དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཡིག་གི་དྲ་བའི་ཡིག་སྒྱུར་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-30

    བོད་ཡིག་གི་དྲ་བ་བཏོད་པའི་དམིགས་ཡུལ་ནི་རྒྱ་ཆེའི་བོད་རིགས་མང་ཚོགས་ལ་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཆ་འཕྲིན་སྣ་ཚོགས་བརྒྱུད་སྤེལ་བྱེད་པའི་ཆེད་དུ་ཡིན། བོད་ཡིག་གི་དྲ་བ་ཡང་བོད་ཡིག་ཚགས་པར་སོགས་དང་འདྲ་བར། བོད་རིགས་ས་ཁུལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་དཔལ་འབྱོར་འཕེལ་རྒྱས་ཐད་སྐུལ་འདེད་གཏོང་བ་དང་། བོད་རིགས་མང་ཚོགས་ཀྱི་ཚན་རིག་རིག་གནས་ཆུ་ཚད་མཐོ་རུ་གཏོང་བ། བོད་མི་རིགས་ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་དང་སྲ་བརྟན་གཏོང་བ་བཅས་ཐད་འགན་ལྕི་པོ་འཁུར་ཡོད་པ་རེད།

    བོད་ཡིག་དྲ་བ་འདི་ཉིད་བོད་མི་རིགས་ཀྱི་སྐད་དང་ཡི་གེ་སྤེལ་རེས་བྱེད་པའི་ལག་ཆ་ལྟ་བུར་འགྱུར་བ་དང་། ཡིད་དབང་འཕྲོག་ཤུགས་ཆེན་པོ་ཡོད་པ་མ་ཟད། མི་རིགས་ཀྱི་བརྩེ་བ་མཚོན་པ་དང་། མི་རིགས་ཀྱི་ཡིད་ཆེས་དང་སྙིང་སྟོབས་དར་སྤེལ་གཏོང་བ། མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ཐུན་མོང་མ་ཡིན་པའི་ནུས་པ་གལ་ཆེན་བཏོན་ཡོད་ལ། བོད་ཡིག་དྲ་བའི་ཐོག་བོད་ཡིག་རྩོམ་ཡིག་གཏོང་སྤེལ་བྱེད་པ་དེ་ཡང་ཏང་དང་སྲིད་གཞུང་གི་ལས་འགན་གཙོ་བོའི་གྲས་ཤིག་ཡིན་པ་དང་། བོད་རིགས་མི་དམངས་རང་ཁྱིམ་རང་བདག་དང་བོད་རིགས་འདུས་སྡོད་ཁུལ་དུ་མི་རིགས་ས་ཁོངས་ལམ་ལུགས་ལག་ལེན་བསྟར་བའི་མཚོན་ཚུལ་ཞིག་དང་བོད་རིགས་ཀྱི་སྐད་ཡིག་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པ་རེད།

