དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བ་ཕྱི་སོགས་ཝ་སྒྲར་ཇི་ལྟར་འདོན་ཚུལ་གྱི་གནད་དོན་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-16

    དེང་སྐབས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་མང་པོ་ཞིག་གིས་བོད་ཡིག་གི་དམིགས་གསལ་ཀློག་སྟངས་འགའ་ཞིག་གི་ཆོས་ཉིད་ལ་ངེས་ཤེས་དེ་ཙམ་འདྲོང་མི་ཐུབ་པའི་རྐྱེན་གྱིས། ཀློག་ནོར་ཤིན་ཏུ་མང་པོ་ཞིག་ཐེབས་དང་ཐེབས་་བཞིན་ཡོད། དཔེར་ན། བ་ཡིག་དང་ཝ་ཡིག་གཉིས་ཀྱི་ཀློག་ཚུལ་ལའང་ནོར་འཁྲུལ་བྱུང་བ་ལྟ་བུ་རེད། དེར་བརྟེན་ཁོ་བོས་བོད་ཡིག་ཁྲོད་གནས་བབ་གལ་ཆེན་བཟུང་བའི་བ་ཡིག་དང་ཝ་ཡིག་གི་ཀློག་ཚུལ་སྐོར་ལ་ཅུང་ཞིག་དཔྱད་པར་བྱ།

    དེ་ཡང་། “བཞི་པ་ཝ་ཡིག་ཝ་རྐྱང་ཝ་མོ་དང་། །བྱི་འུ་ཕ་ཝང་ཆུ་འགྲོའི་ཝ་ཁ་དང་། །ཝ་འཕྱང་རྭ་དང་ཝ་ལེར་དྲན་པ་ལས། །ཆེར་མེད་མེད་ཀྱང་ཆོག་པའི་ཡི་གེའོ”ཞེས་ཝ་ཡིག་ལ་མེད་ཀྱང་རུང་བའི་ཡི་གེ་ཞེས་པ་མིང་དུ་བཏགས་པ་ཙམ་གྱིས་ཝ་ཡིག་གི་བེད་སྤྱོད་ཁྱབ་ཁོངས་ཤིན་ཏུ་ཆུང་ཆུང་ཡིན་པ་གསལ་པོར་རྟོགས་ཐུབ། དཔེར་ན། ཝ་མོ་སོགས་ཀྱི་དཔེ་གཞི་དེ་དག་དང་འབོད་སྒྲའི་ཝ་ཡེ་སོགས་ཀྱི་དཔེ་གཞི་ཉུང་ངུ་ཞིག་མ་གཏོགས་ཝ་ཡིག་དངོས་སུ་འཇུག་པ་མེད་པ་གང་ཞིག“དབྱངས་བཞི་གང་ཡང་མི་འཇུག་པ། །ཝ་དང་ཝ་བཏགས་ཅན་རྣམས་སོ”ཞེས་དང་། “སྔོན་འཇུག་འཐོབ་པར་མི་སྲིད་པ། །ཝ་འ་ར་ལ་ཧ་ཨ་དྲུག”ཅེས་སྤྱིར་ཝ་ཡིག་ལ་དབྱངས་བཞི་པོ་འཇུག་པ་ཤིན་ཏུ་ཉུང་ཞིང་། སྔོན་འཇུག་དང་མགོ་འདོགས་སོགས་འཇུག་ཡུལ་གྱི་ཐོབ་ཐང་ཡང་མེད་པས། བོད་སྔ་མའི་བརྡ་སྤྲོད་ཀྱི་གཞུང་དག་ཏུ་ཝ་ཡིག་ལ་མེད་ཀྱང་རུང་བའི་ཡི་གེ་གཅིག་ཅེས་བཏགས་པ་ཡིན། འོན་ཀྱང་། ང་ཚོས་ཤེས་དགོས་པ་ཞིག་ལ“བོད་ལ་ཝ་ནི་མེད་ཀྱང་རུང་བའི་ཡི་གེ་གཅིག་ཅེས་པ་ནི་ཝའི་འཇུག་པ་ཤིན་ཏུ་ཉུང་བའི་རྒྱུ་མཚན་གྱིས་བཏགས་པ་ཡིན་གྱི། གསལ་བྱེད་གྲས་སུ་མི་བགྲང་བ་ག་ལ་ཡིན”ཞེས་གསུངས་པ་ལྟར་ཝ་ཡིག་ལ་མེད་ཀྱང་ཆོག་པའི་ཡི་གེ་ཞེས་མིང་དུ་བྱས་པ་དེར་ཝ་ཡིག་ནི་བོད་ཡིག་ནང་རྩ་བ་ནས་མེད་ནའང་ཆོག་པའི་ཡི་གེ་གཅིག་རེད་སྙམ་པའི་བསམ་བློ་གུ་དོག་པོ་ཞིག་གཏོང་མི་དགོས། དེ་བཞིན་ཝ་ཡིག་གི་གཟུགས་དེ་བོད་ཡིག་གི་ལག་ལེན་ཁྲོད་དེ་ཙམ་གྱིས་མཁོ་བ་ཞིག་མིན་རུང་། ཝ་ཡིག་གི་གདངས་ནི་བོད་ཡིག་ལ་མི་མཁོ་བའམ་མེད་ཀྱང་ཆོག་པ་ཞིག་གཏན་ནས་མ་ཡིན་པར་དེ་ལས་ལྡོག་སྟེ། བོད་སྐད་ནང་ཝའི་སྒྲ་གདངས་ཀྱིས་གཅིག་གོ་ཉིས་སྤྱོད་བྱེད་པ་དཔེར་ན། ཝ་ཡིག་རང་ངོས་ཀྱི་སྒྲ་གདངས་ཝ་རུ་འདོན་པ་ཙམ་མ་ཟད། མིང་མཐའི་བ་ཡིག་ཕལ་ཆེར་ཝ་སྒྲར་འདོན་པས། བ་ཕྱེད་ཝ་དང་བ་ཕྱི་ཝ་ཞེས་པའི་འབོད་སྲོལ་བྱུང་བ་ཁོ་ནས་ཝ་སྒྲའི་བེད་སྤྱོད་ཀྱི་ཁྱབ་ཁོངས་དེ་གསལ་བྱེད་གཞན་ལས་ཆེ་བ་ཡོད་པ་གསལ་པོར་བསྟན་ཡོད།

    དང་པོ། བ་རྐྱང་དང་བ་དབྱངས་ལྡན་རྣམས་མིང་མཐར་ཇི་ལྟར་འདོན་ཚུལ།

    བོད་ཡིག་གི་གསལ་བྱེད་སུམ་ཅུའི་ཁྲོད་ཡི་གེ་གཅིག་ཀློག་ཚུལ་མི་འདྲ་བ་གཉིས་ཡོད་པ་ནི་བ་ཡིག་འདི་ཡིན། དེ་ཡང་སྐབས་འགར་རང་ཉིད་ཀྱི་སྐྱེ་གནས་མཆུ་གཉིས་འཕྲད་པ་ལས་འདོན་དགོས་པ་དང་། སྐབས་འགར་ཝ་ཡིག་གི་སྒྲ་གདངས་དང་གཅིག་པར་འདོན་དགོས། ཡང་སྒྲ་གདངས་གཅིག་ལ་གསལ་བྱེད་ཀྱི་རྣམ་པ་འབྲི་སྲོལ་མི་འདྲ་བ་གཉིས་ཡོད་པ་ནི་ཝ་ཡིག་འདི་ཡིན། དེ་ཡང་སྐབས་འགར་ཝ་གཟུགས་དངོས་སུ་འབྲི་བ་དང་། སྐབས་འགར་བ་ཡིག་གིས་མཚོན་པར་བྱེད་ཀྱི་ཡོད། དེ་རྣམས་གང་འདྲ་བྱས་ནས་རང་རང་གི་ཐོབ་ཐང་མ་ནོར་བར་དབྱེ་བ་འབྱེད་ཅེ་ན། དེར་ཁོ་བོས་སྡོམ་ཚིག་འདི་ལྟ་བུ་ཞིག་འཇོག་པར་འདོད་དེ།མིང་དོན་སྔ་མའི་བ་ཝའི་གཟུགས། །སྒྲ་གདངས་རང་སོའི་གནས་ལས་འདོན། །མིང་དོན་ཕྱི་མའི་བ་ཡིག་དེ། །ཝ་ལས་བ་ཞེས་འདོན་མི་བྱ། །མིང་དོན་སྔ་མའི་བ་ཝའི་སྒྲ། །གཟུགས་སུ་བ་ཝ་སོ་སོར་འབྲི། །མིང་དོན་ཕྱི་མའི་ཝ་སྒྲའི་གཟུགས། །བ་ལས་ཝ་ཡིག་འབྲི་མི་བྱ། །དེ་ཡང་གཙོ་ཆེར་དབུས་གཙང་གི །སྐད་ལ་བསྟུན་ཏེ་བཤད་པ་ལས། །ལེགས་སྦྱར་ཡི་གེར་དམིགས་བསལ་དང་། །ཨ་མདོ་ཁུལ་གྱི་ཡུལ་སྐད་ལ། །བ་ཡིག་ཕལ་ཆེར་ཝ་སྒྲ་རུ། །འདོན་པའི་སྐད་གཤིས་ཡོད་ཕྱིར་ན། །རང་སོའི་ཐོབ་ཐང་མ་ནོར་གཅེས། །ཞེས་པ་ལས་ཤེས་ཐུབ་བོ།

