དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལ་དོན་གྱི་ཕྲད་འཕྲི་བ་ལས་ཐོན་པའི་སྐྱོན་ཆ་ཅུང་ཟད་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-01-27

    དེ་ཡང་སུམ་རྟགས་དག་གསུམ་གྱིས་ལྟེ་བར་བྱས་པའི་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་རྣམས་ནི་སློབ་དཔོན་ཨ་ནུས་གཙོས་པའི་བོད་ཁ་བ་གངས་ཅན་གྱི་རིམ་བྱོན་མཁས་གྲུབ་དང་ཡིག་མཁན་དམ་པ་དག་གིས་བོད་སྐད་རང་གི་སྐད་གདངས་ཀྱི་གནས་སྟངས་གནས་ལུགས་ལ་གཞི་བཅོལ་བ་གང་ཞིག བོད་སྐད་ཀྱིས་བསྟན་པའི་བརྗོད་བྱ་ཇི་བཞིན་ཡིག་ཐོག་ཏུ་མཚོན་ཆེད་མཛད་པ་ཡིན། བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་མཛད་མཁན་ཀུན་གྱིས་བོད་ཡིག་གི་ཚིག་འགྲོས་དང་ཁྱད་ཆོས་རྣམས་ངེས་པར་དུ་སུམ་རྟགས་དག་གསུམ་དང་བསྟུན་ནས་བཟོ་བ་ལས་ཞྭ་དཔེ་ལྷམ་འགེབས་ཀྱིས་རང་གི་འདོད་ཞེན་ནམ་ཡང་ན་སྐད་རིགས་གཞན་གྱི་ཤན་ཤུགས་ཀྱིས་བོད་ཡིག་གི་བརྡ་སྤྲོད་གཞུང་དང་མི་མཐུན་པ་ཐོན་རྒྱུ་སྔོན་འགོག་བྱེད་དགོས། གཤམ་དུ་ཁོ་བོས་སློབ་གཉེར་གྱི་ལམ་དུ་ཞུགས་པའི་ལས་དང་པོ་བའི་ཁྲོད་དུ་ལྷག་པའི་གནད་དོན་དང་དེ་སློབ་ཁྲིད་སློབ་གསོའི་ནང་དུ་སེལ་ཐབས་བྱས་པའི་མྱོང་བ་ཐར་ཐོར་དཔྱད་གཞིར་བསམས་ནས་སྤྱན་བསྟར་དུ་ཕུལ་ལགས་ན། ནོར་འཕྱུག་འགལ་འཛོལ་ཅི་མཆིས་བླང་དོར་མི་ནོར་བ་དང་སྐྱོན་སེལ་དགེ་སྤེལ་ཡོང་བའི་འདུན་པ་འགོག་མེད་དུ་འཆང་བཞིན་སྐབས་བབ་ཀྱི་བརྗོད་བྱ་གཤམ་གསལ།

    དེང་སྐབས་སྐད་ཡིག་སྣ་ཚོགས་སྤེལ་རེས་དང་མཉམ་འདྲེས་སོང་བའི་དབང་གིས། བོད་རིགས་སློབ་གཉེར་བ་རྣམས་ཀྱིས་བོད་སྐད་ཀྱི་ཕྲད་དང་རྣམ་དབྱེ་རྐྱེན་རྣམས་སྣང་མེད་ཧོལ་རྒྱུག་སོང་བ་དང་། སྔར་ཡོད་ཀྱི་མིང་བརྡ་དང་ཐ་སྙད་མང་པོ་ཁོང་དུ་ཆུད་ཐབས་མི་བྱེད་པར། སྒྲ་ཙམ་ཐོན་པས་འགྲིག་ཐབས་ཀྱིས་གང་དགའ་གང་དྲན་དུ་འབྲི་སྤྱོད་བྱེད་པའི་གནས་ཚུལ་ཅི་རིགས་པ་ཐོན་དང་ཐོན་མུས་ཡིན་གཤིས། ལྷག་པར་དུ་ལ་དོན་གྱི་ཕྲད་སྦྱོར་ཚུལ་མི་ཤེས་པའམ་ཕྲད་མ་སྦྱར་བའི་བརྗོད་པ་མང་པོ་ལག་ལེན་གྱི་ནང་དངོས་སུ་མཐོང་རྒྱུ་ཡོད་པ་སྟེ། དཔེར་ན། ལྷོ་ཁའི་གནའ་ཤུལ་མང་པོ་ཡོད། རིག་གནས་གཅེས་སྤྲས་ཀྱིས་སློབ་གཉེར་བྱེད་དགོས། གད་སྙིགས་སྣ་ཚོགས་ཀྱི་གཞིས་ཁྱིམ་འགྱུར་དོན་གང་ཡིན། གྲྭ་གྲོང་ཕོ་མོའི་དབྱེ་བ་མེད་པ། ཁྱོད་ཀྱི་རྣ་ལམ་གྲགས་བཞིན་པའི་རོལ་དབྱངས་ཞེས་པ་ལྟ་བུ་ལ་དོན་གྱི་ཕྲད་མ་སྦྱར་བའམ། ཡང་ན་སྦྱོར་མི་ཤེས་པའི་གནས་ཚུལ་སློབ་མའི་རྒྱུན་གཏན་གྱི་སྦྱང་གཞི་དང་རང་རང་གི་དགའ་མོས་ཀྱིས་བྲིས་པའི་རྩོམ་ཡིག་ནང་ཤིན་ཏུ་མང་པོ་མཐོང་ཆོས་སུ་གྱུར། ཁོ་བོས་འདིར་བརྗོད་གཞི་འཚོལ་ཐབས་སུ་རྟོག་བཟོ་དང་འཁྱོག་བརྗོད་བྱས་པ་ནི་མིན་ནོ། དེའི་ཕྱིར་གནད་དོན་འདི་བཞིན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཏུ་བསམས་ནས། གོང་གསལ་དཔེར་བརྗོད་ཁག་གཞིར་བྱས་ཀྱིས་ཅུང་ཟད་ཅིག་གླེང་བར་བྱའོ།

    དེ་ཡང་གོང་གསལ་གྱི་དཔེར་བརྗོད་རྣམས་ལ་རང་ཅག་ཚོས་བོད་རང་གི་སྐད་ཆའི་འགྲོ་སྟངས་ཁྱད་ཆོས་དང་བསྟུན་པ་དང་། ཕྲད་ཀྱི་བྱེད་ལས་ལ་གཞི་བཅོལ་ནས་བསམ་གཞིག་དང་དབྱེ་ཞིབ་ཅུང་ཟད་ཅིག་བྱས་ན། ལྷོ་ཁའི་གནའ་ཤུལ་མང་པོ་ཡོད་ཅེས་པའི་བརྗོད་པ་འདི་ཐད་ཀར་བཀླགས་ན་སྐྱོན་མེད་ཅིག་ཏུ་མཐོང་ཡང་སྲིད་མོད། ཡིན་ནའང་ང་ཚོས་བརྗོད་པ་དེ་ཁ་ཕྲལ་ཏེ་བསམ་བློ་ཞིབ་པར་བཏང་ན། ཐོག་མར་ཡོད་ཅེས་བརྗོད་ཚེ། ག་རེ་ཡོད་ཅེས་པའི་འདྲི་ཚིག་འདི་རང་ཤུགས་སུ་ཐོན་ཡོང་བ་དང་། དྲི་བ་འདི་ལ་བབ་པའི་ལན་ནི་གནའ་ཤུལ་ཡོད་ཅེས་པ་རེད། ཡང་ཇི་ཙམ་ཡོད་ཅེས་འདྲི་དུས། མང་པོ་ཡོད་ཟེར་ལ། གང་དུ་ཡོད་ཅེས་འདྲི་དུས་ལྷོ་ཁར་ཡོད་ཅེས་ཟེར་དགོས་པ་རེད། དེས་ན་ལྷོ་ཁ་ནི་ཡུལ་ལམ་གནས་གཞི་ཡིན་པ་དང་། གནའ་ཤུལ་ནི་གནས་པའམ་གནས་དངོས་ཡིན་དགོས། དེ་ལྟར་ན་བརྗོད་པ་འདི་དངོས་གནས་བྱས་ན་ལྷོ་ཁར་གནའ་ཤུལ་མང་པོ་ཡོད་ཅེས་གནས་གཞི་ལྷོ་ཁ་ཡིན་པས་ལྷོ་ཁར་རམ་ལྷོ་ཁ་ལ་ཞེས་ལ་དོན་གྱི་ཕྲད་སྦྱོར་དགོས་པ་དང་ཆབས་ཅིག