དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་ཐབས་སྐོར་གྱི་བསམ་གཞིག་ཐོར་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-23

    རྩོམ་འབྲི་བའི་བྱ་བ་ནི་སྣེ་འཛོམས་རང་བཞིན་ལྡན་པའི་ཀླད་པའི་ངལ་རྩོལ་ཞིག་ཡིན་ཞིང་། དེ་ནི་ངེས་པར་དུ་རྩོམ་པ་པོ་རང་ཉིད་ཀྱིས་ཕྱི་རོལ་ཡུལ་གྱི་བྱ་དངོས་ལ་འཛིན་པའི་ཤིན་ཏུ་རྣོ་བའི་ཚོར་བ་དང་། ཡུན་རིང་སྤྱི་ཚོགས་ཀྱི་འཚོ་བར་ཟབ་འཇུག་གིས་དཀའ་སྤྱད་སྙིང་རུས་ལ་བརྟེན་ནས་ལག་པ་ཡང་ཡང་འགུལ་དགོས་རྐྱེན། ལག་ལེན་རང་བཞིན་ལ་བརྟེན་དགོས་པ་ཞིག་ཡིན། སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་བར་གཤམ་གྱི་ཆ་རྐྱེན་ལྡན་དགོས་པ་སྟེ།

    དང་པོ། སུམ་རྟགས་དག་གསུམ་གྱི་རྩ་བའི་རྨང་གཞི་ལེགས་པོ་ཡོད་དགོས།

    དཔལ་ལོས་“ཡི་གེའི་སྦྱོར་བ་ལ་འཁྲུལ་ན། དོན་རྣམས་འཁྲུལ་བ་སྨོས་ཅི་དགོས། འདི་ནི་གསུང་རབ་མ་ལུས་པའི། ཕྱི་མོར་ཤེས་པས་མཁས་མང་གི གཞུང་ལ་བརྟེན་ནས་བདག་གིས་ཀྱང་། འདི་ཉིད་ཁོ་ནར་ནན་ཏན་བྱས”ཞེས་གསུངས་གཤིས། རྩོམ་ལ་འཇུག་པར་ཐོག་མར་བརྡ་སྤྲོད་གཞུང་ལ་སྦྱངས་པ་བྱེད་དགོས་ཤིང་། ཡི་གེའི་སྦྱོར་བ་མ་ནོར་མ་འཁྲུལ་བར་སྤྱོད་ཤེས་པ་དགོས། དེ་བཞིན་མངོན་བརྗོད་ཀྱི་མིང་ཚིག་བེད་སྤྱོད་གཏོང་སྟངས་འོས་ཤིང་འཚམ་པ་ཞིག་ངེས་པར་དགོས་ཏེ། དེ་ལྟར་མ་བྱུང་ན་སུམ་རྟགས་དག་གསུམ་གྱི་འཇུག་ཚུལ་ནོར་བ་དང་འཁྲུལ་བ་མང་ཞིང་། ཚིག་གི་སྦྱོར་བ་མ་ཤེས་ཁར། མངོན་བརྗོད་སོགས་རྒྱན་གྱིས་མ་སྤུད་ཚེ། རྩོམ་ཡིག་དེ་ནི་ཚིག་མང་བསྡུས་པའི་ཕུང་པོ་ཞིག་སྟེ། འཕྲུལ་ཆས་ཀྱི་ལྷུ་ལག་ཆ་ཚང་ཡོད་ཀྱང་དེ་དག་སྒྲིག་སྦྱོར་བྱེད་ཚུལ་ཡག་པོ་མ་བྱུང་བ་ལྟར་འགུལ་བསྐྱོད་མི་ཐུབ་པའི་ཕན་མེད་ཅིག་ཆགས་པར་ངེས། དེ་ཡང་། “ཡི་གེ་མི་དག་བརྡ་སྤྲོད་རྒན་པོར་རློམས། ཚིག་སྦྱོར་མི་ཐོན་སྙན་ངག་པ་ལ་རློམས། རྩོད་རིག་མི་ཤེས་གཞུང་སོགས་འགྲེལ་འདོད་པ། གཟུགས་བརྙན་འདི་དག་ཀུན་གྱིས་འཕྱ་བའི་ཡུལ”ཞེས་གསུངས་པ་ལྟར་རོ།

