དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་གཉེར་རྐང་དྲུག་བུང་བ་ཡིས། ཤེས་བྱའི་རྩི་བཅུད་དགའ་བས་མྱོང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-01-27

    བགྲང་བྱ་བཅུ་ཕྲག་འབད་པ་བྱས་པ་བརྒྱུད་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་སློབ་གསོའི་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་ནས་སློབ་ཞུགས་གོང་གི་སློབ་གསོ་དང་། འོས་འགན་སློབ་གསོ། དར་མའི་ལས་རིགས་སློབ་གསོ་བཅས་ཚུད་པའི་དེང་རབས་ཀྱི་མི་རིགས་སློབ་གསོའི་མ་ལག་ཅིག་རགས་ཙམ་ཆགས་ཏེ་ཉིན་བཞིན་གོང་དུ་འཕེལ་བའི་རྣམ་པ་ཞིག་མངོན་བཞིན་ཡོད།

    སྐབས་རིམ་བྱུང་གི་ཁྲེང་ཀོན་ཆུས་ཏང་ཨུད་དང་སྲིད་གཞུང་གིས་སློབ་གསོའི་ལས་དོན་ལ་མཐོང་ཆེན་པོ་གནང་བ་དང་། ལྷག་པར་དུ་ཉེ་བའི་ལོ་འགའི་རིང་ཁྲེང་ཀོན་ཆུས་ཀྱིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་སློབ་གསོའི་སྒྱུར་བཅོས་དང་འཕེལ་རྒྱས་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱ་ཡུལ་གལ་ཆེན་ཞིག་ཏུ་བརྩིས་ཏེ། སྔོན་ལ་བཀོད་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། 2013ནས་2015ལོའི་ལོ་གསུམ་ནང་བསྡོམས་སྒོར་དུང་ཕྱུར་4.85ལྷག་ཙམ་བཏང་ནས། ལོར་ཆ་སྙོམས་མ་དངུལ་གཏོང་ཚད་རིམ་མཚུངས་ནོར་སྲིད་ཡོང་འབབ་ཀྱི་26%ཟིན་པ་མ་ཟད། གོང་རིམ་ནས་མ་དངུལ་སྒོར་དུང་ཕྱུར་3.009རག་ཐབས་བྱས་པའི་ནང་། རྒྱལ་ཁབ་ཀྱིས་སྒོར་དུང་ཕྱུར་1.56དང་རང་སྐྱོང་ལྗོངས་དང་དེ་བཞིན་ལྷ་ས་གྲོང་ཁྱེར་གྱིས་སྒོར་དུང་ཕྱུར་1.449བཏང་ཡོད། ཁྲིམས་ལུགས་དང་། ལམ་ལུགས། ལམ་སྲོལ་བཅས་ཆ་ལག་ཚང་བའི་སྒྱུར་བཅོས་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་པ་དང་། ཡང་སྒོས་སུ་2014ལོར་ཁྲེང་ཀོན་ཆུས་ཨུད་ཀྱིས《ཚན་རིག་དང་སློབ་གསོར་བརྟེན་ནས་ཁྲེང་ཀོན་ཆུས་དར་རྒྱས་ཡོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་རྒྱུ་དང་སློབ་གསོ་དེང་རབས་སུ་འགྱུར་བའི་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཏོན་པའི་ནང་། སྟོབས་ཤུགས་ཡོད་དོ་ཅོག་གཅིག་སྡུད་དང་སྐོང་འཐེན་བྱས་ནས། ནུས་ཤུགས་ཡོད་རྒུས་སློབ་གསོ་འཕེལ་རྒྱས་སྟོབས་ཆེའི་ཆུས་ཤིག་ཏུ་བསྐྲུན་ཏེ། སློབ་གསོ་ཁྲེང་ཀོན་ཆུས་ཀྱི་སྤུས་རྟགས་གལ་ཆེན་ཞིག་ཏུ་ཆགས་པ་དང་སློབ་གསོའི་ལེགས་ཆ་ཁྲེང་ཀོན་ཆུས་ཀྱི་འབུར་དུ་ཐོན་པའི་བཟང་ཆ་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་བསྟན་ཡོད།