    གཅིག བ་རྐྱང་མིང་མཐར་ཇི་ལྟར་འདོན་ཚུལ།

    《དཀར་ལེབས་སུམ་རྟགས་དཀའ་འགྲེལ་》ལས། “བརྗོད་པ་ཕྱི་མར་བ་ཡོད་ཚེ། །ཝ་ལས་བ་རུ་འབོད་པ་མིན། །དཔེར་ན་ཤ་བ་རུ་བ་དང་། །ཡུ་བ་དགའ་བ་སེ་བ་བཞིན། །བླུན་པོས་བ་ཕྱེད་ཝ་ཟེར་ཀྱང་། །མཁས་པས་བ་ཕྱི་ཝར་འབོད་ཟེར། །འདི་ལ་ཝ་ཆེན་མི་དགོས་པ། །ཐུ་མིས་རྟགས་ཀྱི་འཇུག་པ་རུ། །ཝ་ནི་བ་དང་སྦྱར་བར་བྱ། །གསུངས་པའི་འབྲེལ་མཚུངས་ཡིན་ཞེས་བཞེད”ཅེས་དབུས་གཙང་གིས་གཙོ་བོར་གྱུར་པའི་བོད་རིགས་ཀྱི་ས་ཆ་མང་པོར་མིང་གང་ཡང་རུང་བའི་མཐར་བ་ཡིག་ཡོད་ཚེ། ངག་ནས་འདོན་པའི་སྐབས་བ་སྒྲ་རང་ཉིད་ཀྱི་སྐྱེ་ཚུལ་དངོས་མཆུ་ཡས་མས་འཕྲད་པའམ་བཙུམ་པ་ལས་མ་བཏོན་པར། ཝ་ཡིག་གི་སྒྲ་གདངས་དེ་འདོན་པའི་སྐད་གཤིས་ཤིག་ས་ཁྱབ་རྡོ་ཁྱབ་ཏུ་སྣང་ངོ་། དཔེར་ན། ཐལ་བ། གྲང་བ། ཕྱུར་བ། མཛའ་བ། ན་བ། ལྷ་ས་བ་སོགས་ཀྱི་མིང་མཐར་བ་ཡིག་བཀོད་ཡོད་ཀྱང་། ངག་ནས་ཀློག་པའི་ཚེ་ཐལ་ཝ། གྲང་ཝ། ཕྱུར་ཝ། མཛའ་ཝ། ན་ཝ། ལྷ་ས་ཝ་ཞེས་འདོན་པར་བྱེད། དེ་ལྟ་བུའི་སྒྲ་གཟུགས་གཉིས་ཀར་འགྱུར་བ་འགྲོ་དོན་གང་ངམ་ཞེ་ན། ཁོ་བོའི་བསམ་པར་མིང་མཐའི་བ་ཡིག་དེའི་དོན་ངོ་མའི་ཐོབ་ཐང་ནི་བ་ཡིག་མ་ཡིན་པར། ཝ་ཡིག་དངོས་ཡིན་པར་སྙམ་ཞིང་། ཝ་ཡིག་མི་འབྲི་བའི་རྒྱུ་མཚན་ཡང་། གོང་དུ་བརྗོད་པ་ལྟར་ཝ་ཡིག་དེ་འ་བ་གཉིས་བརྩེགས་ནས་བཟོས་པ་ཡིན་པས། དེའི་གྲུབ་ཆར་གཏོགས་པའི་བ་ཡིག་གམ། བ་ཟུར་དེས་ཝ་ཡིག་དེ་ཅུང་སྟབས་བདེ་བར་ཚབ་དོད་བྱས་པ་ཞིག་མིན་ནམ་སྙམ་པ་དང་། ཡང་ན། བོད་ཡིག་གི་ཡི་གེ་ཚང་མར་འ་མཐའ་རེ་ཡོད་དགོས་པ་དེའི་གདངས་གསལ་བར་ཐོན་ནས། མིང་མཐའི་བ་ཡིག་དེའི་སྒྲ་གདངས་ཀྱང་འ་སྒྲའི་གདངས་དང་ཤིན་ཏུ་ཐག་ཉེ་བའི་ཝ་སྒྲར་འགྱུར་བ་ཡང་ཡིན་སྲིད་སྙམ་མོ།

