ཡིག་སྒྱུར་གྱི་ལས་དོན་ནི་མི་རིགས་ཤིག་གི་སྲིད་འབྱོར་རིག་གསུམ་གོང་འཕེལ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། དེས་ན། ཡིག་སྒྱུར་བྱ་གཞག་ལག་ལེན་སྔར་བས་དར་རྒྱས་ཡོང་བ་བྱ་རྒྱུ་ནི་མི་རབས་གསར་པ་རྣམས་ཀྱི་གཡོལ་ཐབས་མེད་པའི་ལས་འགན་ཞིག་རེད། སྔར་ནས་ད་བར་གྱི་བོད་ཀྱི་ཤེས་རིག་དང་དཔལ་འབྱོར། ཚན་རྩལ་ལ་སོགས་གོང་འཕེལ་གཏོང་བའི་ལོ་རྒྱུས་ཁྲོད་ཡིག་སྒྱུར་བྱ་གཞག་གིས་ནུས་པ་བསམ་གྱིས་མི་ཁྱབ་པ་ཐོན་ཡོད། དེར་བརྟེན། ཡིག་སྒྱུར་ནི་རིག་གནས་སྣ་ཚོགས་དབར་གྱི་འབྲེལ་ཟམ་དང་ཤེས་བྱའི་སྒོ་མོ་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན་ཞེས་གླེང་ན་དོན་ལ་གནས་པའི་གཏམ་ཉིད་དོ། བོད་ཀྱི་སྔོན་བྱོན་ལོ་པཎ་རྣམས་ཀྱིས་ང་ཚོར་རིན་ཐང་བྲལ་བའི་བསྒྱུར་དཔེ་རི་བོའི་གཏོས་དང་མཉམ་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་ཞིག་བཞག་གནང་ཡོད་པས། ང་ཚོས་དེ་དག་མི་ཉམས་གོང་འཕེལ་གྱིས་ཡིག་སྒྱུར་གྱི་ལག་ལེན་སྔར་བས་དར་རྒྱས་ཡོང་བ་བྱ་རྒྱུ་ནི་མི་རབས་གསར་པ་རྣམས་ཀྱི་ཕྲག་སྟེང་དུ་བབས་པའི་ལས་འགན་བླ་ན་མེད་པ་ཞིག་ཡིན་པས། འདིར་ཁོ་མོས་ཡིག་སྒྱུར་ལག་ལེན་ཁྲོད་ཀྱི་ཉམས་མྱོང་ཕྲན་བུ་རང་བློས་ཅི་ལྕོགས་ཀྱིས་གླེང་བར་བྱའོ།
དུས་རབས་ཀྱི་འཕེལ་འགྲོས་དང་བསྟུན་པའི་འགྲན་རྩོད་ཀྱི་རྦ་རླབས་དྲག་པོ་འཕྱུར་བཞིན་པའི་དེང་གི་དུས་འདིར་ཆ་འཕྲིན་གྱི་དགོས་མཁོའང་དེ་དང་བསྟུན་ནས་ཇེ་ཆེར་འགྲོ་བཞིན་ཡོད། སྐབས་དོན་ཡིག་སྒྱུར་ནི་ཆ་འཕྲིན་བརྒྱུད་སྤེལ་གྱི་ལས་རིམ་གལ་ཆེན་ཞིག་དང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་མི་ཉམས་གོང་འཕེལ་དང་དེ་བཞིན་འཛམ་གླིང་གི་སྔོན་ཐོན་རིག་གནས་སྣ་ཚོགས་ནང་འདྲེན་བྱས་ཏེ་རང་མི་རིགས་ཀྱི་ཤེས་རིག་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས་ན། ལོ་ཙཱ་བར་ངེས་པར་དུ་འཛོམ་དགོས་པའི་ཆ་རྐྱེན་འགའ་ཡོད་དེ།