    《ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བའི》བོད་ཡིག་དྲ་བའི་རྩོམ་ཡིག་མང་ཆེ་བ་ནི《བོད་ལྗོངས་ཉིན་རེའི་ཚགས་པར》བོད་ཡིག་པར་ངོས་དང་། 《མི་དམངས་ཉིན་རེའི་ཚགས་པར》བོད་ཡིག་པར་ངོས། 《བོད་ལྗོངས་ཁྲིམས་ལུགས་ཚགས་པར》བོད་ཡིག་པར་ངོས་བཅས་ལས་ཡོང་གི་ཡོད་མོད། འོན་ཏེ་ད་ཡོད་ཀྱི་ཚགས་པར་དེ་དག་ཁོ་ནར“སྒུག་བརྟེན་སློང”ལྟ་བུའི་རྣམ་པའི་ཐོག་ནས། བོད་ཡིག་དྲ་བ་གཉེར་ན་མི་འགྲིག་པས་ང་ཚོས་སྤྱི་ཚོགས་ཐོག་གླེང་མང་བ་དང་། མང་ཚོགས་ཀྱིས་དོ་ཁུར་བྱེད་མང་བའི་ནང་དོན་རྩོམ་ཡིག་ཏུ་འབྲི་བའམ། མི་གཞན་གྱིས་བྲིས་པ་བོད་ཡིག་ཏུ་ཕབ་སྟེ་དྲ་བའི་ཐོག་གི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ལྷག་དོན་དུ་གློ་བུར་དུ་བྱུང་བའི་རང་བྱུང་གནོད་འཚེ་དང་། རྒྱལ་ཕྱི་རྒྱལ་ནང་གི་གསར་འགྱུར་རིགས་ཀྱི་ནང་དོན་ཁག་གཅིག་དང་། ཡུལ་སྐོར་ཕྱོགས་སྟོན་གྱི་ནང་དོན་སོགས་ཚགས་པར་གྱི་ནང་དོན་མ་བསྒུག་པར་དུས་ཐོག་ཏུ་རང་ཉིད་ཀྱིས་དྲ་བའི་ཐོག་མངོན་པར་བྱེད་དགོས། དེར་བརྟེན་དྲ་བའི་ཐོག་ཡིག་སྒྱུར་ལེགས་པོ་ཞིག་བྱུང་མིན་དེ་ཐད་ཀར་བོད་ཡིག་དྲ་བའི་སྤྱིའི་སྤུས་ཚད་དང་འབྲེལ་བ་ཡོད་པ་དང་། བོད་ཡིག་དྲ་བའི་ཡིག་སྒྱུར་ལས་ཀའང་གལ་ཆེན་དུ་འགྱུར་བས་ང་ཚོས་ངེས་པར་དུ་བོད་ཡིག་དྲ་བའི་ཡིག་སྒྱུར་ལས་དོན་ཡག་པོ་བསྒྲུབ་དགོས།

    དང་པོ། དྲ་བའི་ཡིག་སྒྱུར་གྱི་བརྒྱུད་རིམ་ཁག་གཅིག

    ཡིག་སྒྱུར་ནི་སྒྱུ་རྩལ་ཞིག་ཡིན་པས་སྐད་ཡིག་སྒྱུ་རྩལ་གྱི་གསར་གཏོད་བསྐྱར་མ་རེད་ཅེས་བཤད་ཆོག