    གཉིས། བ་ཕྱི་དབྱངས་ལྡན་རྣམས་ཝ་སྒྲར་ཇི་ལྟར་འགྱུར་ཚུལ།

    ང་ཚོས་བ་ཕྱི་ཝ་ཞེས་པར་གོ་བ་ལེན་དུས་མིང་མཐའ་བ་ཡིག་རྐྱང་པ་དེ་ཁོ་ན་ཙམ་ཝ་སྒྲར་འགྱུར་བ་ལ་གོ་ན་མི་འགྲིག་པར། གང་ལྟར་བོད་སྐད་ཀྱི་སྐད་གཤིས་དང་མཐུན་ཆེ་ཞིང་། ངག་ནས་བརྗོད་བདེ་བར་ཡོད་ན། མིང་མཐའ་བ་དབྱངས་ལྡན་འགའ་ཡང་ཝ་ལ་དབྱངས་ལྡན་པ་ལྟ་བུར་ངག་ནས་འདོན་ཆོག་དག་ལ་ཡང་གོ་དགོས།

    དཔེར་ན། མིང་མཐའི་བོ་ཡིག་གི་དཔེར་བརྗོད། རི་བོ། ཆུ་བོ། ཐུ་བོ། ནུ་བོ། ཕུ་བོ། ཚ་བོ། མཛའ་བོ། དགའ་བོ་ལྟ་བུ་མིང་མཐའ་བོ་ཡིག་དག ཝོ་ཡིག་གི་གདངས་དང་གཅིག་པར་འདོན་གྱི་ཡོད། དེ་ལྟར་འགྱུར་བའི་རྒྱུ་མཚན་ཡང་འདི་ལྟར་ཡིན་ཏེ། བོ་ཡིག་འཇུག་ཡུལ་གྱི་མིང་གཞི་སྔ་མར་རྗེས་འཇུག་མེད་པ་དང་། རྗེས་འཇུག་ཡོད་ཀྱང་རྗེས་འཇུག་འ་ཡིག་ཏུ་ངེས་པ་གཉིས་ལས། རྗེས་འཇུག་མེད་ཅེས་པ་དེ་ཡང་དོན་ངོ་མར་རྗེས་འཇུག་འ་ཡིག་རེ་ཤུགས་སུ་ཡོད་པ་ཁས་ལེན་དགོས། དེ་འདྲའི་དབང་གིས་རྗེས་འཇུག་འ་སྒྲ་དེའི་གདངས་ཀྱི་ནུས་པས། བོ་སྒྲ་དེ་ཡང་རྗེས་འཇུག་འའི་སྒྲ་དང་ཐག་ཉེ་བའི་ཝ་སྒྲ་འམ་ཝོ་སྒྲར་འགྱུར་གྱི་ཡོད།

