དུས་བབ་གསར་པའི་འོག་གི་མི་རིགས་སྐད་ཡིག་གི་ཡིག་སྒྱུར་སྐོར་མདོ་ཙམ་གླེང་བ།
མི་རིགས་སྐད་ཡིག་ལས་དོན་ནི་རང་རྒྱལ་གྱི་མི་རིགས་ལས་དོན་ཧྲིལ་པོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། མི་རིགས་སྐད་ཡིག་ཡིག་སྒྱུར་ལས་དོན་ཡང་མི་རིགས་སྐད་ཡིག་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་རེད། དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་འགྲན་རྩོད་ཀྱི་རྦ་རླབས་དྲག་ཏུ་འཕྱུར་བའི་དེང་གི་ཆར། ཆ་འཕྲིན་དྲིལ་བསྒྲགས་ཀྱི་དགོས་མཁོའང་དེ་དང་ཆབས་ཅིག་ཇེ་ཆེར་འགྲོ་བཞིན་ཡོད། ཡིག་སྒྱུར་ནི་སྔར་བཞིན་ཆ་འཕྲིན་དྲིལ་བསྒྲགས་དང་ཚན་རྩལ་ཤེས་དཔལ་བརྒྱུད་བསྒྲགས་བྱེད་པའི་ལག་ཆ་གལ་ཆེན་ཞིག་དང་། མིའི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ། དེ་བཞིན་འཛམ་གླིང་གི་སྔོན་ཐོན་རིག་གནས་སྣ་ཚོགས་ནང་འདྲེན་བྱས་ནས་རང་མི་རིགས་ཀྱི་ཤེས་རིག་ཕུན་སུམ་ཚོགས་སུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་མ་ཟད། གསར་འགྱུར་ཡིག་སྒྱུར་ལས་དོན་པའི་འདོར་ཐབས་བྲལ་བའི་འགན་འཁྲི་ལྕི་པོ་ཞིག་ཀྱང་རེད།
རྒྱ་བོད་ཡིག་སྒྱུར་ཐད་མ་ཡིག་ལ་གོ་བ་ཡང་དག་བླངས་ནས་བརྗོད་དོན་མ་འཕྱུགས་པར་བུ་ཡིག་ཏུ་འབེབས་པ་ནི་ཡིག་སྒྱུར་གྱི་རྩ་བའི་བླང་བྱ་ཞིག་ཡིན་ལུགས་སྤྱིར་ན་ལོ་ཙཱ་བ་ཀུན་གྱིས་རྟོགས་ཀྱི་ཡོད་མོད། འོན་ཀྱང་སྣང་ཆུང་དང་ལྷོད་གཡེང་ཤོར་བའི་དབང་གིས་སྒྱུར་རྩོམ་ཁག་གཅིག་གི་བརྗོད་དོན་གནད་འཁེལ་མ་བྱུང་བར། ལོ་ཙཱ་བས་མ་ཡིག་ལ་གོ་བ་ཡང་དག་མ་བླངས་པ་ལྟར་གྱི་ཞན་ཆ་ཐོན་གྱི་ཡོད་པས། ང་ཚོས་རྒྱ་བོད་ཡིག་སྒྱུར་གྱི་བྱ་བ་སྔར་བས་གོམ་གང་མདུན་སྤོས་ཀྱིས་ཆུ་ཚད་གསར་པ་ཞིག་ཏུ་སླེབས་ཆེད། ཡིག་སྒྱུར་བྱ་གཞག་ལ་ཐུགས་ཁུར་དང་ཇུས་ཤུགས་མཉམ་འདོན་བྱ་རྒྱུ་ནི་ལོ་ཙཱ་བ་ཡོད་དོ་ཅོག་གི་བྱང་ཚད་མཐོ་རུ་གཏོང་ཐབས་ཉག་གཅིག་ཡིན་པས། ཁོ་མོས་དེའི་སྐོར་གྱི་ལྟ་ཚུལ་ཅུང་ཟད་གླེང་རྒྱུ་ཡིན།
