དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • དྲ་རྒྱའི་གསར་འགྱུར་རྩོམ་སྒྲིག་དང་ཚགས་པར་གསར་འགྱུར་རྩོམ་སྒྲིག་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-01-03

    གསར་འགྱུར་རྩོམ་སྒྲིག་ནི་གསར་འགྱུར་བརྒྱུད་བསྒྲགས་ལ་མེད་དུ་མི་རུང་བ་ཞིག་ཡིན་ཞིང་། དེས་དྲ་རྒྱའི་གསར་འགྱུར་རྩོམ་སྒྲིག་དང་ཚགས་པར་གསར་འགྱུར་རྩོམ་སྒྲིག་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། དྲ་རྒྱའི་ལག་རྩལ་དབྱར་མཚོ་རྒྱས་པར་ལྟར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་དྲ་རྒྱའི་གསར་འགྱུར་རྩོམ་སྒྲིག་ལ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་བྱུང་ཡོད། འོན་ཀྱང་དྲ་རྒྱའི་གསར་འགྱུར་རྩོམ་སྒྲིག་དང་ཚགས་པར་གསར་འགྱུར་རྩོམ་སྒྲིག་གཉིས་ཀར་རང་ངོས་ཀྱི་ལེགས་ཆ་དང་ཞན་ཆ་ལྡན་ཡོད་པས། ང་ཚོས་ཕྱོགས་རིས་ཀྱི་སྒོ་ནས་དཔྱད་འཇོག་བྱེད་ག་ལ་རུང་། འདིར་ངས་ལོ་མང་དྲ་རྒྱའི་རྩོམ་སྒྲིག་གི་ལས་ལ་གཞོལ་བའི་ཉམས་མྱོང་ལ་བརྟེན་ནས། དྲ་རྒྱའི་གསར་འགྱུར་རྩོམ་སྒྲིག་དང་ཚགས་པར་གསར་འགྱུར་རྩོམ་སྒྲིག་གི་མཐུན་པའི་ཆ་དང་མི་མཐུན་པའི་ཆ་སོགས་ཀྱི་གནད་དོན་ལ་དབྱེ་ཞིབ་བྱས་ཏེ། ཕྱོགས་གཉིས་པོའི་ལེགས་ཆ་འདོན་སྤེལ་དང་སྙིགས་དོར་བཅུད་ལེན་གྱིས་གསར་འགྱུར་རྩོམ་སྒྲིག་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་སྐོར་གླེང་བར་འདོད་དོ།

    གཅིག དྲ་རྒྱའི་གསར་འགྱུར་རྩོམ་སྒྲིག་དང་ཚགས་པར་གསར་འགྱུར་རྩོམ་སྒྲིག་གི་མཐུན་པའི་ཆ།

    1. རྩོམ་སྒྲིག་གི་དམིགས་ཡུལ་འདྲ་བ། མ་གཞི་དྲ་རྒྱའི་གསར་འགྱུར་རྩོམ་སྒྲིག་དང་ཚགས་པར་གསར་འགྱུར་རྩོམ་སྒྲིག་གཉིས་ཀྱི་ཐབས་ལམ་མི་འདྲ་ནའང་། དེ་གཉིས་པོའི་དམིགས་ཡུལ་ནི་གསར་དུ་ཐོན་པའི་གནས་ཚུལ་ཁག་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཚོས་གསར་བྱུང་གནས་ཚུལ་ཤེས་རྟོགས་བྱ་རྒྱུ་དེ་རེད། དེ་ཡང་གསར་འགྱུར་བརྒྱུད་བསྒྲགས