    འོན་ཀྱང་། འདིར་ཡིད་གཟབ་བྱེད་དགོས་པའི་གནད་ཅིག་ནི། རྫོགས་ཚིག་སྐབས་ཀྱི་བོ་སྒྲ་དེ་སྔ་མའི་རྗེས་འཇུག་བ་ཡིག་ལ་བསྟུན་ནས་སྦྱོར་དགོས་བརྟེན། དེའི་སྒྲ་གདངས་ཀྱང་རྗེས་འཇུག་བ་ཡིག་གི་ནུས་པས་བོ་སྒྲ་རང་ལས་ཝོ་སྒྲར་འགྱུར་མི་ཐུབ་ལ། མིང་མཐའི་བེ་ཡིག་དང་བུ་ཡིག་ཀྱང་ཝ་སྒྲའི་གདངས་སུ་མི་འགྱུར་ཏེ། དཔེར་ན། མིང་མཐའི་བུ་ཡིག་དཔེར་བརྗོད། ནོར་བུ། བོང་བུ། ལྟ་བུ། ཁམ་བུ། རྒྱལ་བུ། བསེར་བུ་སོགས་གང་ལྟར་མིང་མཐའ་བུ་ཡིག་ཡིན་ཚེ། བུ་ཡིག་རང་ངོས་ཀྱི་ནུས་པས་ཝུ་སྒྲར་མི་འགྱུར་རོ། དེ་ཡང་དབུས་གཙང་སྤྱིའི་ཡིག་སྐད་ཀྱི་དབང་དུ་བྱས་པ་ལས། ཡུལ་སྐད་འགར་ནོར་བུ་ཞེས་པ་ནོར་ཝུ་ཞེས་པར་འདོན་མཁན་འདུག

    དེ་བཞིན་མིང་མཐའི་བེ་སྒྲའི་དཔེར་བརྗོད་འཚབ་བེ་འཚུབ་བེ་དང་། རབ་བེ་རོབ་བེ། ཉབ་བེ་ཉོབ་བེ་ལྟ་བུའི་མིང་མཐའི་བེ་ཕྱི་དེ་ཁྱད་ཆོས་སྟོན་པའི་མིང་འགར་མ་གཏོགས་མི་འཇུག་ལ། སྔ་མའི་རྗེས་འཇུག་བ་ཡིག་གི་ནུས་པས་བེ་དེའི་སྒྲ་གདངས་ཀྱང་ཝེ་སྒྲར་འགྱུར་མི་ཐུབ་བོ།

    གཉིས་པ། བ་ཡིག་སྔོན་འཇུག་ཅན་གྱི་བ་སྒྲ་ཇི་ལྟར་འདོན་ཚུལ།

    ག་ད་བ་མ་འ་བཅས་སྔོན་འཇུག་ལྔ་ལས་མིང་གཞི་བ་ཡིག་ལ་འཇུག་པའི་སྔོན་འཇུག་ནི་ད་དང་འ་གཉིས་ལས་མེད། ད་འ་གཉིས་ཀྱི་འཕུལ་ཅན་སོ་སོའི་ནུས་པས་ཀྱང་མིང་གཞི་བ་ཡིག་དེ་ངག་ནས་འདོན་ཚུལ་ཡང་མི་འདྲ་སྟེ། སྔོན་འཇུག་འ་ཡིག་སྐབས་མིང་གཞི་བ་ཡིག་དེ་བ་སྒྲ་རང་ཉིད་ཀྱི་སྒྲ་གདངས་ཉིད་རྨང་གཞིའི་ཐོག་ཅུང་སྒྲ་དྲག་པར་འདོན་གྱི་ཡོད། དཔེར་ན། འབོད། འབུལ། འབར། འབྲི། འབྱུང་། འབྱིན་ལྟ་བུའོ། འོན་ཀྱང་། སྔོན་འཇུག་ད་ཡིག་སྐབས་མིང་གཞི་བ་ཡིག་དེ་ཝ་སྒྲར་འགྱུར་བ་འགྲོ་གི་ཡོད་པ། དཔེར་ན། དབུལ། དབུགས། དབྱིག དབེན། དབོར། དབྱར་ལྟ་བུའོ། དེ་འདྲའི་སྒྲ་གདངས་ལ་ཁྱད་པར་ཡོང་དོན་ཡང་སྔོན་འཇུག་སོགས་དང་འབྲེལ་བ་ངེས་ཅན་ཞིག་ཡོད་སྲིད་པས་བློ་ལྡན་རྣམས་ཀྱིས་དཔྱད་པར་བྱའོ།

