙམ་ཞུགས་ཡོད་པ་དང་། དྲ་བའི་རྒྱང་ཁྲིད་གསོ་སྦྱོང་ལས་དོན་སྤེལ་ནས་དགེ་རྒན་500ཙམ་གསོ་སྐྱོང་བྱས་ཡོད་པ་རེད།
རྫོང་དེའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་འབྱུང་འགྱུར་སྐོར་གླེང་སྐབས་སྟེང་ཆེན་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ལེའུ་ཧྲུན་ཝུའུ་ཡིས་སླད་ཕྱིན“སློབ་ཞུགས་གོང་གི་སློབ་གསོའི་རིམ་སྤོར་ལས་དོན་ལ་དམ་འཛིན་དང་། འོས་འགན་སློབ་གསོའི་དོ་སྙོམས་ལ་དམ་འཛིན། ལས་རིགས་སློབ་གསོར་ཚད་བརྒལ་ཡོང་རྒྱུར་བརྩིགས་ཆེན”བཅས་ཀྱི་གཞི་རྩའི་བསམ་ཕྱོགས་མུ་མཐུད་མཐའ་འཁྱོངས་བྱས་ནས་ཏང་དང་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་ཞིག་གཉེར་རྒྱུ་ཡིན་ཞེས་བཤད།