་ཀྱི་ཐབས་ལམ་ལ་ཤོག་ཐོག་དང་དྲ་རྒྱ་གང་སྤྱད་ཀྱང་གསར་འགོད་པས་བསྡུ་རུབ་བྱས་པའི་གསར་བྱུང་གནས་ཚུལ་དག་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱ་རྒྱུ་དེ་ཡིན་པས། དེ་གཉིས་པོ་བརྒྱུད་བསྒྲགས་ཀྱི་ཐབས་ལམ་མི་གཅིག་པ་མ་གཏོགས། མི་དམངས་མང་ཚོགས་ལ་སྟབས་བདེ་སྐྲུན་པའི་བྱ་བ་དང་ངོ་བོ་གཅིག་མཚུངས་རེད། 2. རྩོམ་སྒྲིག་གི་བརྒྱུད་རིམ་འདྲ་བ། ཚགས་པར་གསར་འགྱུར་རྩོམ་སྒྲིག་གི་བརྒྱུད་རིམ་ནི། རྒྱུ་ཆ་བསྡུ་རུབ་དང་རྒྱུ་ཆ་འདེམས་པ། མ་རྩོམ་བཟོ་བཅོས། པར་ངོས་ཇུས་འགོད་སོགས་རེད། ལས་རིམ་དེ་དག་ངེས་པར་དུ་བརྒྱུད་དགོས་ཤིང་། དེ་དག་ཕན་ཚུན་ལེགས་སྒྲིག་དང་འབྲེལ་མཐུད་ལེགས་པོ་བྱུང་ན། གཞི་ནས་རང་སོའི་ནུས་པ་འདོན་སྤེལ་བྱེད་ཐུབ། དེ་བཞིན་དུ་དྲ་རྒྱའི་གསར་འགྱུར་རྩོམ་སྒྲིག་ལའང་གོང་གི་དེ་དང་འདྲ་བར་ནང་དོན་བསྡུ་རུབ་དང་བདམས་བཀོད། མཆན་བཀོད། པར་ངོས་ཇུས་འགོད་སོགས་ཀྱིས་ལས་རིམ་དག་བརྒྱུད་དགོས་པ་མ་ཟད། དྲ་རྒྱའི་སྨྱན་སྦྱོར་སྒྲ་བརྙན་དང་འདྲ་པར་གུང་སྒྲིག་གི་འཆར་འགོད་ཡང་བྱེད་དགོས། དེ་ལས་དྲ་རྒྱའི་གསར་འགྱུར་རྩོམ་སྒྲིག་ལ་ཚགས་པར་གསར་འགྱུར་རྩོམ་སྒྲིག་ལས་ལས་རིམ་འགའ་ཤས་ཀྱིས་མང་བ་ཡོད་པ་མ་གཏོགས། དེ་གཉིས་ཀྱི་རྩོམ་སྒྲིག་བྱེད་སྟངས་དང་ལས་རིམ་ཁག་གཅིག་མཚུངས་སུ་གནས་སོ།

    གཉིས། དྲ་རྒྱའི་གསར་འགྱུར་རྩོམ་སྒྲིག་དང་ཚགས་པར་གསར་འགྱུར་རྩོམ་སྒྲིག་གི་མི་མཐུན་པའི་ཆ།

    དེ་གཉིས་པོའི་གསར་འགྱུར་བརྒྱུད་ལམ་དང་བྱ་ཐབས་མི་གཅིག་པ་སྟེ། གསར་འགྱུར་གྱི་པར་ངོས་ཇུས་འགོད་དང་མ་ཡིག་རྩོམ་སྒྲིག གསར་འགྱུར་བརྗེ་རེས་ལས་རིམ་སོགས་ཀྱི་ཐད་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད། 