    སློབ་ཡོན་སྤྲོད་མི་ཐུབ་པའི་དཀའ་ངལ་བསལ་བ།

    བསྟན་རྒྱས་གླིང་སྡེ་ཁུལ་དུ་སྡོད་པའི་མ་མཐའི་འགན་ལེན་གྲོང་མི་དབང་པོ་སྐྱོན་ཅན་ཆུང་བདག་ནི་དབང་པོ་སྐྱོན་ཅན་དུ་གྱུར་པའི་དབང་གིས་ངལ་རྩོལ་ནུས་ཤུགས་མེད་པའི་ཁར། 2013ལོར་བཟའ་ཟླ་ནད་ཀྱིས་མནར་ནས་གྲོངས་པ་རེད། གྲོང་ལྷན་གྱིས་ཁོ་པའི་ཁྱིམ་གྱི་དཀའ་ངལ་དོན་དངོས་ཡིན་པར་བསམས་ནས། མ་སྨད་གཉིས་མ་མཐའི་འཚོ་བ་འགན་ལེན་ནང་བཅུག 2015ལོར་ཆུང་བདག་གི་བུ་མོ་བསྟན་འཛིན་ཆོས་དབྱིངས་ཧྲེ་ཅ་ཀྲོང་དཔལ་འབྱོར་ལས་རིགས་སློབ་གྲྭར་རྒྱུགས་འཕྲོད་པ་དང་། 《སློབ་ཆེན་འགྲིམ་མུས་ཀྱི་སློབ་མར་རོགས་དངུལ་ལམ་ཡང་ན་བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་ཁྲེང་ཀོན་ཆུས་ཀྱི་གནས་སྐབས་བྱ་ཐབས》ལ་གཞིགས་ནས། གྲོང་ལྷན་གྱིས་བསྟན་འཛིན་ཆོས་དབྱིངས་ཀྱི་སློབ་ཡོན་རྩིས་ཞུ་བྱས་ཏེ་བློ་བདེའི་ངང་སློབ་གྲྭར་འགྲོ་ཐུབ་པ་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《སློབ་ཆེན་འགྲིམ་མུས་ཀྱི་སློབ་མར་རོགས་དངུལ་ལམ་ཡང་ན་བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་ཁྲེང་ཀོན་ཆུས་ཀྱི་གནས་སྐབས་བྱ་ཐབས》ལྟར། ཁྲེང་ཀོན་ཆུས་ཀྱིས་ཞིང་འབྲོག་པ་དང་སྡེ་ཁུལ་གྱི་གྲོང་མིའི་བུ་ཕྲུག་སློབ་གྲྭ་འགྲིམ་སྐབས་སློབ་ཡོན་ཚང་མ་བཏང་ནས་2015ནས་2016ལོ་བར་མི་1794ལ་རོགས་པ་བྱས་ཤིང་། ད་བར་འོས་འགན་སློབ་གསོར་མ་གཏོགས་པའི་དུས་མཚམས་སུ་ཡིག་ཚགས་དང་གཱ་བཟོས་པའི་སློབ་ཆེན་ལ་འགྲོ་མུས་ཀྱི་དུད་ཚང་དབུལ་པོའི་བུ་ཕྲུག་ཚང་མར་སྲིད་ཇུས་དེ་ལོངས་སྤྱོད་བྱ་རྒྱུ་ཡོད་སྟབས“སློབ་གྲྭར་འགྲོ་སྐབས་སློབ་ཡོན་སྤྲོད་མི་ཐུབ་པའི”དཀའ་ངལ་སེལ་རོགས་བྱས་ཡོད།