གལ་ཏེ་རྩོམ་ཡིག་འབྲི་བ་དེ་ནི་རང་དགར་འཁྲབ་པའི་བྲོ་གར་ལྟ་བུ་ཞིག་ལ་བརྩིས་ན། ཡིག་སྒྱུར་ནི་རྐང་ལྕགས་ལག་ལྕགས་བརྒྱབ་ནས་བྲོ་གར་འཁྲབ་པ་ལྟ་བུ་ཞིག་ཡིན་པ་མ་ཟད། དེའི་འགྱུར་ཁུག་དང་བསྟུན་ནས་ཡག་པོ་ཞིག་འཁྲབ་ཐུབ་པ་བྱེད་དགོས་ཀྱི་ཡོད། གང་ལགས་ཤེ་ན། མ་ཡིག་གི་གསར་རྩོམ་དེ་སྐད་ཡིག་གི་རྣམ་པའི་ཚོད་འཛིན་མི་ཕོག་པར། རྩོམ་པ་པོ་རང་ཉིད་ཀྱིས་རྒྱུས་མངའ་ཆེ་བའི་སྐད་དང་ཡི་གེ་བེད་སྤྱད་དེ་རང་དགར་རྩོམ་ཆོག་པ་དང་། ཡིག་སྒྱུར་ནི་མ་ཡིག་གི་ནང་དོན་ལ་གཞིགས་པ་དང་། བུ་ཡིག་གི་སྐད་དང་ཡི་གེའི་འགྲོས་དང་བསྟུན་ནས་མ་ཡིག་གི་བསམ་ཕྱོགས་མཚོན་པ་བྱེད་དགོས་ཀྱི་ཡོད་པར་བརྟེན། དྲ་བའི་ཡིག་སྒྱུར་དེ་ཡང་ཡིག་སྒྱུར་གཞན་དང་འདྲ་བར་འགོ་བཙུགས་མ་ཐག་འགྲུབ་པ་ཞིག་རྩ་བ་ནས་མ་ཡིན་པར། བརྒྱུད་རིམ་ངེས་ཅན་ཞིག་བརྒྱུད་དགོས་པ་མ་ཟད། བྱ་ཐབས་འགའ་ཞིག་སྤྱད་ཚེ་གཞི་ནས་བསྒྲུབ་ཐུབ། དེར་བརྟེན་བོད་ཡིག་དྲ་བའི་ཡིག་སྒྱུར་སྐབས་སུའང་གྲ་སྒྲིག་བྱེད་པ་དང་། གོ་བ་ལེན་པ། མཚོན་པར་བྱེད་པ་བཅས་ཀྱི་གོ་རིམ་གསུམ་ངེས་པར་དུ་བརྒྱུད་དགོས་ཀྱི་ཡོད། གྲ་སྒྲིག་བྱེད་པའི་བརྒྱུད་རིམ་ནི་གང་བསྒྱུར་བྱའི་མ་ཡིག་ལག་ཏུ་སོན་རྗེས་ཐེངས་མང་ཀློག་ཏེ་རྩོམ་ཡིག་གི་ནང་དོན་དང་གྲུབ་ཚུལ་རོབ་ཙམ་ཤེས་དགོས་པ་དང་། གཙོ་གནད་དང་དཀའ་གནད་ཤེས་དགོས་པ། ཚིག་མཛོད་སོགས་བསྔོག་པའམ་དཔྱད་ཡིག་སོགས་བཙལ་ཏེ། དཀའ་གནད་ཤེས་པར་བྱེད་དགོས་པ་མ་ཟད། བསྒྱུར་ཐབས་བསམ་གཞིག་བྱེད་པ་དང་། གཙོ་གནད་འབུར་དུ་ཐོན་པ་བྱས་ནས་ཡིག་སྒྱུར་མ་བྱས་གོང་གི་གྲ་སྒྲིག་ལས་དོན་རྣམས་ཡག་པོ་བསྒྲུབ་དགོས། གོ་བ་ལེན་པའི་བརྒྱུད་རིམ་ནི་ཡིག་སྒྱུར་གྱི་བརྒྱུད་རིམ་ནང་མ་ཡིག་ལ་གོ་བ་ཇི་ལྟར་ལེན་དགོས་མིན་དང་། དེ་བཞིན་རྒྱ་ཡིག་ནང་མིང་གཅིག་དོན་མང་ནི་ཐོན་དང་ཐོན་མུས་ཡིན་པས་སྟབས་བདེའི་མིང་དང་ཚིག་གང་རུང་ཞིག་བེད་སྤྱོད་བྱ་ཡུལ་མི་འདྲ་བ་དང་། རྩོམ་ཡིག