1. པར་ངོས་ཇུས་འགོད་མི་འདྲ་བ། པར་ངོས་ཇུས་འགོད་ནི་ཚགས་པར་གསར་འགྱུར་རྩོམ་སྒྲིག་གི་ངོས་ནས་བརྗོད་ན་ཐབས་ལམ་གལ་ཆེན་ཞིག་ཡིན་ཞིང་། ངར་ངོས་ཇུས་འགོད་ཡག་པོ་བྱུང་དང་མ་བྱུང་བ་དེས་ཀློག་པ་པོའི་ལྟ་འདོད་ཀྱི་ཡིད་དབང་དགུག་རྒྱུར་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེར་བརྟེན་ཚགས་པར་པར་ངོས་ཇུས་འགོད་ཡག་པོ་བྱ་རྒྱུ་ནི་གལ་ཤིན་ཏུ་ཆེ། པར་ངོས་ཇུས་འགོད་ལ་རང་སོ་སོའི་ཆེད་ལས་ཀྱི་རང་བཞིན་དང་ཆེད་ལས་ཀྱི་ཐ་སྙད་མང་དག་ཅིག་ལྡན་ཡོད། དཔེར་ན་ངར་ངོས་ཀྱི་གོ་རིམ། པར་ཤོག་ཆེ་ཆུང་། མ་དཔེ་ཆེ་ཆུང་། དཀྱིལ་སྲུབས་སོགས་ཡོད་པ་མ་ཟད། ཐ་སྙད་དེ་དག་གི་མཚོན་དོན་ཡང་གཏིང་ཟབ་པས་ཚགས་པར་གསར་འགྱུར་རྩོམ་སྒྲིག་པའི་ངོས་ནས་འབད་བརྩོན་ལྷོད་མེད་ཀྱིས་སློབ་སྦྱོང་བྱས་ཏེ་དེ་དག་བསྟན་དོན་རྟོགས་པར་བྱེད་དགོས། དྲ་རྒྱའི་གསར་འགྱུར་རྩོམ་སྒྲིག་གི་པར་ངོས་ཇུས་འགོད་ཀྱི་ནུས་པ་གསར་འགྱུར་ཇུས་འགོད་ཀྱི་ནུས་པ་དང་བསྡུར་ན་ཅུང་ཆུང་བ་ཡོད། གང་ཡིན་ཟེར་ན། དྲ་རྒྱའི་ཇུས་འགོད་དེ་འགུལ་རྣམ་ཅན་ཞིག་ཡིན་པས་རྒྱུན་དུ་བཟོ་བཅོས་ཀྱིས་ཀློག་པ་པོའི་ཡིད་དབང་འགུགས་ཐུབ་པ་བྱེད་དགོས། དེ་ལྟར་བྱུང་ན་གཞི་ནས་ཀློག་པ་པོའི་ལྟ་ཀློག་ལ་སྤྲོ་སྣང་སྦྱིན་ཐུབ་བོ། 2. མ་ཡིག་རྩོམ་སྒྲིག་མི་འདྲ་བ། གསར་འགྱུར་གྱི་མཚན་བྱང་ངོས་ནས་བརྗོད་ན། གཅིག་ནས་ཚགས་པར་གསར་འགྱུར་གྱི་མཚན་བྱང་ནི་རྩོམ་ཡིག་གི་ནང་དོན་དངོས་ལ་བསྟུན་ནས་ནང་དོན་གྱི་སྙིང་དོན་གཅིག་སྡུད་ཀྱིས་དེང་དུས་ཀྱི་ཡིག་འགྲོས་སམ་བརྡ་སྤྲོད་གཞུང་ལུགས་དང་མཐུན་པའི་ཁ་བྱང་བཟོ་དགོས། འོན་ཀྱང་དྲ་རྒྱའི་གསར་འགྱུར་གྱི་མཚན་བྱང་ནི་དེ་ལས་ལྡོག་སྟེ་མཚན་བྱང་གི་གཙོ་གནད་དེ་ཡིད་དབང་འགུགས་ཤུགས་ཆེ་བ་ཞིག་ཡིན་དགོས་པ་ལས། ཚགས་པར་གསར་འགྱུར་ལྟ་བུའི་རེ་བ་མཐོ་པོ་མེད། དྲ་ཚིགས་ཤིག་ཡུན་རིང་གནས་ཐུབ་པ་ཞིག་དགོས་ན། དེར་ཀློག་པ་པོ་མང་པོ་ཞིག་དགོས་པས། གསར་འགྱུར་གྱི་མཚན་བྱང་དེ་ཀློག་པ་པོའི་ཡིད་དབང་འགུགས་པའི་རྒྱུ་ཆ་གལ་ཆེན་ཞིག་རེད། མཚན་བྱང་གི་ནང་དོན་གསར་བྱུང་ཡིན་པ་དང་། ཀློག་པ་པོའི་དགའ་ཕྱོགས་ཀྱི་དགོས་མཁོ་དང་བསྟུན་ཐུབ་པ་ཞིག་བྱུང་ན། དེར་ལྟ་མཁན་ཡང་མང་པོ་ཞིག་ཡོང་སྲིད་སྙམ། གལ་ཏེ་དེ་ལས་ལྡོག་ན་ནང་དོན་ཕུལ་དུ་བྱུང་བ་ཞིག་ཡིན་མོད། མཚན་བྱང་གིས་ཀློག་པ་པོའི་ཡིད་དབང་འགུགས་མི་ནུས་པས། དེས་ན་དྲ་ཚིགས་དེ་ཡུན་རིང་གནས་ཐབས་དཀའ་བ་དང་ཐ་ན་དྲ་རྒྱའི་གསར་འགྱུར་དྲིལ་བསྒྲགས་ཀྱི་ནུས་པ་ཐོན་མི་ཐུབ། ཡི་གེ་དང་འདྲ་པར་གྱི་ངོས་ནས་བརྗོད་ན། ཚགས་པར་གསར་འགྱུར་གྱིས་ཡིག་ཐོག་ནས་གཞི་རྩའི་ནང་དོན་དག་ཐད་ཀར་མངོན་ཐུབ་པས། གསར་འགྱུར་གྱི་དངོས་ཡོད་དང་ཁུངས་ལྡན་གྱི་རང་བཞིན་ལྡན་ཡོད། དེ་ཡང་ཡིག་ཐོག་གི་བརྡ་སྤྲོད་ཚད་ལྡན་ཡོང་བ་བྱ་རྒྱུ་གལ་ཆེན་དུ་རྩི་བ་མ་ཟད། ཚིག་གི་བརྗོད་པ་ཁ་གསལ་ཞིང་གོ་བདེ་བ་དང་སྡེབ་སྦྱོར་ལེགས་ཤིང་གསོན་ཉམས་ལྡན་པ་ཞིག་དགོས། དྲ་རྒྱའི་གསར་འགྱུར་ནི་མི་ཆོས་ཀྱི་རང་བཞིན་ངེས་ཅན་ལྡན་པ་ཞིག་ཡིན་པས་། དེ་ནི་ཀློག་པ་པོའི་མིག་ཡིད་ཡ་མ་བྲལ་བར་ཟུང་འབྲེལ་ཡོང་ཐབས་བྱས་པ་ཞིག་རེད། དེར་བརྟེན་ཡིག་ཐོག་གི་བརྗོད་པ་ཚིག་སྣ་རིང་ཞིང་བསྐྱར་ཟློས་ཅན་སོགས་ཀྱི་རིགས་མ་ཐོན་པར་བྱས་ཏེ། སྤྱིར་བཏང་བརྗོད་པ་ཐུང་ངུ་དང་། མིང་ཚིག་ཐ་སྙད་སྟབས་བདེ་སྤྱད་དེ་དམངས་ཀྱི་སྐད་འགྲོས་དང་མཐུན་པ་ཞིག་དགོས། གཞན་ཡང་ཚགས་པར་གསར་འགྱུར་གྱི་ཁྲོད་དུ་འདྲ་པར་བར་འཇུག་བྱེད་པ་ནི་ཚགས་པར་གྱི་པར་ངོས་མཛེས་ཆ་དང་ནང་དོན་གསོན་ཉམས་དོད་པོ་ཡོང་ཆེད་ཡིན་པས། འདྲ་པར་བར་འཇུག་ནི་ཚགས་པར་གསར་འགྱུར་གྱི་དམིགས་བསལ་རྣམ་པ་ཅན་གྱི་མ་ལག་ཅིག་ཏུ་གྱུར་ཡོད་པས། ལས་དོན་མི་སྣས་གཏན་འཁེལ་བྱས་པའི་ལས་རིམ་ལྟར་བསྒྲིགས་ན་ཆོག འོན་ཀྱང་དྲ་རྒྱའི་གསར་འགྱུར་གྱི་རྩོམ་སྒྲིག་ལ་ཆ་ཚང་བའི་མ་ལག་ཅིག་གྲུབ་མེད་པས། དེར་ད་དུང་ཡང་ཞིབ་འཇུག་བྱེད་རིན་ལྡན་ཡོད།

    3. རྩོམ་སྒྲིག་གི་དུས་ཚོད་མི་འདྲ་བ། ཚགས་པར་གསར་འགྱུར་ནི་སྤྱིར་བཏང་ཉིན་མོ་རེ་དང་གཟའ་འཁོར་རེ་དཔེ་སྐྲུན་བྱེད་ཀྱི་ཡོད་པས་ཉིན་རེའི་ཚགས་པར་དང་གཟའ་འཁོར་ཚགས་པར་ལྟར་ཡིན་པ་དཔེར་ན། 《ལྷོ་ཕྱོགས་ཉིན་རེའི་ཚགས་པར》དང་《རོལ་རྩེད་གཟའ་འཁོར་ཚགས་པར》སོགས་ཡོད། དེར་བརྟེན་ཚགས་པར་རྩོམ་སྒྲིག་ནི་སྤྱིར་བཏང་ཉིན་གཅིག་གམ་གཟའ་འཁོར་གཅིག་གི་གསར་འགྱུར་རྩོམ་སྒྲིག་བྱེད་ཅིང་། དེར་རྒྱུ་ཆ་འཚོལ་བསྡུ་དང་གུང་སྒྲིག