    བསྟན་རྒྱས་གླིང་སྡེ་ཁུལ་གྲོང་ལྷན་གྱི་ལས་དོན་པ་རྒྱལ་མཚན་གྱིས། ང་ཚོའི་སྡེ་ཁུལ་ལ་ལོ་སྔ་མའི་སློབ་ཆེན་ཐོན་པའི་སློབ་མ་69དང་། ལོ་འདི་གའི་སློབ་ཆེན་ཐོན་པའི་སློབ་མ་25ཡོད་པ་དེ་དག་རྒྱལ་ཡོངས་ཀྱི་ས་ཆ་ཁག་ལ་སློབ་སྦྱོང་བྱེད་བཞིན་ཡོད། 《གནས་སྐབས་བྱ་ཐབས》བཏོན་པ་དང་ལག་ལེན་བསྟར་བ་དེས་འཚོ་བར་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་བུ་ཕྲུག་སློབ་ཆེན་འགྲིམ་སྐབས་ཀྱི་ཁ་ཚ་དགོས་གཏུག་གི་སློབ་ཡོན་དཀའ་ངལ་བསལ་ནས། ཁོང་ཚོའི་ཁྱིམ་ཚང་གི་དཔལ་འབྱོར་ཁུར་པོ་ཡང་དུ་སོང་སྟེ། བློ་བདེའི་ངང་སློབ་སྦྱོང་མཐར་ཕྱིན་ཐུབ་ཡོད་ཅེས་བཤད་བྱུང་། སྡེ་ཁུལ་གྱི་གྲོང་མིས་ཁྲེང་ཀོན་ཆུས་ཀྱིས་སྲིད་ཇུས་བཏོན་པ་དེ་ཧ་ཅང་ཡག་པོ་འདུག ཁྲེང་ཀོན་ཆུས་ཨུད་དང་སྲིད་གཞུང་ལ་ཚང་མས་བསྔགས་བརྗོད་བྱས་ནས་མང་ཚོགས་ལ་བྱ་བ་དངོས་དང་བྱ་བཟང་བསྒྲུབས་པར་ཐུགས་རྗེ་ཆེ་ཞུ་ཡི་འདུག

    ནང་སར་བློ་བདེའི་ངང་སློབ་སྦྱོང་ཐུབ་པ་བྱས་པ།

    ཁྲེང་ཀོན་ཆུས་ཀྱིས་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་སློབ་གསོའི་ལས་ཀའི་ལྟེ་བའི་ལས་འགན་དུ་བརྩིས་ནས་སྒོར་ཁྲི་3000ཡི་ཐེབས་རྩའི་སློབ་གསོའི་སློབ་ཁྲིད་སྤུས་ཚད་བྱ་དགའ་བཙུགས་པས། ཁྲེང་ཀོན་ཆུས་སུ་སློབ་ཁྲིད་སྤུས་དག་འཁྲིད་པ་དང་སློབ་ཁྲིད་བྱེད་སྟངས་ལེགས་སུ་གཏོང་བའི་ཚ་རླབས་ཤིག་འཕྱུར་ནས་ཡར་སྐུལ་གྱི་འགྲན་རྩོད་རྣམ་པ་ཞིག་ངང་གིས་ཐོན། སློབ་གསོ་སྒྱུར་བཅོས་བྱེད་མགྱོགས་སུ་དང་འཕེལ་རྒྱས་མགྱོགས་སུ་གཏོང་རིང་། ཁྲེང་ཀོན་ཆུས་ཨུད་དང་སྲིད་གཞུང་གིས་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་བ་དང་མི་རྩ་བར་འཛིན་པ་དང་དགེ་རྒན་གྱིས་དཔེ་ཁྲིད་བྱེད་པར་བརྟེན་ནས། སློབ་གསོའི་ལས་དོན་ཧྲིལ་པོའི་ཁྲོད་དགེ་རྒན་དཔུང་ཁག་གི་འགག་གནད་དང་རྨང་གཞིའི་གནས་བབ་རྒྱུན་མི་ཆད་པ་མཐོ་རུ་བཏང་ཞིང་། དགེ་རྒན་གྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་བབ་མཐོ་རུ་གཏོང་བ་དང་། ཁོང་ཚོའི་ལས་ཀ་དང་འཚོ་བའི་ཐོབ་ཐང་ཡག་ཏུ་གཏོང་བ། དགེ་རྒན་གྱི་ཆེད་ལས་ཡག་ཐོག་ཡག་བརྩེགས་དང་ཡར་རྒྱས་ལ་སྐུལ་མ་གཏོང་བ་སོགས་ཀྱི་ཐད་སྲིད་ཇུས་དང་བྱ་ཐབས་མང་པོ་ཆ་ལག་ཚང་བའི་ངང་བཏོན་ནས་ཕན་འབྲས་ཐོན་པའི་ལས་ཀ་འབོར་ཆེན་བསྒྲུབས་ཏེ། སློབ་གསོ་སྒྱུར་བཅོས་བྱེད་པ་དང་འཕེལ་རྒྱས་གཏོང་བར་དགེ་རྒན་གྱི་དཔུང་ཁག་གི་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།