་གོང་འོག་འབྲེལ་མཐུད་མི་འདྲ་བའི་དབང་གིས་ནང་དོན་ཡང་མི་འདྲ་བས་མིང་དང་ཚིག་གི་གོང་འོག་དང་འབྲེལ་མཐུད་བྱས་ཏེ་ནང་དོན་དབྱེ་གསལ་བྱེད་དགོས། མ་ཡིག་གི་ནང་དོན་གོ་བ་ཡང་དག་པ་ལེན་ཐུབ་པ་བྱ་རྒྱུ་དེ་ནི་ཡིག་སྒྱུར་ལས་དོན་གྱི་སྔོན་འགྲོའི་ཆ་རྐྱེན་གྱི་གྲས་ཤིག་རེད། མཚོན་པར་བྱེད་པའི་བརྒྱུད་རིམ་ནི་ཡིག་སྒྱུར་བྱེད་སྐབས། ནང་དོན་ལ་གོ་བ་ཡང་དག་པ་ལེན་ཐུབ་པ་ཙམ་གྱིས་ཡིག་སྒྱུར་གྱི་ལས་དོན་ལམ་ལྷོངས་བྱུང་བ་ཞིག་མ་ཡིན་པར། མ་ཡིག་ལ་གོ་བ་ཡང་དག་པ་ལེན་པ་དེ་ནི་བུ་ཡིག་ཐོག་ནས་ལེགས་པར་མཚོན་པར་བྱེད་པའི་རྨང་གཞི་ཞིག་ཡིན་ལ། ཡང་དག་པར་མཚོན་ཐུབ་མིན་དེའང་ཡིག་སྒྱུར་ལེགས་པོ་ཐུབ་མིན་གྱི་འགག་རྩ་ཞིག་ཀྱང་ཡིན། བུ་ཡིག་ཐོག་ནས་ཡང་དག་པར་མཚོན་མ་ཐུབ་ན་ཀློག་པ་པོ་ལོག་ལམ་དུ་ཁྲིད་པའི་ཉེན་ཁ་ཆེན་པོ་ཡོད། དེས་ན་ཡང་དག་པར་མཚོན་པར་བྱེད་པའི་འགག་རྩ་ནི་གང་བརྗོད་པར་བྱ་བའི་དོན་དེ་རྗོད་བྱེད་ཀྱི་མིང་ངམ་ཚིག་འཚམ་ཤོས་སྤྱད་ནས་མཚོན་པར་བྱེད་པ་དང་། བུ་ཡིག་གི་ནང་དོན་དང་བསམ་ཚུལ་སོགས་ཐད་མ་ཡིག་དང་མཐུན་གང་ཐུབ་བྱེད་དགོས་པ་མ་ཟད། དྲ་བའི་གསར་འགྱུར་དེ་དུས་ཚོད་མྱུར་བ་དང་། ཁྱབ་རྒྱ་ཆེ་ལ་མགྱོགས་པ། ཤུགས་རྐྱེན་ཆེ་བ་སོགས་ཡིན་སྟབས། བུ་ཡིག་གི་ནང་དོན་གསོན་ཉམས་དོད་པ་དང་། བརྗོད་པ་བདེ་པོ་བསྒྱུར་དགོས་ཀྱི་ཡོད། འོན་ཏེ། ལོ་ཙཱ་བ་ཁག་གཅིག་གིས་དྲ་བའི་གསར་འགྱུར་ཡིག་སྒྱུར་བྱེད་སྐབས་མང་ཚོགས་ཀྱིས་གོ་བདེ་བ་དང་། དམངས་ཀྱིས་དང་ལེན་ཐུབ་པའི་མིང་ཚིག་བེད་སྤྱོད་མི་བྱེད་པར་བརྡ་རྙིང་པ་སོགས་སྤྱོད་པ་ནི་རྒྱུན་དུ་མཐོང་རྒྱུ་ཡོད་པ་སྟེ། དཔེར་ན། “无私的援助”ལྟ་བུར་ཨ་ན་ཨུ་ཚུགས་ཀྱིས་བརྡ་རྙིང་པ་སྤྱད་དེ“འཇུངས་པ་མེད་པའི་རོགས་སྐྱོར”ཅེས་པ་ལྟ་བུ་བསྒྱུར་བ་ཤིན་ཏུ་མང་།