    གཉིས་པ། རྩོམ་འབྲིའི་གཞུང་ལུགས་ཤེས་བྱར་ཐོས་བསམ་བྱེད་དགོས།

    རྩོམ་འབྲིའི་རྩ་བའི་གཞུང་ལུགས་ཤེས་བྱར་ཐོས་བསམ་བྱ་རྒྱུ་དེ་ནི་སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་འགྲོ་བའི་ལག་ལེན་གཙོ་གནད་ཅིག་ཡིན། རྩོམ་འབྲིའི་རིགས་པའི་གཞུང་ལུགས་ཀྱིས། རྩོམ་འབྲིའི་ལག་ལེན་ལ་མཛུབ་ཁྲིད་མེད་ན། རྩོམ་ཡིག་ཡག་པོ་ཞིག་ཡོང་དཀའ་བས། རྩོམ་འབྲིའི་ལག་ལེན་ལ་མཐོང་ཆེན་བྱེད་པ་དང་ཕྱོགས་མཚུངས་རྩོམ་འབྲིའི་རྨང་གཞིའི་ཤེས་བྱ་སློབ་སྦྱོང་བྱ་རྒྱུར་མཐོང་ཆེན་བྱེད་དགོས་པ་ཡིན།

    དཔེར་ན། ཁང་པ་བསྐྲུན་པར་ས་རྡོ་དང་ཤིང་ཆ་སོགས་རྒྱུ་ཆ་ཡོད་ཀྱང་། ཁང་པ་ཅི་འདྲ་བསྐྲུན་དགོས་པའི་ལས་གྲྭའི་རི་མོ་དང་འཆར་གཞི། ལག་རྩལ་སོགས་མེད་ན་མི་འགྲིག་པ་ཇི་བཞིན་རྩོམ་ཡིག་འབྲི་སྐབས་རྩོམ་འགོ་འཛུགས་སྟངས་དང་གོ་རིམ་སྒྲིག་སྟངས། བརྗོད་བྱ་གཙོ་ཕལ་དབྱེ་ཚུལ། རྩོམ་མཇུག་བསྡུ་ཚུལ་སོགས་རྩོམ་འབྲིའི་ཤེས་བྱ་གང་ལ་གང་འཚམས་ཤིག་ངེས་པར་དུ་ཤེས་དགོས་རྐྱེན། རྩོམ་ལ་འཇུག་མཁན་ཚོས་རྩོམ་འབྲིའི་ཤེས་བྱ་སློབ་སྦྱོང་བྱ་རྒྱུར་དོ་སྣང་བྱ་དགོས།

    གསུམ་པ། གཞན་རྩོམ་མང་ཙམ་ལྟ་བ་དང་ལག་པ་མང་ཙམ་འགུལ་དགོས།

    སློབ་མ་ཚོས་རྒྱུན་དུ་གཞན་གྱིས་བྲིས་པའི་དཔེ་དེབ་སྣ་ཚོགས་མང་ཙམ་ལྟ་ཀློག་བྱ་དགོས་པ་དང་། ཐོས་པ་རྒྱ་ཆེར་གསོག་པར་བརྟེན་ནས་རྩོམ་འབྲིའི་རྒྱུ་ཆ་གསོག་འཇོག་བྱེད་པའི་གོམས་གཤིས་བཟང་པོ་འཇགས་པ་བྱེད་དགོས་ལ། དཔེ་དེབ་ལྟ་ཀློག་བྱེད་སྐབས་ནེ་ཙོའི་འདོན་པ་ལྟར་མ་ཡིན་པར། ངེས་པར་དུ་བསམ་གཞིག་བྱེད་དགོས། དཔེ་དེབ་ལྟ་ཀློག་བྱེད་པའི་བརྒྱུད་རིམ་ནང་ཐམས་ཅད་བསྡུ་ལེན་བྱེད་པའི་འཇུངས་པ་ཅན་གྱི་བྱེད་སྟངས་དེ་རིགས་དོར་དགོས་ལ། ཡང་རྟ་ཐོག་ནས་མེ་ཏོག་ལ་ལྟ་བའི་ངང་ཚུལ་ཡང་དོར་དགོས།

    དཔེ་དེབ་ལྟ་ཀློག་བྱེད་སྐབས་ཕྱོགས་རིས་དང་དད་ཞེན་ཡོད་མེད་ཀྱི་བསམ་བློ་དོར་དགོས་ཏེ། གནའ་དེང་དང་རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་དེབ་ལྟ་དགོས་ལ། ལོ་རྒྱུས་རིག་པ་དང་མཛེས་ཆོས་རིག་པའི་དེབ་སོགས་ཀྱང་ལྟ་དགོས་པ། དེ་དག་ལས་ཐོབ་པའི་ཉམས་མྱོང་དག་ལག་པ་མང་ཙམ་འགུལ་ནས་འབྲི་དགོས། དེ་ཡང་དཔེ་ཆ་བྱེ་བ་འབུམ་ལ་བལྟས་གྱུར་ན། སྨྱུག་རྩེ་བསྐྱོད་པར་ལྷ་ཡིས་ཁ་ལོ་བསྒྱུར་ཞེས་གསུངས་པ་ལྟར་རོ།

    བཞི་པ། སྤྱི་ཚོགས་ཀྱི་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་དགོས།

    སྤྱི་ཚོགས་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་དེ་ནི་རང་ཉིད་ངོ་མས་སྤྱི་ཚོགས་ཀྱི་འཚོ་བ་དངོས་ནང་ཟབ་འཇུག་བྱས་པ་ལས་བྱུང་བའི་མྱོང་ཚོར་དེ་ཡིན་པས། མྱོང་ཚོར་དེ་ནི་རྩོམ་ཡིག་གི་བརྗོད་བྱའི་གཞི་རྩ་ལྟ་བུ་ཡིན། སློབ་མ་ཚོས་སྤྱི་ཚོགས་ཀྱི་འཚོ་བ་དངོས་ནང་ཟབ་འཇུག་བྱས་ཏེ། འཚོ་བའི་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་དང་ཉམས་མྱོང་སྣ་ཚོགས་གསོག་འཇོག་བྱེད་པ་ནི། དོན་དངོས་ཐོག་རྩོམ་གྱི་ཐད་ཀའི་རྒྱུ་ཆ་གསོག་པ་ཞིག་ཡིན་ལ། དེ་ལྟ་བུའི་རྒྱུ་ཆ་ཇི་ཙམ་གྱིས་མང་བ་དེ་ཙམ་གྱིས་བརྗོད་བྱ་ཕུན་སུམ་ཚོགས་པའི་རྩོམ་ཡིག་འབྲི་རྒྱུར་ཕན་ཐོགས་ཆེ།

    གནའ་དེང་མཁས་པའི་གྲགས་རྩོམ་ཡོད་དོ་ཅོག་ནི་རྩོམ་པ་པོས་ཁང་སྟོང་མགོ་ལ་གྱོན་ནས་རྟོག་བཟོ་ཁོ་ན་བྱས་པ་ག་ལ་ཡིན་ཏེ། རྩོམ་པ་པོ་རང་ཉིད་སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་བ་དངོས་ནང་ཟབ་འཇུག་གནང་བ་ལ་བརྟེན་ནས་རང་ཉིད་ཀྱི་མི་ཚེའི་ལྟ་བ་དང་ཡང་དག་པའི་འཇིག་རྟེན་གནས་ལུགས། ཆེས་བླ་ན་མེད་པའི་ཕུགས་བསམ་སོགས་གསལ་སྟོན་མཛད་པ་དང་དུས་མཚུངས། མ་རབས་ཀྱི་བསམ་སྤྱོད་དང་ལོག་ལྟ་སོགས་ལ་སུན་འབྱིན་མཐིལ་ཕྱིན་པ་མཛད་པ་ལས་བྱུང་ཞིང་། ཕུལ་བྱུང་བརྩམས་ཆོས་གྲངས་ལས་འདས་པ་ད་ལྟ་ཡང་ངེད་ཚོའི་མཐོང་ཆོས་སུ་གྱུར་ཡོད་པས། སློབ་བུ་རྣམས་ཀྱིས་འཚོ་བའི་ཁོར་ཡུག་གུ་དོག་པོའི་འཆིང་རྒྱ་ལས་གྲོལ་ཏེ། སྤྱི་ཚོགས་ཀྱི་འཚོ་བ་དངོས་ནང་གི་བྱེད་སྒོ་འདྲ་མིན་སྣ་ཚོགས་ནང་དུ་ཞུགས་ནས། འཚོ་བའི་མྱོང་གོམས་ལས་རྩོམ་གྱི་རྒྱུ་ཆ་གསོག་འཇོག་བྱ་རྒྱུར་ནམ་ཡང་ལྷོད་གཡེང་བྱེད་མི་རུང་།

    དེ་ཡང་ཡུན་རིང་སྐད་ཡིག་སློབ་ཁྲིད་ཀྱི་ཉམས་མྱོང་ལས། སློབ་མའི་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་རྒྱུའི་ཐབས་སམ་ཆ་རྐྱེན་འགའ་ཞིག་གླེང་ཁུལ་བྱས་པ་དེས་སློབ་མ་ཚོར་ཅུང་ཙམ་ཕན་པར་སྙམ་པའམ། དཔྱད་གཞིའི་ཚུལ་དུ་བསྟན་པར་བྱ་བས། སྙིགས་དོར་བཅུད་ལེན་གྱིས་དཔྱད་པར་འཚལ་ལོ།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།