དང་པོ། མ་ཡིག་ལ་གོ་བ་ཡང་དག་ལེན་དགོས།
ཡིག་སྒྱུར་བྱ་བའི་ཁྲོད་ཐུན་མོང་གིས་ཁས་ལེན་བྱེད་པའི་ཡིག་སྒྱུར་ལེགས་ཉེས་ཀྱི་གཞི་འཛིན་ས་ནི་མ་ཡིག་ལ་གོ་བ་ཡང་དག་ལེན་ཐུབ་མིན་དང་བརྡ་རྟགས་ཡང་དག་སྤྱོད་ཐུབ་མིན་ལ་ཐུག་ཡོད། དེའི་ཕྱིར་ཐོག་མར་མ་ཡིག་གི་བརྗོད་པ་དང་། ཚིག་སྔ་ཕྱིའི་དབར་གྱི་འབྲེལ་བ། དེ་བཞིན་མ་ཡིག་གི་ནང་དོན་ལ་དབྱེ་ཞིབ་དང་གོ་བ་ཡང་དག་ལོན་དགོས། མ་ཡིག་གི་གོ་དོན་བློས་དཔྱིས་ཕྱིན་པ་རྟོགས་རྗེས་སྒྱུར་བྱེད་ཡིག་རིགས་གང་དེའི་ཁྱད་ཆོས་གཞིར་བཟུང་། སྒྱུར་ཐབས་རྣམས་གང་ལ་གང་འཚམ་སྤྱད་དེ་མ་ཡིག་གི་བརྗོད་དོན་གཙོར་བྱས་ནས། ཚིག་དོན་གོང་འོག་འབྲེལ་མཐུད་དང་། ཚིག་སྦྱོར་གྱི་ཁྱབ་ཁོངས་ཧྲིལ་པོར་འགྱུར་མ་དག་པ་དང་ཚིག་སྦྱོར་མི་བདེ་བའི་གཡའ་དང་བྲལ་བར་བྱེད་དགོས། བོད་ཡིག་ཏུ་བསྒྱུར་བར་མཚོན་ན། བོད་ཡིག་ནས་ཐད་ཀར་རྩོམ་མཁན་བྱང་མ་ཞིག་གིས་བྲིས་པའི་ཉམས་དང་ལྡན་ཚེ་འགྱུར་ཡིག་ལེགས་པོར་བརྩི་ཆོག་སྙམ་པ་དང་། དེ་མིན་ཡིག་སྒྱུར་གྱི་གང་ཅིའི་དགོས་མཁོར་གཞིགས་ཏེ་སྣོན་འཕྲི་ཉུང་ཙམ་བྱེད་པ་ཕུད། ཁག་གཅིག་གིས“ཡིག་སྒྱུར་ནི་གསར་སྐྲུན་རང་བཞིན་ལྡན་པའི་བྱ་བ་ཞིག་རེད”ཅེས་རང་དགར་མ་ཡིག་གི་བརྗོད་དོན་བསྡུས་སུ་གཏོང་བའམ་ཡང་ན་བརྗོད་དོན་སྣོན་པ་ལྟ་བུ་ནི་དེ་ལས་ལྡོག་སྟེ་སྐྱོན་དུ་ཡང་འགྲོ་སྲིད། དེ་ཡང་དཔེར་ན། “全脂灭菌调味乳”ཞེས་པར་མར་བཏོན་ཚར་བའི་འོ་མ་ཞེས་པ་དང་ཡང“牦牛酸乳”ཞེས་པའི་གོ་དོན་དུ“གཡག་གི་འོ་མའི་ཞོ”ཞེས་པ་ལྟ་བུའི་གཏན་ཚིགས་ལས་འགལ་བའི་བསྒྱུར་ཡིག་དེ་རིགས་ཚོང་རྟགས་སོགས་སུ་སྤྱད་དེ་སྤྱི་ཚོགས་སུ་བཀྲམ་པ་བཞད་གད་ཆེན་པོའི་གཞིར་གྱུར། ཡིག་སྒྱུར་འདི་ལྟ་བུ་ཐོན་དོན་ནི་