སློབ་མ་རང་ཉིད་ཀྱི་ཐོག་མའི་བསམ་དོན་ཡང་འདི་རང་ཡིན་པ་རྩོམ་ཡིག་གི་གོང་འོག་གི་ནང་དོན་ལས་བདེ་བླག་ཏུ་རྟོགས་སུ་ཡོད་མོད། གལ་ཏེ་ལྷོ་ཁའི་གནའ་ཤུལ་ཞེས་པ་ཁོ་ནར་བསམས་ན་སྐྱོན་གང་ཡང་མེད་ཀྱང་། ཚིག་མཇུག་གི་མང་པོ་ཡོད་ཅེས་སྦྲེལ་ཡོང་དུས་དོན་ཡང་ཡོངས་སུ་འགྱུར་བ་སྟེ། གནའ་ཤུལ་ཁྱད་གཞི་དང་ལྷོ་ཁ་ཁྱད་ཆོས་སུ་འགྱུར་ནས་ལྷོ་ཁ་ཧྲིལ་པོ་གནའ་ཤུལ་དུ་སོང་བ་དང་། རྗོད་ཚིག་འདིའི་དོན་ཡང་གནའ་ཤུལ་ཡིན་པའི་ལྷོ་ཁ་དེ་ས་ཆ་ངེས་མེད་དུ་མང་པོ་མཐོང་རྒྱུ་ཡོད་པའི་དོན་དུ་ཆགས་པ་རེད། དེ་བཞིན་དུ་རྗོད་ཚིག་གཞན་རྣམས་ལ་ཡང་དཔྱད་པ་འདི་ལྟར་བྱས་པས་ཆོག ཡིན་ནའང་བརྗོད་པ་འགའ་ཞིག་ནི་རིགས་པས་དཔྱད་ཀྱང་མི་བཟོད་པ་ཡིན་ཏེ། གད་སྙིགས་སྣ་ཚོགས་ཀྱི་གཞིས་ཁྱིམ་གྱུར་དོན་གང་ཡིན། གྲྭ་གྲོང་ཕོ་མོའི་དབྱེ་བ་མེད་པ། ཁྱོད་ཀྱི་རྣ་ལམ་གྲགས་བཞིན་པའི་རོལ་དབྱངས་ཞེས་པ་རྣམས་ལ་དཔྱད་པ་འཇུག་པར་མི་འགྱུར་བ་ཡིན། ཅིའི་ཕྱིར་ཟེར་ན། རྗོད་ཚིག་འདི་རྣམས་ལ་ངེས་པར་དུ་ཡོད་དགོས་པའི་ལ་དོན་གྱི་ཕྲད་མ་བྲིས་པས་དོན་འདི་ཡིན་ཞེས་བསྟན་དུ་མེད་པར་བརྟེན། བརྗོད་བྱའི་སྙིང་པོས་སྟོང་པའི་རྗོད་ཚིག་ལ་དཔྱད་དོན་མེད་ལ་དཔྱད་ཀྱང་སྙིང་པོ་གསར་དུ་ལོན་དུ་མེད་དེ། ཆུ་དཀྲོག་པ་ལས་མར་གྱི་སྙིང་པོ་མི་དོན་པའི་ཕྱིར་རོ། འོ་ན་བརྗོད་བྱ་ཞིག་བསྟན་དུ་ཡོད་པ་ཇི་ལྟར་བྱེད་ཅེ་ན། བོད་སྐད་ཀྱི་འགྲོ་ལུགས་ཁྱད་ཆོས་དང་བརྡ་སྤྲོད་ཀྱི་གཞུང་ལུགས་ལ་བསྟུན་ན་ངེས་པར་དུ་ལ་དོན་གྱི་ཕྲད་རེ་རེ་ཁ་སྣོན་དུ་སྦྱར་དགོས་པ་སྟེ། གད་སྙིགས་སྣ་ཚོགས་ཀྱི་གཞིས་ཁྱིམ་དུ(ལ)གྱུར་དོན་གང་ཡིན། གྲྭ་གྲོང་དུ(ལ)ཕོ་མོའི་དབྱེ་བ་མེད་པ། ཁྱོད་ཀྱི་རྣ་ལམ་དུ(ལ)གྲགས་བཞིན་པའི་རོལ་དབྱངས་ཞེས་བརྗོད་ན་ཅིར་འགྱུར་གཟིགས་ཤིག