    གཉིས་པ། དྲ་བའི་ཡིག་སྒྱུར་གྱི་བྱ་ཐབས་ཁག་གཅིག

    ཡིག་སྒྱུར་གྱི་བྱ་ཐབས་ནི་ཡིག་སྒྱུར་བྱེད་སྐབས་བེད་སྤྱོད་བྱེད་པའི་ཐབས་ཤེས་སམ་ཐབས་ཇུས་སོགས་ལ་ཟེར་བ་སྟེ། སྤྱིར་ཐད་བསྒྱུར་དང་། དོན་བསྒྱུར། སྒྲ་བསྒྱུར། ཐད་ལོག་བསྒྱུར། བསྡུས་བསྒྱུར་སོགས་ལ་གོ། འོ་ན་དྲ་བའི་ཐོག་གོང་གི་བསྒྱུར་ཐབས་དེ་དག་ལས་གང་སྤྱད་དགོས་སམ་ཞེ་ན། དེ་ནི་དྲ་བའི་ལེ་ཚན་ནམ་ལེ་ཚན་གྱི་ནང་དོན་མི་འདྲ་བར་བརྟེན་ནས་བསྒྱུར་ཐབས་ཀྱང་མི་འདྲ་བ་སྤྱད་ཆོག 《ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ》ལྟ་བུར་མཚོན་ན། ལེ་ཚན་ཆེ་བ་གསར་འགྱུར་དང་། སྲིད་དོན། ཞིང་འབྲོག་གསར་པ། ཁྲིམས་ལུགས། ཚན་སློབ་འཕྲོད་བསྟེན། རྩོམ་རིག་སྒྱུ་རྩལ། བོད་རིག་པ་དང་ཆོས་ལུགས། བོད་ལུགས་གསོ་རིག ལོ་རྒྱུས་ས་ཁམས། སྣོད་བཅུད་ཡུལ་སྐོར། འཛམ་གླིང་རྒྱང་ལྟ། སྒྲ་དབྱངས་བརྙན་མཐོང་། པར་མཛོད་བཅས་ཡོད་པས། སྤྱིར་ལེ་ཚན་མང་ཆེ་བར་མ་ཡིག་གི་ནང་དོན་རང་སོར་གནས་པ་མ་ཟད། མ་ཡིག་གི་རྣམ་པའང་རང་སོར་གནས་པའི་ཐད་བསྒྱུར་བྱ་ཐབས་སྤྱད་དགོས་པ་དང་། དེ་བས་མ་ཡིག་དང་བུ་ཡིག་གི་མཚོན་ཐབས་གཅིག་པའི་ཐོག་ནས་ནང་དོན་གཅིག་པ་མཚོན་དགོས་པ་མ་ཟད། ནུས་པའང་གཅིག་པ་ཐོན་ཚེ་ཐད་བསྒྱུར་སྤྱད་དགོས། རྩོམ་རིག་ལེ་ཚན་ལྟ་བུ་ནི་མ་ཡིག་གི་ནང་དོན་རང་སོར་གནས་པ་ལས་མ་ཡིག་གི་རྣམ་པ་རང་སོར་མི་གནས་པའི་དོན་བསྒྱུར་བྱ་ཐབས་སྤྱད་དགོས་པ་དང་། དེ་བས་མ་ཡིག་དང་བུ་ཡིག་གི་མཚོན་སྟངས་མི་འདྲ་བའི་སྒོ་ནས་ནང་དོན་གཅིག་པ་མཚོན་ཐུབ་པ་དང་། ཕན་འབྲས་ཀྱང་གཅིག་པ་ཐོན་ཐུབ་ཚེ་དོན་བསྒྱུར་བྱས་ཆོག