    སློབ་གསོ་སྔོན་ལ་འཇོག་རྒྱུ་འགན་ལེན་བྱས་པ།

    ཁྲེང་ཀོན་ཆུས་སློབ་གསོ་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། སློབ་་གསོར་མཐོང་ཆེན་བྱ་རྒྱུ་ནི་ད་ཆའི་ཁྲེང་ཀོན་ལ་འགན་འཁུར་བ་ཞིག་ཡིན་ལ། འབྱུང་འགྱུར་གྱི་ཁྲེང་ཀོན་ལ་འགན་འཁུར་བ་ཞིག་རེད། གོམ་སྟབས་རྗེས་མར་ཁྲེང་ཀོན་ཆུས་ཀྱི་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། སྡེ་ཚན་ཁག་གིས་གྲོང་ཁྱེར་ཡོངས་ཀྱི་སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འཚམ་པར་བྱེད་པ་དང་ཁྲེང་ཀོན་ཆུས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་གྱི་ཕུགས་ཀྱི་ཇུས་ཆེན་ལ་ཞབས་འདེགས་ཞུས་ཏེ། སློབ་གསོའི་ལས་དོན་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གནས་བབ་ཐོག་བཞག་ནས་སེམས་ཁྲལ་གྱི་སེམས་པ་དང་། དགོས་གཏུག་གི་སེམས་པ། གོ་སྐབས་འཛིན་སེམས་ཆེ་རུ་གཏོང་བ་དང་། སློབ་གསོར་དམ་འཛིན་བྱ་རྒྱུ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བར་དམ་འཛིན་དང་། དམངས་འཚོ་དོན་དུ་གཉེར་བ། བརྟན་ལྷིང་ལ་དམ་འཛིན་བྱེད་པ། སྣོད་བཅུད་ལ་ཤུགས་སྣོན་རྒྱག་པ། འགྲན་ནུས་ཆེ་རུ་གཏོང་བ། འབྱུང་འགྱུར་ལ་དམ་འཛིན་བྱེད་པའི་བསམ་བློ་ཞིག་ཏུ་བརྩིས་ནས་སློབ་གསོར་དམ་འཛིན་བྱེད་པའི་དགོས་གཏུག་སེམས་པ་དང་། ལས་འགན་སྒྲུབ་སེམས། དུས་རབས་རྗེས་སྙེག་གི་སེམས་པ་བཅས་ཆེ་རུ་བཏང་སྟེ། ལས་ཀ་བཀོད་སྒྲིག་སྔོན་ལ་འཇོག་པ་དང་། བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་སྔོན་ལ་བང་སྒྲིག་བྱེད་པ། ནོར་སྲིད་ཀྱི་གཏོང་སྒོ་སྔོན་ལ་འགན་ལེན་བྱེད་པ། སྲིད་ཇུས་ཐད་སྔོན་ལ་འགན་སྲུང་བྱེད་པ་བཅས་ཀྱིས་སློབ་གསོར་སྒྱུར་བཅོས་ཆེན་པོ་བྱེད་པ་དང་འཕེལ་རྒྱས་ཆེན་པོ་གཏོང་བར་མཉམ་དུ་སྐུལ་མ་བཏང་ནས་སློབ་གསོ་དེང་རབས་སུ་སྒྱུར་བའི་གོམ་སྟབས་མགྱོགས་སུ་བཏང་སྟེ་སློབ་གསོ་ཁྲེང་ཀོན་ཆུས་ཀྱི་སྤུས་རྟགས་གལ་ཆེན་ཞིག་དང་སློབ་གསོའི་ལེགས་ཆ་ཁྲེང་ཀོན་ཆུས་ཀྱི་འབུར་དུ་ཐོན་པའི་བཟང་ཆ་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།