དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་ཆུང་སློབ་མའི་སློབ་སྦྱོང་ནུས་པ་ཇི་ལྟར་སྐྱེད་སྲིང་བྱེད་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-01-06

    སློབ་ཆུང་སློབ་གསོར་དུངས་ཤིང་བསམ་བློ་ལྡན་པ་དང་གསར་གཏོད་ཀྱི་བློ་སྤོབས་དང་ལྡན་པའི་མི་སྣ་གསོ་སྐྱོང་བྱས་ཏེ། སློབ་བུ་ཡོངས་སློབ་སྦྱོང་ལ་དགའ་ཞེན་དང་གྲུབ་འབྲས་ལེགས་པོ་ཐོབ་པ། དེ་བཞིན་རིག་གནས་ལ་བཅངས་པའི་བརྩེ་བ་ཇི་ལྟར་འཇགས་པ་བྱ་རྒྱུ་ནི་སློབ་ཆུང་དགེ་རྒན་དུ་མའི་བསམ་འདུན་ཡིན་ངེས་ལ། མིག་སྔའི་རང་ལྗོངས་ཀྱི་སློབ་གསོའི་དགོས་མཁོ་དང་སློབ་བུའི་འཚར་ལོངས་ལ་ཕྱོགས་པའི་སློབ་གསོའི་ཐབས་ལམ་ཞིག་ཀྱང་རེད། དེར་བརྟེན་སློབ་ཆུང་སློབ་གསོའི་ལས་ལ་གཞོལ་བའི་རྒྱ་ཆེའི་དགེ་རྒན་ཚོས་སྔར་ལས་ལྷག་པའི་འབད་བརྩོན་དང་སེམས་ནུས་ཡོད་རྒུས་རང་འཁྲིའི་ལས་ཀ་བསྒྲུབ་རྒྱུ་གལ་འགངས་ཆེ། གཤམ་ལ་རང་ཉིད་ཀྱིས་ཕྱོགས་ཁག་གསུམ་གྱི་ཐད་ནས་སློབ་ཁྲིད་བྱ་ཐབས་དང་མྱོང་ཚོར་ཁ་ཤས་གླེང་བར་འདོད།

    དང་པོ། སློབ་དེབ་ལ་གཞི་བཅོལ་ནས་འཇོན་ཐང་སྐྱེད་སྲིང་བྱེད།

    གཅིག སློབ་དེབ་ལ་གཞི་ཚུགས་ཏེ་གསར་གཏོད་ཀྱི་འཇོན་ཐང་སྐྱེད་སྲིང་བྱེད་དགོས། སློབ་དེབ་ཀྱི་ནང་དོན་ཕལ་ཆེ་བ་ནི་རྩོམ་པ་པོའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་བརྩམས་ཆོས་གྲགས་ཅན་ཤ་སྟག་ཡིན་ཕྱིན། སློབ་ཚན་ལེགས་པར་སྦྱངས་ན་སློབ་མའི་བསམ་བློ་ཀུན་སྤྱོད་ཀྱི་ཆུ་ཚད་གོང་མཐོར་འགྲོ་བ་མ་ཟད། མིའི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་དང་། སྤྱི་ཚོགས་འཚོ་བའི་རྒྱུན་ཤེས། ཕྱི་ནང་རིག་གནས་ཚང་མར་རྒྱུས་ལོན་བྱུང་ནས། རང་སྦྱོང་ནུས་པ་གོང་མཐོར་འགྲོ་ཐུབ་པ་དང་། ཚེ་གཅིག་སློབ་པར་བརྩོན་པའི་གཤིས་ཀའང་སྐྱེད་ཐུབ། དེར་བརྟེན། སློབ་ཆུང་གི་དགེ་རྒན་རང་ངོས་ཀྱི་རིག་གཞུང་ཆུ་ཚད་དང་སློབ་ཁྲིད་ཀྱི་འཇོན་ཐང་ཆེ་ཆུང་ནི་སློབ་མའི་ངོས་ནས་བཤད་ན་གལ་འགངས་ཧ་ཅང་ཆེ་ཞིང་། སློབ་ཁྲིད་ལས་ལ་འཇུག་དུས། ཐོག་མར་སློབ་དེབ་ལ་གཞི་ཚུགས་ཐོག་བསླབ་བྱའི་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། བརྩམས་ཆོས་ཀྱི་རྒྱབ་ལྗོངས་དང་རྩོམ་པ་པོའི་ཀུན་སློང་སོགས་འབྲེལ་ཡོད་ནང་དོན་མཐིལ་ཕྱིན་པ་ཤེས་རྟོགས་བྱས་ཏེ། སློབ་ཁྲིད་ཀྱི་བརྒྱུད་རིམ་དུ་སློབ་མའི་སྦྱོང་འདོད་ཀྱི་མོས་པ་སྐྱེད་སྲིང་བྱེད་དགོས་ལ། སློབ་མའི་བསམ་བློ་རྒྱ་སྐྱེད་དང་གསར་གཏོད་ནུས་པའང་ཆུང་དུས་ནས་སྐྱེད་སྲིང་བྱེད་དགོས།

