ཉིན་ཤས་གོང་རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས《ཕྲུ་གུ་དམར་འབྱར་དང་བྱིས་པའི་རམ་འདེགས་བཟའ་བཅའི་ཐོན་སྐྱེད་ཆོག་འཐུས་ཞིབ་བཤེར་གྱི་ཞིབ་སྲོལ(2017ལོ)》ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་ཐུམ་ཆུང་རྒྱག་པའི་ཐོག་ནས་ཕྲུ་གུ་དམར་འབྱར་དང་བྱིས་པའི་རམ་འདེགས་བཟའ་བཅའ་ཐོན་སྐྱེད་བྱེད་མི་ཆོག་པ་དང་ཕྲུ་གུ་དམར་འབྱར་དང་བྱིས་པའི་རམ་འདེགས་བཟའ་བཅའི་ཐུམ་སྒྲིལ་ཆེན་པོའི་ཐོན་ཟོག་ཐོན་སྐྱེད་བྱེད་པ་མ་ཟད། ཕྲུ་གུ་དམར་འབྱར་དང་བྱིས་པའི་རམ་འདེགས་བཟའ་བཅའི་མཐར་གཏུགས་བྲིན་ཚོང་ཐུམ་སྒྲིལ་ཐོན་ཟོག་ཐོན་སྐྱེད་མི་བྱེད་པའི་རིགས་ལ་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་སྤྲོད་མི་ཆོག་པའི་བླང་བྱ་བཏོན་ཡོད།
ཞིབ་སྲོལ་ནང་ཕྲུ་གུ་དམར་འབྱར་དང་བྱིས་པའི་རམ་འདེགས་བཟའ་བཅའི་ཐོན་སྐྱེད་ཆོག་འཐུས་ཀྱི་བླང་བྱ་སྔར་བས་མཐོ་རུ་བཏང་ཞིང་། ཞིབ་སྲོལ་ནང་ཕྲུ་གུ་དམར་འབྱར་དང་བྱིས་པའི་རམ་འདེགས་བཟའ་བཅའ་ཐོན་སྐྱེད་ཁེ་ལས་ཀྱིས་ཐོག་མའི་རྒྱུ་ཆ་བཟོ་གྲྭར་འཐེན་པ་ནས་ཕྱིར་ཚོང་བྱེད་པའི་བར་གྱི་བརྒྱུད་རིམ་གྱི་སྤུས་ཚད་ལ་ཚོད་འཛིན་བྱས་ནས་སྤུས་ཚད་དོ་དམ་གྱི་བླང་བྱར་ནན་པོ་གཞིགས་པ་དང་། ཐོན་སྐྱེད་བྱེད་ས་དང་། ཁོར་ཡུག བཟོ་གྲྭའི་སྒྲིག་ཆས་བཅས་ཀྱི་གཏན་འབེབས་ཁ་གསལ་དུ་གཏོང་བ། ཐོན་སྐྱེད་སྒྲིག་ཆས་ཁག་གཅིག་གི་བླང་བྱ་མཐོ་རུ་གཏོང་བ། ཐོན་སྐྱེད་དོ་དམ་དང་ཐོན་སྐྱེད་རྒྱུ་ཆ་དོ་དམ་ཚད་ལྡན་དུ་གཏོང་བ། ཞིབ་སྤེལ་དང་ཞིབ་དཔྱད་བྱེད་ནུས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཞིབ་སྲོལ་ནང་ཐོན་སྐྱེད་ཁེ་ལས་ཀྱིས་ཐོན་ཟོག་ཁུངས་འདེད་ལམ་ལུགས་དང་དེ་བཞིན་གློག་རྡུལ་ཆ་འཕྲིན་ཅན་དོ་དམ་ཐོ་འགོད་མ་ལག་བཙུགས་ནས་ཐོན་ཟོག་གི་ཐོག་མའི་རྒྱུ་ཆ་ཉོ་སྒྲུབ་དང་། ཐོན་སྐྱེད་ལས་སྣོན། བཟོ་གྲྭ་ནས་ཐོན་པའི་ཞིབ་བཤེར་བཅས་ནས་ཁྲོམ་རར་བྲིན་ཚོང་བྱེད་པའི་བར་ཚང་མར་ཟིན་ཐོ་ཡོད་པ་བྱས་ཏེ་ལྷུ་ཚིགས་ཚང་མ་ཁུངས་འདེད་བྱ་རྒྱུ་ཡོད་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཕྲུ་གུ་དམར་འབྱར་དང་བྱིས་པའི་རམ་འདེགས་བཟའ་བཅའ་ཅེས་པ་ནི་ཟླ་དྲུག་ནས་ལོ་གསུམ་བར་གྱི་ཕྲུ་གུ་དམར་འབྱར་དང་བྱིས་པར་མཁོ་སྤྲོད་བྱེད་པའི་འབྲུ་རིགས་ཀྱི་རམ་འདེགས་བཟའ་བཅའ་དང་ཕྲུ་གུ་དམར་འབྱར་དང་བྱིས་པའི་ལྕགས་ཀྲིན་རམ་འདེགས་བཟའ་བཅའ་དང་དེ་བཞིན་ཟླ་དྲུག་ནས་ལོ་གསུམ་བར་གྱི་ཕྲུ་གུར་དམར་འབྱར་དང་བྱིས་པ་དང་དེ་བཞིན་ལོ་གསུམ་ལྷག་ཙམ་ནས་ལོ་ལྔ་བར་གྱི་བྱིས་པའི་བཟའ་བཅར་སྤྱོད་པའི་འཚོ་བཅུད་ཁ་གསབ་ཐོན་ཟོག་ལ་ཟེར་གྱི་ཡོད།