ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཚ་བ་རོང་གྲོང་རྡལ་ནས་ཡིན་པའི་བཀྲ་ཤིས་ལྷག་སྒྲོན་ཆུང་དུས་ནས་ཕ་མ་གཉིས་ཀ་གྲོངས། སྤུན་མཆེད་ཀྱིས་བུ་ཚབ་ཏུ་ཉར་ཡང་། སློབ་ཆུང་དུ་སྐྱོད་སྐབས། སློབ་མ་མི་ཉུང་བ་ཞིག་གིས་ཁོ་མོར་མཐོང་ཆུང་བྱེད་ཀྱི་ཡོད།
སྤུན་མཆེད་དང་དགེ་རྒན་ཚོས་ཁོ་མོ་ནང་སའི་བོད་ལྗོངས་འཛིན་གྲྭར་རྒྱུགས་འཕྲོད་ཐུབ་པའི་ཡིད་ཆེས་བྱེད་བཞིན་པའི་སྐབས། སྟབས་མི་ལེགས་པར་ཁོ་མོར་སེ་བ་རུས་ཀྱི་ནད་ཕོག སེ་བ་རུས་ཀྱི་ནད་དེ་གང་ཡིན་མིན་མི་ཤེས་ཀྱང་། རང་ཉིད་ལ་ནད་ཕོག་པ་ཤེས་སྐབས། ཁོ་མོ་སེམས་སྦུག་དོག་པོར་གྱུར། སྤུན་མཆེད་ཚོས་ཁོ་མོ་སློབ་མཚམས་བཞག་ནས་ནང་དུ་སྡོད་རྒྱུའི་ཐག་བཅད། འོན་ཀྱང་རང་ཉིད་དང་འདྲ་བའི་ཕྲུ་གུ་གཞན་རྫོང་གྲོང་དུ་སློབ་གྲྭར་བསྐྱོད་པ་མཐོང་སྐབས། ཁོ་མོའི་སེམས་ནང་སྐྱོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཁོ་མོས“ཁྱིམ་དུ་སློབ་གྲོགས་ཚོ་མཐོང་རྒྱུ་མེད་པས། ང་ཁེར་རྐྱང་དུ་ལུས་པའི་སྣང་བ་འདུག”ཅེས་བཤད།
དེར་བརྟེན་ཁོ་མོས་སླར་ཡང་སློབ་གྲྭར་བསྐྱོད་རྒྱུའི་གྲོས་འགོ་བཏོན་པ་དང་སྤུན་མཆེད་ཚོས་ཀྱང་གང་ས་གང་དུ་ཐབས་ཤེས་འཚོལ་བར་ཕྱིན།
སློབ་གྲྭར་འགྲོ་བའི་གོ་སྐབས་གཞི་ནས་ཁོ་མོའི་བགོ་སྐལ་དུ་སྨིན་སོང་། རྫ་ཡུལ་རྫོང་དམངས་སྲིད་ཅུས་དང་ཚ་བ་རོང་གྲོང་རྡལ་སྲིད་གཞུང་གི་རོགས་རམ་འོག ཉིང་ཁྲི་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གིས་ཁོ་མོ་ཉར་བ་དང་། ས་ཆ་དེར་རང་ཉིད་དང་འདྲ་བའི་རོགས་པ་ཡོད་པས། ཁོ་མོ་གཞི་ནས་སྣང་བ་སྐྱིད་དུ་ཕྱིན་ཏེ། སྐབས་འགར་གཞས་དང་ཞབས་བྲོ་སོགས་ཀྱང་འཁྲབ་ཀྱི་ཡོད།
རྒྱུན་དུ་ཁོ་མོ་ཉིང་ཁྲི་གྲོང་ཁྱེར་སློབ་འབྲིང་གཉིས་པར་སློབ་སྦྱོང་བྱེད་ཀྱི་ཡོད་པ་དང་། གཟའ་མཇུག་ཏུ་ཕན་བདེ་ཁང་གི་གྲོགས་པོ་གཞན་དང་མཉམ་དུ་བྱེད་སྒོ་སྣ་ཚོགས་ནང་ཞུགས་ཀྱི་ཡོད། ལོ་ཁ་ཤས་ནང་གཅེས་སེམས་མི་སྣའི་རོགས་རམ་འོག ཁོང་ལ་གཉེན་ཉེ་མང་པོ་རག དེའི་ཁྲོད་བོད་དུ་ཡོད་པའི་མཛོད་ཁང་ཞིག་གི་ལས་མི་ཟླ་བ་ལྷ་སྲས་ཀྱིས་ཁོ་མོ་རང་ཉིད་ཀྱི་གཅུང་མོར་བརྩི་ཡི་ཡོད། དུས་ཆེན་དང་ངལ་གསོའི་དུས་སུ་སྤུན་མཆེད་ཀྱི་ཁྱིམ་དུ་མ་ལོག་སྐབས། བཀྲ་ཤིས་ལྷག་སྒྲོན་གྱིས“གཅེན་པོའི”ཁྱིམ་དུ་ལོག་ནས་ནང་མི་མཉམ་འཛོམས་ཀྱི་དྲོ་སྐྱིད་ལོངས་སུ་སྤྱོད་ཀྱི་ཡོད།
2014ལོར་སློབ་གྲྭར་ཕྱིན་མ་ཐག་གི་བཀྲ་ཤིས་ལྷག་སྒྲོན་གྱི་སྦྱངས་འབྲས་དེ་ཙམ་ཡག་པོ་མེད། ལོ་གཉིས་འབད་བརྩོན་བྱས་པ་བརྒྱུད། ཁོ་མོ་འཛིན་གྲྭའི་ནང་གི་སྦྱངས་འབྲས་རྩེ་གྲར་གྱུར། 2015ལོའི་སློབ་མཇུག་ཡིག་རྒྱུགས་ནང་ཁོ་མོས་ལོ་རིམ་ཡོངས་ཀྱི་ཨང་གཉིས་པ་བླངས་པ་རེད།
ད་ཆ་དམའ་རིམ་སློབ་འབྲིང་གི་ལོ་རིམ་གསུམ་པར་སླེབས་པའི་ཁོ་མོ་སླར་ཡང་ཡིག་རྒྱུགས་ཆེན་པོ་ཞིག་ནང་ཞུགས་རྒྱུ་རེད། འོན་ཀྱང་འགལ་རྐྱེན་མང་པོ་བརྒྱུད་མྱོང་བའི་ཁོ་མོ་སྡུག་རུས་ཆེན་པོ་ཡོད། ཁོ་མོས་རྒྱུན་དུ་རང་ཉིད་ལ“གོ་སྐབས་ལ་གཅེས་འཛིན་བྱས་ཏེ་མུ་མཐུད་མདུན་དུ་སྐྱོད”ཅེས་ཤོད་པ་ལྟར་ཡིན།