དྲ་ཐོག་ཚན་རྩལ་མིང་ཚིག་དང་། སྐྱེ་དངོས་གསར་པའི་རིགས་སོགས་ཡིག་སྒྱུར་བྱེད་སྐབས། བཀས་བཅད་བྱས་མེད་པ་དག་ཐ་སྙད་དེའི་སྒྲ་འདོན་སྟངས་ཐད་ནས་གསར་གཏོད་རང་བཞིན་དང་བཅས་སྒྲ་བསྒྱུར་བྱེད་དགོས་ཀྱི་ཡོད། དཔེར་ན། ཉེ་ཆར་ཁོ་མོས་བསྒྱུར་བའི་ཀྲུང་གོར་ནོ་པེར་བྱ་དགའ་དང་པོ་ཐོབ་མཁན་བུད་མེད་ཚན་རིག་མཁས་ཅན《ཐུའུ་ཡིའུ་ཡིའུ་ཡི་ལོ་རྒྱུས》ཞེས་པའི་དེབ་དེའི་ནང“起初最有效的治疟药物来自金鸡纳树”ལྟ་བུར“འདར་ནད་བཅོས་པར་ཕན་ནུས་ཆེ་ཤོས་ཀྱི་ཆེས་ཐོག་མའི་སྨན་རྫས་ཀྱི་ཡོང་ཁུངས་ཅིན་ཅིས་ནཱ་སྡོང་པོ་ནས་ཡིན”ཞེས་གསོ་རིག་སྨན་རྫས་ཀྱི་མིང“金鸡纳树”ཞེས་པར“ཅིན་ཅི་ནཱ་སྡོང་པོ”ཞེས་སྒྲ་བསྒྱུར་བྱས་ཚེ། ཀློག་པ་པོས་དེ་ནི་གསོ་རིག་སྨན་རྫས་ཤིག་ཡིན་མ་ཟད། དེའང་སྡོང་པོ་ཞིག་ཡིན་པ་དེ་མུར་ཤེས་ཐུབ། གཞན་ཡང་། མོ་ཊ་དང་། རི་ལི་ལྟ་བུའི་མིང་ཚིག་ཁག་གཅིག་ནི་སྒྲ་བསྒྱུར་བྱས་པ་ལས་ད་ལྟ་བར་བོད་རིགས་མང་ཚོགས་ཚོའི་རྣ་བར་འཇགས་ཤིང་ངག་ལ་གསལ་བར་འགྱུར་ཟིན་པས་དེ་ལས་ལྡོག་ཏེ་ཐ་སྙད་གཞན་རླངས་འཁོར་དང་། མེ་འཁོར་ཞེས་བསྒྱུར་ན་བརྗོད་མི་བདེ་བ་ལྟ་བུར་གྱུར་ཡོད་པས། ངག་ལ་འཇགས་ཟིན་པའི་ཐ་སྙད་སྤྱད་ན་ལེགས་པར་སེམས། ཐད་ལོག་བསྒྱུར་བ་ནི་མ་ཡིག་གི་སྐད་བརྡའི་གོ་རིམ་ལྟར་ཐད་ཀར་བསྒྱུར་ན་བརྗོད་བྱའི་དོན་མི་གསལ་བའམ་ཡང་ན་གོ་ལོག་ཐེབས་པ་རྣམས། ཚིག་སྔ་ཕྱིའི་གོ་རིམ་བརྗེས་ནས་བོད་རང་གིས་གོ་བདེ་བ་ཞིག་ཏུ་བསྒྱུར་རྒྱུ་དེ་ཡིན་པས་དྲ་བའི་ཐོག་བསྒྱུར་ཐབས་འདི་བེད་སྤྱོད་བྱེད་པའི་ནང་དོན་ཉུང་། འོན་ཀྱང་དྲ་བའི་ཐོག་ད་དུང་སྤྱོད་མང་བའི་བསྒྱུར་ཐབས་གཞན་ཞིག་ཡོད་པ་ནི་བསྡུས་བསྒྱུར་རམ་འདེམས་བསྒྱུར་ཡིན་པ་སྟེ། བསྒྱུར་ཐབས་དེ་ནི་ཡིག་སྒྱུར་གྱི་བརྒྱུད་རིམ་ནང་མ་ཡིག་གི་རྩོམ་རིང་པོ་ཡོད་པ་དང་། ནང་དོན་མང་པོ་ཡོད་པའི་རིགས་བོད་ཡིག་ཏུ་བསྒྱུར་སྐབས། ཆ་ཚང་བསྒྱུར་ཚེ་ཡིག་རྫོབ་ཆེ་བ་དང་། རྙོག་དྲ་ཆེ་བ། གཙོ་གནད་མེད་པར་འགྱུར་བ་མ་ཟད། བསྒྱུར་རྩོམ་ཧ་ཅང་རིང་པོ་ཆགས་སྲིད་པས། དེས་ན་མ་ཡིག་གི་སྙིང་བཅུད་དང་གཙོ་གནད་རྣམས་ཁུ་བསྡུས་ཏེ་ཡིག་སྒྱུར་བྱས་ཚེ། མ་ཡིག་གི་ནང་དོན་བརྒྱུད་སྤེལ་བྱེད་ཐུབ་པ་མ་ཟད། ཡིག་སྒྱུར་བྱས་པའི་བོད་ཡིག་དག་ཀྱང་སྟབས་བདེ་ལ་ཁ་གསལ་བ་ཞིག་ཏུ་འགྱུར་ཐུབ་པས། རྣམ་ཀུན་སྐབས་རིམ་བྱུང་གི་ཚོགས་འདུའི་སྙན་སྒྲོན་སོགས་ཀྱི་ནང་དོན་སྙིང་བསྡུས་ཀྱིས་བསྡུས་བསྒྱུར་རམ་འདེམས་བསྒྱུར་བྱས་ཏེ་དྲ་ཐོག་ཏུ་དུས་ཐོག་ཏུ་སྤེལ་ཆོག ལྷག་དོན་དུ་དྲ་བའི་ཐོག་བརྗོད་གཞི་གང་ཞིག་དང་འབྲེལ་བའི་རྩོམ་གང་ཞིག་སྤེལ་རུང་། སྤྱོད་དགའ་ཤོས་ནི་རྩོམ་གང་ཐུང་དང་། མང་ཚོགས་དང་འབྲེལ་གང་ཆེ། ནང་དོན་ཁུ་གང་བསྡུས། སྤུས་གང་དག་བཅས་ཡིན་སྟབས། དྲ་བའི་ཐོག་ཐད་བསྒྱུར་དང་། དོན་བསྒྱུར། སྒྲ་བསྒྱུར་ཕུད་བསྡུས་བསྒྱུར་རམ་འདེམས་བསྒྱུར་ཡང་སྤྱོད་མང་བའི་བསྒྱུར་ཐབས་ཤིག་ཏུ་མངོན།

    གསུམ་པ། དྲ་བའི་ཡིག་སྒྱུར་སྐབས་འཛོམས་དགོས་པའི་ཆ་རྐྱེན་ཁག་གཅིག

    དྲ་བའི་ལོ་ཙཱ་བ་ཞིག་གི་ངོས་ནས་འབྲེལ་ཡོད་ཀྱི་དྲ་བའི་ཤེས་བྱ་དང་། ཡིག་སྒྱུར་གྱི་བརྒྱུད་རིམ། ཡིག་སྒྱུར་བྱ་ཐབས་བཅས་ཤེས་དགོས་པ་ཕུད། ད་དུང་གཤམ་གསལ་ཆ་རྐྱེན་ཁག་འཛོམས་དགོས་པ་སྟེ། གཅིག་ནས་བོད་སྐད་ཡིག་གི་རྨང་གཞི་ཡག་པོ་ཡོད་དགོས་ཤིང་། བོད་སྐད་ཚང་མས་བེད་སྤྱོད་ཡག་པོ་གཏོང་ཐུབ་ཀྱི་ཡོད་མོད། འོན་ཀྱང་ཡིག་སྒྱུར་བྱེད་སྐབས། མིང་ཚིག་ཅིག་དང་བརྗོད་པ་ཞིག་ལ་འདང་རྒྱག་ཡང་ནས་ཡང་དུ་མ་བྱས་ན། ཡིག་སྒྱུར་ཡང་དག་པ་ཞིག་བྱེད་མི་ཐུབ་པར་བརྟེན། བོད་ཡིག་གི་རྨང་གཞི་ལེགས་ཉེས་ཀྱིས་ཐད་ཀར་ཡིག་སྒྱུར་གྱི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་སྲིད་པས། འབད་པ་ཆེར་སྐྱེད་ཀྱིས་བོད་སྐད་དང་བོད་ཡིག་སྦྱང་རྒྱུ་ནི་དྲ་བའི་ཡིག་སྒྱུར་ལས་དོན་གྱི་གལ་འགངས་ཆེ་བའི་གནད་དོན་ཞིག་ཡིན་པ་དང་། གཉིས་ནས་རྒྱ་སྐད་དང་རྒྱ་ཡིག་གི་རྨང་གཞི་ཡང་ཡག་པོ་ཡོད་དགོས་ཤིང་། རྒྱ་ཡིག་གི་མིང་ཚིག་དང་། བརྡ་སྤྲོད་དག་ཁྱོན་ཡོངས་ནས་ཁོང་དུ་ཆུད་ཐུབ་ཚེ། ཡིག་སྒྱུར་བྱེད་སྐབས་ཀྱི་རྒྱ་ཡིག་མ་ཡིག་ལ་གོ་བ་ཡང་དག་པ་ལེན་ཐུབ་པ་མ་ཟད། བོད་ཡིག་གི་འགྱུར་ཡིག་ཡང་དག་པ་དང་། གནད་དུ་འཁེལ་བ། དོན་ལ་འཇུག་པོ་བཅས་ཀྱི་ཐོག་ནས་ཀློག་པ་པོར་མཁོ་འདོན་བྱ་རྒྱུ་འགན་ལེན་བྱེད་ཐུབ། གསུམ་ནས་ཤེས་རྒྱ་ཆེན་པོ་ཡོད་དགོས་ཤིང་། ལོ་ཙཱ་བ་ཞིག་ལ་ཤེས་རྒྱ་ཆེན་པོ་ཡོད་ཚེ། ཡིག་སྒྱུར་ལས་ཀའང་དེ་བས་ལེགས་པ་བསྒྲུབ་ཐུབ་ཅིང་། ཡིག་སྒྱུར་ཡག་པོ་བྱེད་པར། མ་ཡིག་ལ་གོ་བ་ལེན་སྟངས་དང་། བུ་ཡིག་ནས་མཚོན་སྟངས་གང་གི་ཆ་ནས་ཀྱང་ཤེས་བྱ་ཕུན་སུམ་ཚོགས་པ་ཡོད་དགོས། ཕུན་སུམ་ཚོགས་པའི་ཤེས་བྱ་ངེས་ཅན་ཞིག་གསོག་འཇོག་བྱས་མེད་ཚེ། ལོ་ཙཱ་བའི་སྐད་ཡིག་གི་ཆུ་ཚད་མཐོ་པོ་ཇི་ཙམ་ཡོད་ཀྱང་། ཡིག་སྒྱུར་གྱི་ཕན་འབྲས་ལེགས་ཤོས་དེ་ཐོན་མི་ཐུབ་པར་བརྟེན། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཤེས་བྱ་གསོག་འཇོག་བྱེད་དགོས་པ་མ་ཟད། རང་གིས་གསོག་འཇོག་བྱས་པའི་ཤེས་བྱ་དག་ཡིག་སྒྱུར་གྱི་བརྒྱུད་རིམ་ནང་བེད་སྤྱད་དེ་བོད་ཡིག་དྲ་བའི་ཡིག་སྒྱུར་ཡག་པོ་ཞིག་བྱེད་ཐུབ་པ་བྱེད་དགོས་སོ།(བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བའི་ཚེ་རིང་ཆོས་སྒྲོན་གྱིས)

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།