དེ་བཞིན་དུ་རིག་གནས་ལ་གཅེས་སྤྲས་ཀྱིས་སློབ་གཉེར་བྱེད་དགོས། ཞེས་བྲིས་ན་གཅིག་ནས་བོད་སྐད་ཀྱི་འགྲོ་སྟངས་དང་མཐུན་ཞིང་། གཉིས་ནས་སུམ་ཅུ་པའི་ཕྲད་རྣམ་དབྱེའི་རྐྱེན་གྱི་སྦྱོར་ཚུལ་དང་ཡང་མི་འགལ་བའི་ཐོག དོན་ལ་ཡང་སྦྱོར་བས་ཡིག་མེད་ཀྱི་མིས་ཀྱང་ཚིག་རྗེས་དོན་གོ་བ་ཡང་གོར་མ་ཆག

    སྐད་ཡིག་གི་ལམ་སྟོན་པ་ཞིག་ཡིན་པའི་ངོས་ནས། རང་ཅག་དགེ་རྒན་ཚོས་རྗེས་རབས་པའི་འཚར་ལོངས་དང་བོད་སྐད་ཡིག་གི་ཁྱད་ཆོས་སྲུང་འཛིན་དང་བརྒྱུད་སྤེལ་གྱིས་བློ་གསར་དོན་གཉེར་ཅན་རྣམས་ཀྱི་འཁྲུལ་བ་སེལ་ཅི་ནུས་དང་གོལ་ས་གཅོད་གང་ཐུབ་ལ་འབད་དགོས་པ་འདུག་སྟེ། དེ་ཡང་ཆོས་རྗེ་ས་སྐྱ་པཎྚི་ཏས། བློ་ཅན་རྣམས་ལ་ཟབ་རྒྱ་ཆེ། བློ་ཆུང་གོ་བདེ་འཛིན་སླ་བ། ཞེས་གསུངས་པ་ལྟར་ལས་དང་པོ་བའི་སློབ་འབྲིང་སློབ་མ་བ་རྣམས་ནི་གོ་ཐོས་དང་བསམ་རྒྱ། མྱོང་བ་དང་རིག་སྟོབས་སོགས་ཕྱོགས་གང་ཅིའི་ཐད་ནས་ཟབ་ཅིང་རྒྱ་ཆེ་བའི་དོན་བསྟན་པའི་ཡུལ་མིན་པས། ངེས་པར་དུ་བབ་བསྟུན་གྱི་ཐབས་ཤེས་ཏེ་གོ་བདེ་ལ་ཤེས་སླ་བ། འཛིན་སླ་བ་ཞིག་ཏུ་འགྲེལ་རྒྱུ་ནི་གནད་ཀྱི་དམ་པ་ཡིན་ཕྱིར། ལ་དོན་གྱིས་གཙོས་པའི་ཕྲད་དང་རྣམ་དབྱེའི་རྐྱེན་སྦྱོར་ལུགས། དེ་བཞིན་སུམ་ཅུ་པའི་གཞུང་དོན་ཇི་བཞིན་མ་ནོར་མ་འཕྱུགས་མ་འཛོལ་བར་གོ་བདེ་ཤེས་སླ་བ་ཞིག་སློབ་ཐུབ་པ་དང་། རྗོད་ཚིག་སྤེལ་སྟངས་ཐད་བོད་སྐད་ཀྱི་ངེས་སྲོལ་ཁྱད་ཆོས་ཇི་བཞིན་དུ་ཡོང་ཐབས་སུ་ཐབས་བརྒྱ་ཇུས་སྟོང་དང་བློ་རྒོད་ཇི་ཡོང་ལ་ཐུགས་བཞེས་མཛད་རྒྱུ་ནི་ཕྲག་སྟེང་དུ་བབས་པའི་འགངས་ཆེའི་ལས་འགན་ཞིག་ཏུ་མཐོང་བས། བློ་མིག་གི་ནད་བཅོས་མཁན་པོ་བཤེས་གཉེན་གྱི་མཚན་བཟང་བཅངས་པའི་རིགས་མཐུན་པ་རྣམས་ཀྱིས་གཡས་གཞོགས་གཡོན་འདེགས་དང་ཕྱར་བ་གྲུ་འདེགས་ཡོང་བའི་འདུན་པ་བཟང་པོ་འཆང་བཞིན་ཡོད། (ལྷོ་ཁ་གྲོང་ཁྱེར་ཤར་འོད་སློབ་འབྲིང་སྐད་ཡིག་སློབ་དཔྱོད་ཁང་གི་ཚེ་རིང་རྡོ་རྗེས)

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།