    སྤྱིར་སློབ་དེབ་ཏུ་བདམས་པའི་ལེགས་རྩོམ་དག་ནི་སློབ་མའི་འཚར་ལོངས་ཀྱི་བརྒྱུད་རིམ་དང་འཚམ་ལ། ཤེས་བྱ་སློབ་པའི་ཆོས་ཉིད་དང་ཡང་མཐུན་པས། སློབ་ཁྲིད་བརྒྱུད་ནས་སློབ་མ་རྣམས་བླང་དོར་གནས་ལ་མ་རྨོངས་ཤིང་། ཡང་དག་པའི་ལམ་ལ་འཇུག་པ་དང་། ཤེས་བྱ་ཡོན་ཏན་གྱིས་ཕྱུག་པ་ཞིག་ཏུ་གསོ་སྐྱོང་བྱས་ཏེ། མ་འོངས་ལོ་ཟླའི་ཁྲོད་དུ་བྱ་གཞག་ཀུན་གྱི་འཛུགས་སྐྲུན་པ་དང་སློབ་གསོའི་རྒྱུན་འཛིན་པར་འགྱུར་བར་བྱེད་དགོས་ཤིང་། དེ་ནི་སློབ་ཆུང་སློབ་གསོའི་དགེ་རྒན་ཚོའི་འདོར་དུ་མེད་པའི་འགན་འཁྲི་ཞིག་ཀྱང་རེད།

    གཉིས། བརྩམས་ཆོས་མང་དུ་བཀླགས་ཏེ་ཚོར་རྟོགས་བྱེད་ནུས་གོང་མཐོར་གཏོང་དགོས། བརྩམས་ཆོས་ཕལ་ཆེ་བར་མི་སྣ་དང་བྱ་དངོས། དེ་བཞིན་བསམ་པའི་ཉམས་འགྱུར་བཅས་ཕུན་སུམ་ཚོགས་པོ་ཡོད་གཤིས། སློབ་ཁྲིད་བྱེད་སྐབས་གང་ལ་གང་འཚམ་གྱིས་ནང་དོན་ལྷུག་པོར་ཁྲིད་ནས་སློབ་མའི་སྦྱོང་འདོད་ཀྱི་བསམ་པ་སྐྱེད་སྲིང་གང་ལེགས་བྱེད་དགོས།

    གསུམ། རང་སྦྱོང་གི་གོམས་གཤིས་སྐྱེད་སྲིང་བྱེད་དགོས། སློབ་ཁྲིད་རྩ་གནད་དུ། དགེ་རྒན་གྱིས་ལོ་རིམ་ཁག་གི་སློབ་ཁྲིད་བླང་བྱར་གཞིགས་ཏེ་སློབ་མར་དཔེ་དེབ་ལྟ་ཀློག་དང་བསམས་གཞིག་བྱེད་པའི་གོམས་གཤིས་འཇགས་ཐབས་ལ་འབད་དགོས་པ་མ་ཟད། སྔོན་སྦྱོང་དང་བསྐྱར་སྦྱོང་། ཁེར་རྐྱང་གིས་སྦྱོང་ཚན་ལེགས་གྲུབ་བྱེད་པ། སྦྱོང་ཚན་ཞིབ་བཤེར་བྱེད་པ། ཚགས་པར་དང་དུས་དེབ་ལྟ་ཀློག་བྱེད་པ། རྒྱང་བསྒྲགས་ཉན་པ། རྩོམ་འབྲིར་དགའ་བ་བཅས་ཀྱི་གོམས་གཤིས་ཆགས་པར་བྱེད་དགོས་ཞེས་བཏོན་ཡོད་པས། སློབ་མའི་རང་སྦྱོང་ནུས་པ་གསོ་སྐྱོང་གང་ལེགས་བྱེད་དགོས་པ་དང་། དེ་ཉིད་སློབ་ཁྲིད་ཀྱི་དམིགས་ཚད་ནང་དུ་བཅུག་སྟེ་ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་ལྷོད་མེད་བྱེད་དགོས།

    གཉིས་པ། སློབ་ཕྱིའི་དེབ་ལྟ་ཀློག་ལ་གཙིགས་ཆེན་བྱེད་དགོས།

    སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་། སློབ་དེབ་ཁོ་ནའི་ཤེས་བྱ་ནི་ཚད་དང་ལྡན་ཞིང་། སློབ་མ་ཚོའི་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད་པས། “རང་ལ་དགོས་པའི་ཡོན་ཏན་དེ། ཉིན་མ་རེ་ལ་ཚིག་རེ་བཟུང”ཞེས་པ་ལྟར། དཔེ་དེབ་མང་དུ་བཀླགས་ཏེ་ལྟ་རྒྱ་དང་ཐོས་རྒྱ་སོགས་ཆེ་རུ་གཏོང་དགོས། ཀུན་གྱིས་ཤེས་གསལ་ལྟར། སློབ་ཆུང་དུས་ནི་རིག་པ་གསལ་ཞིང་བརྩོན་འགྲུས་ཆེ་ལ། དཔེ་ཀློག་གི་དགའ་ཕྱོགས་སྐྱེད་སྲིང་བྱེད་པའི་ཆེས་གལ་འགངས་ཆེ་དུས་ཡིན་པས། སློབ་ཆུང་གི་དགེ་རྒན་དག་གིས་སློབ་དེབ་རྐྱང་པ་ཙམ་མིན་པར། སློབ་མའི་ལོ་ཚོད་དང་མཐུན་པར་སློབ་ཕྱིའི་དུས་དེབ་དང་བརྩམས་ཆོས་ལེགས་གྲས་འོས་སྦྱོར་དང་མཁོ་འདོན་བྱས་ཏེ། ལྟ་ཀློག་ལ་གཞོལ་བའི་སྒོ་མོ་འབྱེད་དགོས་ལ། སློབ་མའི་སློབ་ཕྱིའི་དཔེ་དེབ་ལྟ་ཀློག་ཁྲོད་ཀྱི་དཀའ་གནད་དང་དོགས་འཆར་སེལ་རོགས་བྱས་ཏེ། སློབ་ཚན་དངོས་གཞིའི་ལས་འགན་ལེགས་གྲུབ་ཐུབ་པའི་རྨང་གཞིའི་ཐོག སློབ་ཆུང་སློབ་མའི་འཚར་ལོངས་ཀྱི་བརྒྱུད་རིམ་དང་འཚམ་པའི་དཔེ་དེབ་སྣ་མང་ཀློག་ཏུ་བཅུག་སྟེ། སློབ་མ་རྣམས་ལ་ཆུང་དུས་ནས་རང་འགུལ་ངང་དཔེ་དེབ་ལྟ་ཀློག་ལ་སྤྲོ་བའི་གོམས་གཤིས་འཇགས་པ་བྱེད་དགོས།

    གསུམ་པ། གཞུང་ལུགས་དང་ལག་ལེན་ཟུང་དུ་འབྲེལ་རྒྱུར་མཐོང་ཆེན་བྱེད་དགོས།

    སློབ་དེབ་ཀྱི་ནང་དོན་དང་དགེ་རྒན་གྱིས་བསླབས་པའི་ཤེས་བྱ་ཡོན་ཏན་དག་རྒྱུན་གཏན་འཚོ་བར་བེད་སྤྱོད་ཐུབ་པ་དང་། རིགས་པའི་གཞུང་ལུགས་ནང་བསྟན་པའི་དོན་རྣམས་ལག་ལེན་དངོས་ལ་འཁྱོལ་བ་བྱ་རྒྱུ་ནི་སློབ་ཁྲིད་ཀྱི་དམིགས་ཡུལ་དམ་པ་ལགས། དེར་བརྟེན་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་བགྲོད་དང་མཐུན་པར། སློབ་མའི་ལག་པ་འགུལ་བའི་ནུས་པ་དང་། བསམ་གཞིག་ནུས་པ། གསར་གཏོད་ཀྱི་ནུས་པ་གསོ་སྐྱོང་བྱ་ཆེད། དེང་གི་རིག་ཚན་གསར་པ་མང་པོའི་རྒྱུན་མཁོའི་ཤེས་བྱ་ཡང་སློབ་ཁྲིད་བྱེད་དགོས་ཤིང་། ཁོ་ཚོར་སྦྱངས་པའི་ཤེས་བྱ་དག་འཚོ་བར་བེད་སྤྱོད་མང་དུ་བཏང་སྟེ་དོན་དངོས་ཀྱི་ལག་ལེན་དུ་བསྟར་རྒྱུར་ཁྲིད་སྟོན་བྱེད་དགོས། དེ་ལྟར་བྱས་ན་རྣམ་ཀུན་འཚོ་བའི་ཁྲོད་ཀྱི་སྐྱིད་སྡུག་འདྲེས་མའི་བྱ་དངོས་དེ་དག་ལ་རྟོག་ཞིབ་དང་ཉམས་ལེན་བྱ་རྒྱུའི་འདུན་པ་སྐྱེད་སྲིང་ལ་ཕན་པ་ཆེའོ།

    (འདམ་གཞུང་རྫོང་སློབ་གསོ་ཅུས་ཀྱི་པ་སངས་ཚེ་རིང་གིས)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།