ལོ་ཙཱའི་གཞུང་ལུགས་རྣམས་སུ། སྐད་རིགས་གཅིག་ནས་སྐད་རིགས་གཞན་ཞིག་ཏུ་ཕབ་སྒྱུར་བྱ་བའི་རིམ་པ་ནི། ཡང་བསྐྱར་རིག་རྩལ་གྱི་གསར་གཏོད་ཀྱི་ལས་རིམ་ཞིག་ལ་་ངོས་འཛིན་གནང་གི་ཡོད་ལ། འགྱུར་ཡིག་ལས་བསྒྱུར་བྱ་མ་ཡིག་གི་གོ་དོན་དང་སྐད་ཆའི་ཁྱད་ཆོས་འཕྱུགས་པ་མེད་པར་མངོན་ཅི་ཐུབ་དགོས་ཁར། སྒྱུར་བྱེད་བུ་ཡིག་གི་ཁྱད་ཉམས་ལ་ཡང་བསྟུན་དགོས་ཏེ། བསྒྱུར་བྱ་མ་ཡིག་གི་བརྡ་དོན་སྤྲོད་ལུགས་བྱང་ཆུབ་དགོས་ལ་སྒྱུར་བྱེད་བུ་ཡིག་གི་ཐུན་མོང་མ་ཡིན་པའི་བརྡ་སྤྲོད་ཆོས་ཉིད་དང་རྒྱུན་སྤྱོད་ཐ་སྙད་ཀྱང་འོས་ཤིང་འཚམ་པའི་སྒོ་ནས་སྤྱོད་ཐུབ་པ་དགོས།
ལོ་ཙཱ་བྱེད་སྐབས། བརྡ་དང་ཐ་སྙད་རྣམས་ཐོགས་པ་མེད་པར་སྤྱོད་ཤེས་པ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་ཡིན་པ་ནི་བསྙོན་དུ་མེད། བརྡ་དང་ཐ་སྙད་འབོར་ཆེན་ཐོས་པས་གསོག་པ་དང་། མ་ཡིག་གི་བརྡ་དང་ཐ་སྙད་ཀྱི་གོ་དོན་རྣལ་མ་ལོན་ཏེ། ཡང་དག་ལ་འཇུག་པ་བདེ་བའི་སྒོ་ནས་བུ་ཡིག་གི་བརྡ་ཆད་འོས་འཚམ་གྱིས་སྤྱོད་ཤེས་པ་དགོས་པ་ནི་ཡིག་སྒྱུར་ལས་དོན་པ་ཞིག་གི་ཆེས་རྨང་གཞིའི་འཇོན་ནུས་དང་དགོས་ངེས་ཀྱི་བྱང་ཚད་ཅིག་ཀྱང་རེད།
བོད་དང་རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་གཞན་ཡིན་ཕྱིན། ང་ཚོས་བྲིས་པ་དང་། བསྒྲིགས་པ། བསྒྱུར་པའི་བོད་ཡིག་གི་གསར་འགྱུར་དང་། ཡིག་ཆ་དང་། སློབ་དེབ་དང་། ཚན་རིག་ཁྱབ་གདལ་གྱི་ལྟ་དེབ་རྣམས་ལས། རྒྱ་ཆེའི་བོད་རིགས་མི་དམངས་མང་ཚོགས་ལ་རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་བརྒྱུད་བསྒྲགས་དང་། ཏང་དང་སྲིད་གཞུང་གི་ལམ་ཕྱོགས་སྲིད་ཇུས་དྲིལ་བསྒྲགས། ཚན་རིག་རིག་གནས་ཀྱི་ཤེས་བྱ་ཁྱབ་སྤེལ་བཅས་བྱེད་བཞིན་ཡོད། གལ་སྲིད་ང་ཚོས་བྲིས་པ་དང་བསྒྲིགས་པ། བསྒྱུར་པའི་ཡི་གེ་གང་དེ་བོད་སྐད་ཡིག་གི་བརྡ་སྤྲོད་ཆོས་ཉིད་དང་བོད་སྐད་ཡིག