ལོ་ཙཱ་བས་མ་ཡིག་ལ་གོ་བ་གཏིང་ཟབ་མ་ལོན་པ་དང་སྒྱུར་བྱེད་ཡིག་རིགས་ལ་བྱང་ཆ་མེད་པའི་རྐྱེན་གྱིས་རེད། དངོས་གནས་བྱས་ན། ཡིག་རིགས་གང་ལ་མཁས་ཀྱང་ངེས་པར་དུ་སྤྱི་ཚོགས་འཚོ་བའི་ཉམས་མྱོང་ཡོད་དགོས་པ་མ་ཟད། མཐའ་ཡས་འཇིག་རྟེན་ཁམས་ཀྱི་བྱ་དངོས་ཚང་མར་རྟོག་ཞིབ་བྱེད་པའི་བློ་གྲོས་ཀྱང་ཡོད་དགོས། དེ་བས་ཐོས་བསམ་གྱི་སྒོ་མོ་ཡངས་པོར་ཕྱེ་ནས་རང་གཞན་ཀུན་གྱི་བློ་གྲོས་ལ་བརྟེན་ནས་ཉམས་མྱོང་མང་དུ་བསགས་མཐར་གཞི་ནས་ཡིག་སྒྱུར་ལས་ལ་གཞོལ་དགོས།
གཞན་ཡང་དཔེར་ན“美容དང་装修”ལ་མཛེས་འཆོས་དང་མཛེས་བཟོ་སོགས་རྒྱའི་སྐད་ཡིག་ནང་གི་གོ་དོན་མི་འདྲ་བའི་ཐ་སྙད་བོད་ཡིག་ཏུ་སྒྱུར་སྐབས། ཐ་སྙད་གཅིག་མཚུངས་ཀྱིས་གོ་བ་ལེན་པའང་མང་པོ་མཐོང་རྒྱུ་ཡོད། སྤྱིར་ན་美容ནི་མིའི་བྱད་བཞིན་མཛེས་སུ་གཏོང་བ་ཡིན་སྟབས་མཛེས་བཟོ་ཞེས་དང་། 装修ནི་ཁང་པ་སོགས་ལ་མཛེས་རྒྱན་སྤྲས་ཏེ་མཛེས་བཟོ་དོད་དུ་གཏོང་ཆེད་ཡིན་པས། མཛེས་རྒྱན་ཞེས་བོད་ཡིག་ཏུ་སྔར་ཡོད་མུས་ཀྱི་དོན་ལ་གནས་པའི་ཐ་སྙད་སྤྱད་ན་འཚམ། དེར་བརྟེན་ཡིག་སྒྱུར་སྐབས་ཐོག་མར་མ་ཡིག་གི་ནང་དོན་ལ་གོ་བ་ལེགས་པོ་ལེན་པ་དང་དེ་ནས་སྒྱུར་བྱེད་ཡིག་རིགས་ཀྱི་བརྡ་སྤྲོད་དང་མཐུན་པར་སྒྱུར་བའི་བརྒྱུད་རིམ་གཉིས་ལྡན་པ་སྟེ། ལོ་ཙཱ་བས་མིང་ཚིག་ཐ་སྙད་དང་དེ་བཞིན་ཚིག་གི་གོ་དོན་གསལ་རྟོགས་དང་གོ་བ་ཡང་དག་ལེན་པ་དང་། དུས་མཚུངས་བུ་ཡིག་གི་བརྗོད་པ་བདེ་ཞིང་བརྡ་སྤྲོད་ཡང་དག་པའི་ཁར། མིང་ཚིག་ཐ་སྙད་ཚད་ལྡན་གཅིག་གྱུར་མེད་པའི་སྣང་ཚུལ་དང་རང་སྣང་གང་དྲན་གྱིས་ཐ་སྙད་སྤྱོད་རྐྱང་བྱེད་པའི་སྣང་ཚུལ་ཁྱད་བསད་བྱས་ནས་དུས་རབས་གསར་པའི་ཡིག་སྒྱུར་བྱ་གཞག་ལ་སྐུལ་འདེད་གཏོང་དགོས།
གཉིས་པ། ཐ་སྙད་གནད་འཁེལ་གྱིས་བརྡ་སྤྲོད་དང་མཐུན་པར་སྒྱུར་དགོས་པ།
ཡིག་སྒྱུར་བྱེད་སྐབས་མ་ཡིག་ལ་གོ་བ་ཟབ་མོ་ལེན་དགོས་པ་ཕུད། སྒྱུར་བྱེད་ཡིག་རིགས་ཀྱི་བརྡ་སྤྲོད་དང་མཐུན་པ་དང་སྔར་ཡོད་ཀྱི་ཐ་སྙད་ལེགས་པོར་སྤྱོད་རྒྱུ་ཤིན་ཏུ་གལ་ཆེ། སྐད་རིགས་སོ་སོར་ལོ་རྒྱུད་རིང་མོའི་ཁྲོད་དུ་གོམས་གཤིས་སུ་ཆགས་པའམ་གཏན་པ་ཕབ་པའི་བརྡ་སྤྲོད་ལུགས་ཤིག་དང་། ཁ་སྐད་དང་ཡིག་སྐད་གང་དུ་འཇགས་པའི་ཐ་སྙད་མཆིས་པས། དེ་དང་འགལ་ན་འགྱུར་ཡིག་གི་དོན་རབ་རིབ་ཏུ་འགྱུར་ལ་ཚིག་སྔ་ཕྱིའི་གོ་རིམ་འཁྲུགས་ནས། བརྗོད་བྱའི་དོན་སྙིང་ཅི་ཡིན་ཆ་མི་འཚལ། དེང་གི་ཡིག་སྒྱུར་ལ་བརྗོད་བྱ་ནོར་ནས་སྒྱུར་གནད་འཁེལ་མེད་པའམ་ཡང་ན་བརྗོད་བྱེད་ཁ་གསལ་མེད་པ་དང་། སྒྱུར་བྱེད་ཡིག་རིགས་ཀྱི་འགྲོ་ལུགས་དང་མི་མཐུན་པ་དང་། ཐ་སྙད་གྲུབ་སྟངས་ཕྱིན་ཅི་ལོག་པ་སོགས་ཀྱི་སྣང་ཚུལ་ཐོན་བཞིན་པ་ནི་ང་ཚོས་མཐོང་གསལ་ཏེ་དཔེར་ན། “多媒体”ལ་སྨྱན་སྦྱོར་མང་པོ་དང་། “太阳灶”ལ་ཉི་འོད་ནུས་པའི་ཐབ། “自卸车 ”ལ་རང་འབབ་རླངས་འཁོར་ལྟ་བུ་བསྒྱུར་ན་དོན་ལ་གནས་མོད་ཀྱང་བརྗོད་པ་མི་བདེ་བས་འཚོ་བའི་ཁྲོད་དུ་བེད་སྤྱོད་དང་ཁྱབ་གདལ་བྱེད་དཀའ། དེར་བརྟེན“多媒体”ལ་རྒྱུད་ལམ་སྣ་མང་དང“太阳灶”ལ་ཉི་ཐབ། “自卸车”ལ་ལྕགས་གཞོང་ཞེས་བསྒྱུར་ན་བསྟན་བྱའི་དོན་ལ་གནས་པ་དང་གོ་བདེ་བར་སྙམ།
གསུམ་པ། ལོ་ཙཱ་བར་འགན་འཁྲིའི་འདུ་ཤེས་ཟབ་མོ་ལྡན་དགོས་པ།
དེང་གི་ཆར་སྒྱུར་ཡིག་གཙོ་བོ་བྱས་པའི་ཁྲོད་ཐ་སྙད་འདྲ་མིན་སྣ་ཚོགས་ཐོན་བཞིན་ཡོད་པས། དེ་དག་མང་ཆེ་བ་ལོ་ཙཱ་བས་རང་འདོད་གང་བསམ་གྱིས་བསྒྱུར་པ་ལས་བྱུང་ཞིང་། སྐད་ཡིག་གཉིས་རགས་ཙམ་ཤོད་ཐུབ་ལ་གོ་ཐུབ་མཁན་ཁག་གཅིག་གིས་རང་ཉིད་ཡིག་སྒྱུར་མཁས་པར་བརློམས་ནས་ཡིག་སྒྱུར་ལས་ལ་འཇུག་པས་རེད། ཚང་མས་ཤེས་གསལ་ལྟར་ལོ་ཙཱ་བས་ཡིག་སྒྱུར་ལས་དོན་ཁྲོད་སྨྱན་སྦྱོར་གྱི་ནུས་པ་འདོན་དགོས་ཁར་མ་ཡིག་དང་འགྱུར་ཡིག་བླ་སྲོག་གཅིག་ཏུ་འཛིན་དགོས། ལོ་ཙཱ་བ་མེད་ན་ཡིག་སྒྱུར་ཡང་ཡོང་མི་སྲིད་པས་ཕུལ་བྱུང་གི་ལོ་ཙཱ་བ་ཞིག་ཡིན་ན་ཕུལ་དུ་བྱུང་བའི་འགྱུར་རྩོམ་ཐོན་སྲིད་པས་དེས་འགྲོ་བ་མིའི་རིགས་ལ་ཕན་པ་འདོགས་པ་དང་རིག་གནས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ། དེས་ན་ལོ་ཙཱ་བ་ཞིག་ལ་ངེས་པར་དུ་སྲ་ཞིང་བརྟན་པའི་ཡིག་སྒྱུར་རིག་གཞུང་གི་ཤེས་བྱའི་རྨང་གཞི་ཡོད་དགོས་ལ། ཕུན་སུམ་ཚོགས་པའི་ཡིག་སྒྱུར་ཉམས་མྱོང་ཡོད་དགོས་པ་ལས། སྐད་ཡིག་གཉིས་ཀྱི་ཆུ་ཚད་ཅུང་ཟད་ཡོད་པའམ་ཆེད་ལས་ཤེས་བྱ་མེད་བཞིན་དུ་ཡིག་སྒྱུར་ལག་ལེན་བྱས་ན་འགྱུར་རྩོམ་ལེགས་པོ་ཞིག་ཐོན་དཀའ་བ་དང་། ལྷག་དོན་དུ་དེང་སྐབས་ཀྱི་མཐོ་གསར་ལག་རྩལ་ཤེས་བྱའམ་གསར་དར་ཆ་འཕྲིན་ཤེས་བྱ་ཡིག་སྒྱུར་བྱེད་སྐབས་ཐ་སྙད་གསར་པ་མང་བས་ལོ་ཙཱ་བར་རེ་བ་དེ་བས་མཐོ་པོ་ཡོད།
བཞི་པ། ལོ་ཙཱ་བའི་བྱང་ཚད་མཐོ་རུ་གཏོང་དགོས་པ།
དེ་ཡང་སྔོན་བྱོན་ལོ་ཙཱ་བ་མང་པོས་རིག་གནས་ཆེ་ཆུང་རྣམས་ཡིག་སྒྱུར་གནང་སྐབས་ཐ་སྙད་ཕུན་སུམ་ཚོགས་ཤིང་གཅིག་མཐུན་བྱུང་བ་ནི་ཅི་འདྲའི་ཡ་མཚན་དང་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་དགོས་པ་ཞིག་རེད། ཁོང་རྣམ་པས་འབད་འབུངས་ཆེར་བསྐྱེད་ཀྱིས་མི་རིགས་གཞན་དག་གི་དགེ་མཚན་རྣམས་ལེགས་པར་བསྡུས་ཏེ་རང་མི་རིགས་ཀྱི་རིག་གནས་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་རང་གི་སྐད་ཡིག་ཏུ་བསྒྱུར་གནང་སྟེ་བོད་ཀྱི་རིག་གནས་དར་སྤེལ་བཏང་ཡོད་མོད། འོན་ཀྱང་དེ་ཙམ་གྱིས་བློ་ཡིད་ཚིམས་ནས་བསྡད་ཚེ་ག་ལ་འགྲིག འཇིག་རྟེན་ཁམས་ཀྱི་བྱ་དངོས་མཐའ་དག་འཕེལ་རྒྱས་འགྲོ་དང་འགྲོ་བཞིན་ཡོད་ལ། སྤྱི་ཚོགས་བྱ་གཞག་དང་། ཚན་རིག་ལག་རྩལ། མི་རིགས་ཀྱི་རིག་གནས་བཅས་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བའི་སྐབས་འདིར། བོད་རྒྱ་ཡིག་སྒྱུར་ལས་དོན་པར་གཞན་ལས་ལྷག་པའི་