    གསུམ་པ། ཡུལ་སྐད་དུ་པ་སྡེའི་མིང་མཐའ་འགའ་ཝ་སྒྲར་ཇི་ལྟར་འདོན་ཚུལ།

    བ་ཕྱི་དང་བ་དབྱངས་ལྡན་གྱི་མིང་མཐའ་འགའ་སྐབས་བབ་དང་བསྟུན་ནས་ཝ་སྒྲར་འགྱུར་བ་ནི་སྤྱིར་དབུས་གཙང་གི་ཡིག་སྐད་དང་མཐུན་ཆེ་བའི་སྒོ་ནས་བརྗོད་པ་ཙམ་ལས། བོད་ཀྱི་ཡུལ་སྐད་འགར་བ་ཕྱི་ཝ་སྒྲར་འགྱུར་བ་མ་ཟད། པ་སྡེའི་མིང་མཐའ་འགའ་ཡང་ཝ་སྒྲར་འགྱུར་གྱི་ཡོད།

    དེ་ལྟར་འགྱུར་དོན་ཡང་པ་སྡེའི་ཡི་གེ་རྣམས་ཀྱི་སྐྱེ་གནས་གཅིག་ཡིན་པའི་དབང་གིས་ཕན་ཚུན་བརྗེ་བའམ། ཡང་ན་སྐད་རིགས་ཐམས་ཅད་བརྗོད་བདེའི་དབང་དུ་སོང་བ་ཡིན་པས་དེ་ལྟ་བུའི་སྒྲ་གདངས་ལ་འགྱུར་བ་ཕྱིན་ནམ་སྙམ།

    དཔེར་ན། མིང་མཐའ་མ་ཡིག་ཝ་སྒྲར་འདོན་པ།

    ཡིག་སྐད་ཀྱི་ཕ་མ་དང་། མནའ་མ། ཉི་མ། རྫ་མ་ལྟ་བུར། སྙེ་མོའི་སྐད་ལ། ཕ་བ། མནའ་བ། ཉི་བ། རྫ་བ་ཞེས་འདོན་པ་དང་། མིང་མཐའ་པ་པོ་གཉིས་བ་བོ་གཉིས་ཀྱི་གདངས་སུ་འདོན་པ་དཔེར་ན། ཡིག་སྐད་ཀྱི་མཛེས་པ། མཁྲིས་པ། རྟ་པ། གྲོགས་པོ། སེར་པོ་ལྟ་བུ་རྣམས་ཡུལ་སྐད་དུ་མཛེས་བ་དང་། མཁྲིས་བ། རྟ་བ། གྲོགས་བོ། སེར་བོ་ཞེས་འདོན་པ་ལྟ་བུའི་དབུས་གཙང་གི་ཡིག་སྐད་དུ་མིང་མཐའ་པ་པོ་རུ་འདོན་པ་དག་ཕལ་ཆེར་བ་བོ་རུ་འདོན་པའི་དཔེར་བརྗོད་དེ་རིགས་ནི་ཨ་མདོ་ཁུལ་གྱི་ཡུལ་སྐད་དང་། ཡིག་སྐད་གཉིས་ཀར་ཤིན་ཏུ་རྒྱུགས་ཆེའོ།

    (ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སློབ་འབྲིང་སྐལ་བཟང་གིས་)

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།