་གི་མིང་ཚིག་གི་སྡེབ་སྲོལ་དང་མ་མཐུན་ན། འགྱུར་ཡིག་གི་ནང་དོན་གོ་མི་བདེ་ཞིང་། རྡོ་ཆག་བཙན་སྒྲིག་གི་རྗེས་ངན་གསལ་ཅིང་། བརྗོད་བྱའང་རབ་རིབ་ཏུ་འགྱུར་ངེས། མ་ཟད་ཀློག་དུས་ངག་ལ་མི་བདེ་བ་སོགས་ཀྱིས་གསར་འགྱུར་དང་། ཡིག་ཆ། ལྟ་དེབ། དྲིལ་བསྒྲགས་དཔྱད་གཞི་རྣམས་ཀྱི་དྲིལ་བསྒྲགས་ཀྱི་ཕན་ནུས་ཉམས་ཞན་དུ་འགྲོ་སྲིད། དེའི་ཕྱིར་བོད་ཡིག་གི་གསར་འགྱུར་དང་། ཡིག་ཆ། ལྟ་དེབ་གང་ཅིར་བོད་སྐད་ཡིག་གི་བརྡ་སྤྲོད་ཆོས་ཉིད་དང་བསྟུན་གང་ནུས་བྱེད་དགོས་ལ། རྒྱུན་དུ་བསམ་གཞིག་མང་ཙམ་དང་། བོད་ཡིག་ཐོག་ནས་བྲིས་པའི་རྩོམ་ཡིག་མང་ཙམ་ཀློག་དགོས་ཁར། མང་ཚོགས་ཀྱི་སྐད་ཆར་སློབ་སྦྱོང་མང་ཙམ་བྱས་ནས། འགྱུར་ཡིག་གང་རུང་དུ་བོད་སྐད་ཀྱི་བརྡ་སྤྲོད་ལུགས་དང་མཐུན་ཞིང་ཕ་སྐད་གཙང་མ་རྒྱུན་འཁྱོངས་ཀྱིས་བོད་སྐད་ཡིག་གི་སྦྱོང་སྤྱོད་ལ་སྐུལ་འདེད་གང་ལེགས་བཏང་སྟེ་ང་ཚོའི་བརྒྱུད་བསྒྲགས་ཀྱི་ཕན་ནུས་གོང་མཐོར་གཏོང་དགོས།
ང་ཚོའི་བརྙན་འཕྲིན་དང་ཚགས་པར་། རླུང་འཕྲིན་སོགས་སྨྱན་སྦྱོར་ཚན་པས་མང་ཚོགས་ཀྱི་སྙན་དུ་སྒྲོན་རྒྱུའི་རྩོམ་ཟིན་མང་པོ་ཡིག་སྒྱུར་ལས་བྱུང་བ་ཞིག་རེད། ལྷག་པར་དུ་གཞུང་ཡིག་དང་། ཚན་རིག་རིག་གནས་ཀྱི་ལྟ་དེབ་དང་། དྲིལ་བསྒྲགས་ཡིག་ཆ། བརྡ་ཁྱབ། སྦྱར་བྱང་མང་ཆེ་བ་རྒྱ་ཡིག་ནས་བསྒྱུར་པ་རྐྱང་རྐྱང་ཡིན་པ་དང་། རྩོམ་པ་པོ་མང་པོས། རྩོམ་རིག་དང་། ཁྲིམས་ལུགས། ལོ་རྒྱུས། གཞུང་ཡིག་དང་ཆོས་ལུགས་སྐོར་གྱི་བོད་ཡིག་གི་མ་དཔེ་ལྟ་ཀློག་བྱེད་རྒྱུ་ཉུང་བ་དང་། མང་ཚོགས་དང་འབྲེལ་འདྲིས་ཀྱིས་ཁོ་ཚོའི་སྐད་ཆར་ཉམས་ཞིབ་བྱེད་རྒྱུ་མ་འདང་བའི་རྐྱེན་གྱིས། བོད་ཡིག་ཐོག་ནས་བྲིས་པའི་རྩོམ་ཡིན་རུང་རྩོམ་ནང་ཡིག་སྒྱུར་གྱི་མཛུབ་རྗེས་ལྷམ་མེར་གསལ་བའི་མིང་ཚིག་མི་ཉུང་བ་ཞིག་མཐོང་རྒྱུ་ཡོད། སྤྱིར་བརྡ་སྤྲོད་གཞུང་གི་མིང་ཚིག་གཉིས་སུ་ཕྱེ་བའི་ཚིག་གི་གྲུབ་ཚུལ་ལས། ཁྱད་ཆོས་བརྗོད་པའི་མིང་དང་དངོས་པོའི་མིང་ཕན་ཚུན་སྦྱར་བ་ལས་བྱུང་བའི་ཚིག་གི་བརྗོད་རིམ་གྱི་གནད་དོན་སྐོར་གཙོ་བོར་བྱས་ཏེ་ཞུས་ན། ཚང་མས་མཁྱེན་གསལ་ལྟར། མིང་དང་མིང་སྦྱར་ཏེ་ཚིག་ཏུ་གྲུབ་སྐབས། རྒྱ་བོད་ཡིག་རིགས་གཉིས་ཀྱི་མིང་གི་བརྗོད་རིམ་ལ་ཁྱད་པར་ཆེན་པོ་ཡོད་དེ། ཁྱད་གཞི་ལ་ཁྱད་ཆོས་སྦྱོར་སྐབས་མིང་གི་བརྗོད་རིམ་འཁྲུག་པ་ནི་རྒྱ་བོད་ལོ་ཙཱའི་སྐབས་སུ་ཆེས་འབུར་དུ་ཐོན་པའི་སྣང་ཚུལ་ཞིག་རེད། དེ་ཡང་རྒྱ་སྐད་ཀྱི་ཁྱད་གཞི་ཁྱད་ཆོས་སྦྱར་བའི་ཚིག་གི་བརྗོད་རིམ་ཇི་བཞིན་བོད་སྐད་དུ“ཞྭ་དཔེ་ལྷམ་འགེབས”བྱས་པའི་འགྱུར་ཡིག་དག་ལས་བྱུང་བ་རེད། བརྗོད་རིམ་ལོག་པའི་ཚིག་དེ་དག་བོད་སྐད་ཀྱི་བརྡ་སྤྲོད་ཆོས་ཉིད་དང་ཡོངས་སུ་འགལ་བས་མ་ཚད། ཚིག་ཏུ་སྒྲུབ་སྐབས་དགོས་མེད་ཀྱི་འབྲེལ་སྒྲ་འཕར་མ་ཞིག་གསར་དུ་སྣོན་དགོས་པར་ཆགས། དེ་ལྟར་རྩོམ་ནང་དགོས་མེད་ཀྱི་ཚིག་རོ་མང་པོ་སྦྱར་བས། འགྱུར་ཡིག་རྣམས”རྙོག་འཛིང་ཆེ་ལ་ཟང་ཟིང་དུ་གྱུར་པས། འགྱུར་ཡིག་གི་ནང་དོན་དང་། ཁྱད་ཆོས། ཕན་ནུས་སོགས་གང་ཅིར་གནོད་པ་ཆེན་པོ་ཐེབས་ཡོད་དེ། གཤམ་གྱི་དཔེར་བརྗོད་ལ་གཟིགས་པར་འཚལ། 悠久的历史、优秀的学生ལྟ་བུར། བོད་སྐད་ཀྱི་བརྡ་སྤྲོད་ལུགས་ལྟར་ན་ཁྱད་གཞི་སྔོན་དང་ཁྱད་ཆོས་རྗེས་སུ་སྦྱོར་དགོས་པ་སྟེ། ལོ་རྒྱུས་ཡུན་རིང་། སློབ་ཕྲུག་ཕུལ་བྱུང་ཞེས་སྒྱུར་དགོས།
ཡང་དམིགས་བསལ་གནས་སྐབས་སུ་ཚིག་གི་བརྗོད་རིམ་དམིགས་བསལ་བྱས་ཆོག་པའང་ཡིན་ཏེ། རྩོམ་རིག་གི་བརྩམས་ཆོས་མང་པོའི་ནང་དང་། ལྷག་པར་ཚིག་རྒྱན་གྱིས་བཅིངས་པའི་སྙན་ངག་རྣམས་སུ་ཚིག་འགྲོས་ཀྱི་དགོས་མཁོ་དང་རྒྱན་གྱི་ཉམས་ཐོན་ཕྱིར་བརྗོད་རིམ་གོང་འོག་བརྗེས་པས་སྒྱུ་རྩལ་གྱི་ཉམས་མངོན་པར་གསལ་བའང་ཡོད་ཏེ། དཔེར་ན། ཁོང་མཛངས་བསོད་ནམས་བསགས་པའི་མི། བཟང་པོའི་ཆོ་རིགས་སྤྱོད་པས་བསྲུང་། ངན་པའི་མི་དང་གྲོགས་ལ་བསྡོངས་བ་ན། དུག་དང་བསྡོངས་ན་དུག་གི་ཁ་རླངས་ཕོག