འགན་འཁྲི་ལྕི་པོ་ཡོད་པ་ནི་དུས་རབས་ཀྱིས་ང་ཚོར་དཀྲིས་པའི་ལྡོག་མེད་ལས་འགན་ཞིག་རེད། ཆ་འཕྲིན་ལས་རིགས་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་དུས་འདིར། དུས་རབས་གསར་པའི་རྒྱ་བོད་ལོ་ཙཱ་བའི་བྱང་ཚད་ཐད་ཀྱི་རེ་བའང་ཇེ་མཐོར་འགྲོ་བཞིན་ཡོད། དེས་ན་དང་ཐོག་རྒྱ་བོད་ལོ་ཙཱ་བར་རྒྱ་བོད་སྐད་ཡིག་གཉིས་ཀྱི་རྨང་གཞི་བརྟན་པོ་ཡོད་དགོས་པ་དང་། ལས་དེར་འཇུག་པར་བོད་ཡིག་གི་སུམ་རྟགས་དག་གསུམ་ཁོང་དུ་ཆུད་པའི་རྨང་གཞིའི་ཐོག རང་རིགས་ཀྱི་གོམས་འདྲིས་ལྟར་ཀློག་པ་པོས་ཀློག་བདེ་བ་དང་རྟོགས་སླ་བའི་ཚིག་སྦྱོར་ལ་བརྟེན་ནས་མ་ཡིག་གི་ནང་དོན་མཚོན་ཐུབ་པ་དགོས། གསར་འགྱུར་ལོ་ཙཱ་བར་ཆབ་སྲིད་ཀྱི་བྱང་ཚད་ངེས་ཅན་ལྡན་དགོས་པ་ནི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ཞིང་། གསར་འགྱུར་ལས་དོན་པ་ཞིག་ཡིན་ཕྱིན། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་གཏོད་མཁན་དང་དྲིལ་བསྒྲགས་པ་ཞིག་ཡིན་པས། ཏང་གི་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་དྲིལ་བསྒྲགས་བྱེད་པའི་འོས་འགན་ཆེན་པོ་ཡོད།
མདོར་ན་རང་རེ་ལོ་ཙཱ་བ་དང་བོད་སྐད་ཡིག་གི་བྱ་གཞག་ལ་འབད་པ་བྱེད་མཁན་སྐྱེ་བོ་ཚང་མས་ཆབ་སྲིད་ཀྱི་འགན་སེམས་ཆེན་པོ་དང་ཡར་ཐོན་བརྩོན་ལེན་གྱི་ལས་དོན་སྒྲུབ་སེམས་ཆེན་པོས་རང་ཉིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་མཐུན་རྐྱེན་གང་ལེགས་བསྐྲུན་ཐོག ཡིག་སྒྱུར་གྱི་བྱ་གཞག་འདི་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་དགོས།
(བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་པུའུ་ཡིག་སྒྱུར་ཚོགས་ཆུང་གི་བདེ་སྐྱིད་ཀྱིས)
འགན་འཁུར་རྩོམ་སྒྲིག་པ། 索朗旺堆
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