གསར་རྩོམ། བཟོ་བཅོས། ཞུ་དག་སོགས་ཀྱི་ལས་རིམ་ཁག་བརྒྱུད་དགོས། འོན་ཀྱང་དྲ་རྒྱའི་གསར་འགྱུར་བརྒྱུད་བསྒྲགས་བྱེད་པའི་མྱུར་ཚད་དེ་ཤིན་ཏུ་མགྱོགས་པས་སྐར་མ་དང་སྐར་ཆའི་དུས་ཚོད་ཕྱེ་ནས་རྩོམ་སྒྲིག་བྱེད་དགོས་ཀྱི་ཡོད། ལྷག་པར་དུ་པོད་ཕྲན་དར་ཁྱབ་ཆེ་བའི་དེང་དུས་གསར་བསྒྱུར་བརྒྱུད་བསྒྲགས་ཤིན་ཏུ་རྒྱ་ཆེ་བ་ཞིག་ཏུ་གྱུར་ཡོད། དེས་ན་དྲ་རྒྱའི་གསར་འགྱུར་ནི་ཚགས་པར་གསར་འགྱུར་དང་བསྡུར་ན་བརྒྱུད་བསྒྲགས་བྱེད་པའི་མྱུར་ཚད་མགྱོགས་པ་དང་བརྒྱུད་བསྒྲགས་བྱེད་པའི་བརྒྱུད་རིམ་དང་ཐབས་ལམ་སྟབས་བདེ་པོ་ཡོད། ཚགས་པར་ནི་དཔེ་སྐྲུན་ཆོག་མཆན་དང་པར་འདེབས། དབོར་འདྲེན་སོགས་ཀྱི་ལས་རིམ་བརྒྱུད་གཞི་ནས་ཁྲོམ་རར་སླེབས་ཐུབ། དྲ་རྒྱའི་གསར་འགྱུར་ནི་གློག་ཀླད་དུ་རྩོམ་སྒྲིག་དང་འགྲེམས་སྤེལ་བྱས་ན་ཆོག་པ་ཞིག་ཡིན་པས། དེར་བརྟེན་དྲ་རྒྱའི་གསར་འགྱུར་གྱི་རིགས་དང་གྲངས་ཚད་མང་བ། ཆ་འཕྲིན་སྣ་ཁ་མང་བ། དུས་ཚོད་ཀྱི་བཀག་རྒྱ་མེད་པར་ཉིན་མཚན་ལྟོས་མེད་དུ་གསར་སྐྲུན་འགྲེམས་སྤེལ་བྱེད་ཀྱི་ཡོད། འོན་ཀྱང་དྲ་རྒྱའི་གསར་འགྱུར་གྱི་དུས་ཚོད་ནུས་ཕྱོད་དང་ལྟ་མཁན་མང་པོ་ཡོང་ཆེད་དྲ་རྒྱའི་རྩོམ་སྒྲིག་པས་ཉིན་མཚན་མེད་པར་གསར་འགྱུར་རེ་སྒུག་བྱས་ནས་སྡོད་པ་དང་། གལ་ཏེ་གསར་འགྱུར་ཤེས་རྟོགས་བྱུང་ན་འཕྲལ་མར་སྤེལ་ཐབས་བྱེད་པས། དྲ་རྒྱའི་གསར་འགྱུར་རྩོམ་སྒྲིག་ལས་དོན་ནི་ཉིན་མཚན་བསྟུད་མར་སྤེལ་དགོས་ཀྱི་ཡོད། 4. ཕན་ཚུན་བསམ་བློ་བརྗེ་ཐབས་མི་འདྲ་བ། དྲ་རྒྱའི་གསར་འགྱུར་དང་ཚགས་པར་གསར་འགྱུར་གྱི་རྩོམ་སྒྲིག་པ་དང་ཀློག་པ་པོའི་བར་གྱི་བསམ་བློ་བརྗེ་རེས་བྱ་ཐབས་མི་འདྲ་བ་ཡོད། ཚགས་པར་གསར་འགྱུར་ལ་རྩོམ་སྒྲིག་པ་དང་ཀློག་པ་པོའི་བར་གལ་ཏེ་བསམ་བློ་བརྗེ་རེས་ཀྱི་འདོད་མོས་ཡོད་ཚེ་འཕྲིན་ཐུང་སྐུར་བ་སོགས་སྲོལ་རྒྱུན་གྱི་ཐབས་ལམ་བེད་སྤྱོད་བྱེད་པ་དང་། དེང་དུས་གློག་རྡུལ་ཡིག་སྒམ་དང་QQ སྐད་འཕྲིན་སོགས་ཀྱི་སྨྱན་སྦྱོར་བརྒྱུད་ནས་འབྲེལ་མཐུད་བྱེད་ཀྱི་ཡོད། དེའི་ཐད་དྲ་རྒྱ་དང་ཚགས་པར་གྱི་རྩོམ་སྒྲིག་པའི་བར་ཁྱད་པར་ཆེན་པོ་ཡོད། ཚགས་པར་ནི་ཞིབ་བཤེར་དང་པར་འདེབས། དཔེ་སྐྲུན་འཁོར་རྒྱུགས་སོགས་ཀྱི་བྱ་ཐབས་བརྒྱུད་གཞི་ནས་ཀློག་པ་པོའི་ལག་ཏུ་འབྱོར་བ་སོགས་ཀྱི་བརྒྱུད་རིམ་རྙོག་དྲ་ཆེ་ཡང་། དྲ་རྒྱའི་གསར་འགྱུར་ནི་ཆ་འཕྲིན་སྤེལ་རེས་ཤིན་ཏུ་མགྱོགས་པས། རྒྱ་ཆེའི་ཀློག་པ་པོས་སྐད་ཆ་འཇོག་པ་སོགས་ལ་བརྟེན་ནས་རྩོམ་སྒྲིག་པར་བསམ་ཚུལ་བརྗོད་ཆོག་པ་དང་། དེ་ཡང་རྩོམ་སྒྲིག་པ་དང་ཀློག་པ་པོའི་བར་བསམ་བློ་བརྗེ་རེས་ཀྱི་དགོས་མཁོ་དང་རྒྱ་ཆེའི་ཀློག་པ་པོར་སྔར་ལས་ལྷག་པའི་ཞབས་ཞུ་སྒྲུབ་ཆེད། དྲ་ཚིགས་འཕེལ་རྒྱས་སོགས་ཀྱི་ཆེད་དུ་གསར་འགྱུར་དྲ་ཚིགས་མང་ཆེ་བས་རང་གི་གསར་འགྱུར་ལེན་ཚན་སོ་སོའི་འོག་ཏུ་གཏམ་གླེང་བྱ་ཡུལ་བཟོས་ནས། དུས་ཐོག་ཏུ་ཀློག་པ་པོའི་དྲི་བར་ལན་འདེབས་པ་དང་། རང་ཉིད་ཀྱི་དྲ་ཚིགས་ལ་སྐྱོན་སེལ་ལེགས་བཅོས་བྱས་ཏེ་རྒྱ་ཆེའི་དྲ་གྲོགས་དག་ལ་སྔར་ལས་ལྷག་པའི་ཞབས་ཞུ་མཁོ་འདོན་དང་ཆབས་ཅིག་རང་ཉིད་ཀྱི་དྲ་ཚིགས་རྒྱ་ཁྱབ་དར་སྤེལ་གཏོང་གི་ཡོད། 5. རྩོམ་སྒྲིག་གི་ཡུལ་མི་འདྲ་བ། སྲོལ་རྒྱུན་གྱི་ཚགས་པར་གསར་འགྱུར་རྩོམ་སྒྲིག་སྐབས་གཏན་འཁེལ་བྱས་པའི་ཚགས་པར་གྱི་སྒྲིམ་གཞི་ལྟར་རྩོམ་སྒྲིག་གི་ལས་དོན་སྤེལ་དགོས། འོན་ཀྱང་དྲ་རྒྱའི་གསར་འགྱུར་དཔེ་སྐྲུན་ནི་རྟོག་བཟོ་དང་རང་དབང་། འགྱུར་སླ་བ་སོགས་ཀྱི་ལས་ཀའི་ཁོར་ཡུག་ཏུ་སྤེལ་གྱི་ཡོད་པ་དང་། དྲ་རྒྱའི་གསར་འགྱུར་གྱིས་འཛམ་གླིང་ཡོངས་ཀྱི་དྲ་རྒྱའི་སྟེགས་བུ་དང་འབྲེལ་མཐུད་ཀྱིས་ཆ་འཕྲིན་གྲབས་གསོག་གི་སྟེགས་བུ་ཆེན་པོ་ཞིག་བསྐྲུན་ཡོད། དྲ་རྒྱའི་གསར་འགྱུར་རྩོམ་སྒྲིག་ནི་སྲོལ་རྒྱུན་ཚགས་པར་གསར་འགྱུར་རྩོམ་སྒྲིག་གི་བཀག་རྒྱ་ལས་གྲོལ་ཏེ་འཛམ་གླིང་ཡོངས་ཀྱི་གསར་འགྱུར་གཅིག་སྡུད་བྱས་པ་ཞིག་རེད། སྤྱིར་བཏང་དྲ་རྒྱའི་གསར་འགྱུར་བརྒྱུད་བསྒྲགས་བྱེད་མི་མང་བས་དེས་དྲ་རྒྱའི་གསར་འགྱུར་རྩོམ་སྒྲིག་ལ་སྟོང་ཆ་ཆེན་པོ་ཞིག་བསྐྲུན་ཡོད།

    གསུམ། མཇུག་བསྡུ་བ།

    མདོར་ན། གོང་གསལ་དེ་དག་ལས་དྲ་རྒྱའི་གསར་འགྱུར་རྩོམ་སྒྲིག་དང་ཚགས་པར་གསར་འགྱུར་རྩོམ་སྒྲིག་དབར་འདྲ་བའི་ཕྱོགས་མང་པོ་ཡོད་པ་གང་ཞིག་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་མང་པོ་ཡོད་པ་རྟོགས་ཐུབ། དྲ་རྒྱའི་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་འགྲོ་བའི་དུས་སྐབས་འདིར། དྲ་རྒྱ་ནི་གསར་འགྱུར་བརྒྱུད་སྤེལ་བྱ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད། འོན་ཀྱང་སྲོལ་རྒྱུན་གྱི་ཚགས་པར་གསར་འགྱུར་བརྒྱུད་སྤེལ་ཡང་མེད་དུ་མི་རུང་བ་ཞིག་ཡིན་པས། མུ་མཐུད་དྲ་རྒྱ་སོགས་སྨྱན་སྦྱོར་གཞན་གྱི་ལེགས་ཆ་སློབ་སྦྱོང་བྱས་ཏེ་རྒྱུན་མཐུད་གོང་འཕེལ་གྱིས་ཚགས་པར་གསར་འགྱུར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་གལ་ཆེའོ། དེ་བཞིན་དུ་དེང་དུས་ཀྱི་དྲ་རྒྱའི་གསར་འགྱུར་བརྒྱུད་སྤེལ་སྟེགས་བུ་བེད་སྤྱོད་ལེགས་པོ་བྱས་ཏེ། ཕྱོགས་ཁག་གི་གསར་འགྱུར་གཅིག་སྡུད་བརྒྱུད་སྤེལ་བྱེད་པའི་ལམ་བུ་རྒྱ་ཆེར་གཏོད་པ་དང་། དེང་དུས་ཀྱི་ཚན་རྩལ་དང་དྲ་རྒྱའི་ལག་རྩལ་གོང་མཐོར་བཏང་སྟེ་དེའི་དམིགས་བསལ་གྱི་ནུས་པ་དང་ཁྱད་ཆོས་འདོན་སྤེལ་བྱེད་དགོས་པ་མ་ཟད། དྲ་རྒྱའི་གསར་འགྱུར་རྩོམ་སྒྲིག་དང་ཚགས་པར་གསར་འགྱུར་རྩོམ་སྒྲིག་ཟུང་འབྲེལ་གྱིས་དྲ་རྒྱའི་ཐོག་ཚགས་པར་གསར་འགྱུར་མཁོ་འདོན་བྱ་རྒྱུ་ཡང་། མ་འོངས་པར་ང་ཚོས་དབྱེ་ཞིབ་དང་འབད་འབུངས་བྱ་དགོས་པའི་གནས་ཤིག་ཡིན་པས། དེ་ལྟར་བྱུང་ན་ད་གཟོད་ཐབས་ལམ་ཅི་རིགས་ཀྱི་སྒོ་ནས་རྒྱ་ཆེའི་ཀློག་པ་པོ་ཚོར་སྔར་ལས་ལེགས་པའི་གསར་འགྱུར་གྱི་ཞབས་ཞུ་ཅི་ནུས་སྒྲུབ་ཐུབ་བོ།

    (བོད་རང་སྐྱོང་ལྗོངས་ཏང་ཨུད་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་གི་ཚེ་རིང་ཆོས་སྒྲོན)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།