ངན་པའི་ཚོགས་དང་ནག་པོའི་སོལ་བ་འདྲ། ཚ་མོས་བསྲེག་ཉེན་གྲང་མོས་རྫས་ཉེན་ཆེ། བདེ་བ་ཆུང་ལ་ཆགས་པ་དེས། ཆེན་པོའི་བདེ་བ་ཐོབ་མི་སྲིད་ལྟ་བུ་རེད། ཡིན་་ནའང་གནས་སྐབས་སུ་འདི་རིགས་ཕུད་ནས། རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་ཚིག་སྦྱོར་སྤེལ་སྐབས། ཁྱད་གཞི་སྔོན་དང་ཁྱད་ཆོས་རྗེས་སུ་སྦྱོར་བ་ལས། གཤམ་གསལ་ལྟ་བུའི་བརྗོད་སྲོལ་མི་རིགས་པ་སྟེ། དམར་པོའི་ཕྱུ་པ། སྔོན་པོའི་གནམ། དཀར་པོའི་སྤྲིན་པ། ཁྲ་ཁྲའི་བ་ཕྱུགས། མཛེས་པའི་བུ་མོ། སྐྱོ་པོའི་མི་ཚང་། ཕྱུག་པོའི་ཞིང་པ། སྐྱིད་པོའི་ལུང་པ། མེ་མདའ་ལན་པར་གྱི་རྐང་འཁོར། ས་བཞུ་ལན་པར་གྱི་ཐ་མག ནོར་བུ་མེ་འབར་གྱི་ཇ། བདེ་པོའི་ལམ། སྐད་གྲགས་ཅན་གྱི་མི། འཇོན་ཐང་ཅན་གྱི་མི། བྱམས་སེམས་ཅན་གྱི་ཨ་མ། འོད་ཆེམ་ཆེམ་གྱི་སྐར་མ། བློ་ལྡན་གྱི་རི་བོང་། ལྟ་བུའོ།
ང་ཚོས་བོད་ཡིག་གི་གནའ་བོའི་དཔེ་རྙིང་དང་། གཞུང་ཡིག ཁྲིམས་ཡིག་སོགས་ལ་ལྟ་སྐབས། དཔེ་ཆའི་ཚིག་སྦྱོར་སྙན་ལ། གཏན་ཚིགས་དམ་པ། བརྗོད་རིམ་གསལ་བ་ཤ་སྟག་སྟེ། བརྗོད་ན་ཁ་ལ་བདེ་ལ། ཉན་ན་རྣ་བར་སྙན་ཅིང་། བློ་ལ་ངེས་བདེ་བ་རྐྱང་རྐྱང་རེད། འོན་ཀྱང་དེང་སྐབས་ང་ཚོའི་མཐོང་ཆོས་སུ་གྱུར་པའི་རྩོམ་ཡིག་དང་དཔྱད་གཞི་མང་པོར། བཀླག་དཀའ་བ། འགྲེལ་དཀའ་བ། གོ་དཀའ་བ། བློ་འཛིན་དཀའ་བའི་སྣང་ཚུལ་ཡོད་པ་དཔེར་ན། གྲགས་ཅན་གྱི་མི་སྣ། གྲགས་ཅན་རྩོམ་པ་པོ། ཕྱུག་པོའི་དུད་ཚང་། དབུལ་པོའི་དུད་ཚང་། གྲགས་ཅན་ཚོང་རྟགས། གལ་ཆེའི་དགོངས་པ། གཙོ་བོའི་ལས་འགན་ལྟ་བུ་བརྗོད་རིམ་འཁྲུགས་པའི་ཚིག་འདི་དག་ཡིག་ཆ་དང་། དཔྱད་གཞི་དང་། གསར་འགྱུར་དུ་ཧ་ཅང་མཐོང་མང་པོ་རེད། ཚིག་དེ་དག་གི་བརྗོད་རིམ་ལ་དབྱེ་ཞིབ་ནན་ཏན་བྱས་ན། ཚིག་གི་བར་དུ་དགོས་མེད་ཀྱི་འབྲེལ་སྒྲ་ཞིག་ལྷག་པས་མ་ཚད། འབྲེལ་སྒྲ་དེ་ཡང་སྙིང་འབྲེལ་སྒྲའི་བྱེ་བྲག་གང་དུ་གཏོགས་མིན་ཡང་ཤིན་ཏུ་རྟོགས་དཀའ་བའི་གནས་སུ་གྱུར། ཚིག་དེ་དག་བོད་སྐད་ལ་གདོད་མ་ནས་ཆགས་ཟིན་པའི་ཚིག་གི་བརྗོད་རིམ་ལྟར་ན། རྩོམ་པ་པོ་གྲགས་ཅན། དུད་ཚང་དབུལ་པོ། དགོངས་པ་གལ་ཆེན། ལས་འགན་གཙོ་བོ་ལྟར་བརྗོད་དགོས། དེ་ལྟར་བརྗོད་པས་ཁ་ནས་བརྗོད་བདེ་ལ་གོ་བ་ལེན་བདེ་བ་དང་། ལུགས་དང་མཐུན་ཞིང་དཀྱིལ་གྱི་དགོས་མེད་ཀྱི་འབྲེལ་སྒྲ་ཡང་སྤོང་ཐུབ་པ་བྱུང་བས། བོད་སྐད་ཀྱི་ཚགས་པར་དང་དུས་དེབ། དཔེ་དེབ་ཀྱི་ཤོང་ཚད་ཆེ་རུ་འགྲོ་ཐུབ་ལ། རྩོམ་སྲོལ་བཟང་པོ་སྐྱོང་རྒྱུའི་རེ་བ་དང་ཡང་མཐུན་པ་ཞིག་གོ
སྣང་ཚུལ་དེའི་སྐོར་མང་དུ་ཐོན་པའི་རྒྱུ་རྐྱེན་གཙོ་བོ་ནི། གུས་མོས་བསམ་ན། བརྡ་སྤྲོད་ཀྱི་ཆོས་ཉིད་དང་བོད་སྐད་ཡིག་གི་སྦྱོར་སྲོལ་ལ་སྣང་འཇོག་དེ་ཙམ་མེད་པའི་དབང་གིས་ཡིན་ཞིང་། གསར་དུ་བྱུང་བའི་ཐ་སྙད་གང་མང་མང་ཞིག་ཀུན་གྱིས་ཐུན་མོང་ཐོག་བགྲོ་གླེང་མེད་པར་སོ་སོས་ཅི་འདོད་དུ་སྒྱུར་མིང་བཏགས་པ་དང་ཡང་འབྲེལ་བ་ཆེ་བར་བསམ། མ་གཞི་མཁས་དབང་མང་པོས་སྣང་ཚུལ་དེར་དམིགས་པའི་ལྟ་བ་གསལ་བཏོན་དང་། དཔྱད་རྩོམ་སྤེལ་བ་སོགས་གནང་ཡོད་ཀྱང་། ཆེས་དམིགས་བསལ་གྱི་དོ་སྣང་བྱེད་མཁན་མེད་པས། སྦལ་པ་རྨ་ཅན་གྱི་དཔེ་ལྟར། གཅིག་ནས་གཅིག་ཏུ་འགོས་པས་མ་དག་རྒྱུན་འབྱམས་སུ་ཆགས།
གུས་མོས་འདིར་ཆེད་དུ་དཔྱད་རྩོམ་འདི་འདྲ་ཞིག་སྤེལ་བས། སྔར་ན་མེད་པའི་ལེགས་བཤད་བཤད་དུ་མེད་ཀྱང་། རྒྱ་ཆེའི་རྩོམ་སྒྲིག་པ་དང་། རྩོམ་པ་པོ། ལོ་ཙཱ་བ་སོགས་བོད་སྐད་ཡིག་གི་ལས་དོན་པ་རྣམ་པས་གཙོས། བོད་སྐད་ཡིག་གི་སྦྱོང་སྤྱོད་སྤེལ་གསུམ་གྱི་ཕྱག་ལས་གནང་མུས་ཀྱི་སྐྱེ་བོ་ཀུན་ལ་ཁྱད་གཞི་ཁྱད་ཆོས་སྦྱར་བའི་ཚིག་གི་བརྗོད་རིམ་ཐད་གསལ་འདེབས་ཙམ་དུ་ཕུལ་བས། དེ་སྐོར་མ་དག་མི་རིག་པ་གང་ཡོད་དགོངས་འཆར་ལྷུག་སྩོལ་གནང་བར་མཁྱེན།