གཅིག ལོ་ཙཱ་བར་བླ་མེད་ཀྱི་ལས་རིགས་ཀུན་སྤྱོད་དང་རིག་གཞུང་བྱང་ཚད། རྒྱལ་གཅེས་ཀྱི་བསམ་པ་བཅས་བཟང་པོ་ཞིག་ལྡན་དགོས།
ལོ་ཙཱ་བ་ཞིག་ལ་མཚོན་ན་ཡིག་སྒྱུར་གྱི་ལག་ལེན་དངོས་ལ་འཇུག་སྐབས་ཐོག་མར་ཡིག་སྒྱུར་གྱི་དམིགས་ཡུལ་དང་ཞབས་འདེགས་ཞུ་ཡུལ་གསལ་པོ་རྟོགས་དགོས་པ་དང་། དེ་ནས་སློབ་ལ་བརྩོན་པ་དང་དམ་པ་དོན་གཉེར་གྱི་སྙིང་སྟོབས་ཡོད་དགོས་ལ། དུས་དང་རྣམ་པ་ཀུན་ཏུ་ངེས་པར་དུ་ཁེངས་སྐྱུང་གཟབ་ནན་གྱི་སྤྱོད་ཚུལ་རྒྱུན་འཁྱོངས་བྱེད་དགོས་པ་དང་ཐོག་མཐའ་བར་གསུམ་དུ་འགན་སེམས་ཆེན་པོ་ཡོད་དགོས། ལོ་ཙཱ་བ་ཞིག་ལ་མཚོན་ན། ཤེས་རིག་སྣ་ཚོགས་པ་ཡིག་སྒྱུར་བྱེད་དགོས་པས་ལོ་ཙཱ་བར་ཤེས་ཡོན་གྱི་ཆུ་ཚད་དང་ལྟ་རྒྱ་ཐོས་རྒྱ་ཆེན་པོ་དགོས་ལ། གང་དེར་བཅངས་པའི་བླ་མེད་ཀྱི་ལས་རིགས་ཀུན་སྤྱོད་དང་། ལས་རིགས་གང་དེར་བཅངས་པའི་དགའ་ཞེན་དང་སྤྲོ་སྣང་ཡོད་དགོས་པ་ནི་སྨྲོས་མེད་དོ། དགའ་ཞེན་མེད་ན་བྱ་བ་གང་ཡིན་ཡང་རྒྱུན་འཁྱོངས་དཀའ་བ་ནི་རིགས་པས་བསྒྲུབ་ནུས་སོ།
གཉིས། ལོ་ཙཱ་བར་ངེས་པར་དུ་ཤེས་ཡོན་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་དགོས།
བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་ཙམ་མ་ཟད། དེང་གི་ཆབ་སྲིད་རིག་པ་དང་། དཔལ་འབྱོར་རིག་པ། སེམས་ཁམས་རིག་པ། མཚན་ཉིད་རིག་པ། སྤྱི་ཚོགས་རིག་པ། མིའི་རིགས་རིག་པ། ཁྲིམས་ལུགས་རིག་པ་སོགས་དང་། ཚན་རྩལ་དང་། ཚོང་དོན། ལོ་རྒྱུས། ས་ཁམས་སོགས་ཀྱི་རྒྱུན་ཤེས་ཀྱང་ཤེས་དགོས། དཔེར་ན། བརྙན་འཕྲིན་ལེ་ཚན་གྱི་ནང་དོན་ཞིག་བཀོད་སྒྲིག་བྱེད་པར་ཡང་ཕྱོགས་བཞི་མཚམས་བརྒྱད་ཀྱི་ནང་དོན་འཕྲད་སྲིད་པས། རིགས་མི་འདྲ་བའི་ཡིག་སྒྱུར་གྱི་དགོས་མཁོ་དང་འཚམ་ཆེད། ཚད་ལྡན་གྱི་ཡིག་སྒྱུར་བར་ཤེས་བྱའི་གནད་མཐའ་དག་ལ་སྦྱངས་པ་མི་དམན་པ་ཞིག་ལྡན་དགོས། ལོ་ཙཱ་བའི་སྐད་ཡིག་གཉིས་ཀྱི་ནུས་པ་དེ་རྩ་བའི་བརྡ་སྤྲོད་ཤེས་བྱ་ཁོང་དུ་ཆུད་པ་ཙམ་གྱིས་མི་ཆོག་པར། དེ་བས་གལ་ཆེ་བ་ཞིག་ནི་ཡིག་རིགས་གཉིས་ཀྱི་སྐད་ཀྱི་གོམས་གཤིས་དང་། ཚིག་གི་སྦྱོར་སྟངས། གོ་བ་ལེན་སྟངས་སོགས་ལ་ཤེས་རྟོགས་ཡག་པོ་བྱེད་དགོས་ལ། རྒྱུན་སྤྱོད་སྐད་ཆ་དང་། ཐ་སྙད། གཏམ་དཔེ། བསྡུས་ཚིག སྙན་ཚིག་སོགས་ཀྱི་ཡིག་སྒྱུར་བྱེད་སྟངས་ངེས་པར་དུ་ཁོང་དུ་ཆུད་དགོས། རྒྱ་བོད་ཡིག་རིགས་གཉིས་ཀྱི་བརྡ་སྤྲོད་དང་སྐད་ཆར་རྒྱུས་མངའ་ཡག་པོ་ལོན་པའི་རྨང་གཞིའི་ཐོག་རང་མི་རིགས་ཀྱི་སྐད་བརྡའི་འགྲོ་ལུགས་དང་བསྟུན་ནས་གོ་བདེ་རྟོགས་སླ་བ་ཞིག་ཡོང་ཐབས་བྱེད་དགོས། དེའང་རྒྱུན་དུ་གླེང་བའི་ཨམ་ཐང་གཉིས་དང་ཆབ་ཆོབ་བཅོ་བརྒྱད་དེ། བསྒྱུར་བྱ་སྒྱུར་བྱེད་ཀྱི་སྐད་རིགས་གཉིས་ལ་ནང་བྱན་ཆུད་པའི་རྨང་གཞིའི་ཐོག་རིག་ཚན་གཞན་ལའང་གོམས་འདྲིས་མི་དམན་ཙམ་དགོས་པ་དེའོ།
གསུམ། ཡིག་སྒྱུར་གྱི་ལག་ལེན་ལ་མང་ཙམ་ཞུགས་དགོས་པ་དང་ཐབས་རྩལ་ངེས་ཅན་ལྡན་དགོས།
ཡིག་སྒྱུར་གྱི་བྱ་བ་ནི་ལག་ལེན་རང་བཞིན་ཧ་ཅང་ཟབ་པའི་བྱ་བ་ཞིག་ཡིན་ཞིང་། ཡིག་སྒྱུར་བྱེད་སྐབས་ཐབས་རྩལ་ལ་སྣང་འཇོག་ཆེན་པོ་བྱེད་དགོས། ཡིག་སྒྱུར་གྱི་ཐབས་དེ་ལག་ཆ་ལྟ་བུ་ཞིག་ཡིན་ཞིང་། དེ་བེད་སྤྱོད་ཡག་པོ་ཐུབ་མིན་ནི་ཁྱེད་ཀྱི་ཆུ་ཚད་ལ་རག་ལུས་ཡོད། ཡིག་སྒྱུར་གྱི་ཐབས་རྩལ་ལེགས་སུ་གཏོང་བར་ཡིག་སྒྱུར་རིགས་པའི་གཞུང་ལུགས་དང་ཐབས་རྩལ་སྐོར་གྱི་དཔེ་དེབ་ཁོ་ན་ཀློག་པས་མི་ཆོག་པར། ལོ་ཙཱའི་ལག་ལེན་ཁྲོད་རྒྱ་བོད་སྐད་གཉིས་ཀྱི་རིགས་པའི་གཞུང་ལུགས་དང་ཡིག་སྒྱུར་ལག་ལེན་གྱི་འབྲེལ་བ་དང་། དུས་ཚོད་ཀྱི་གོ་རིམ། གྲུབ་ཆའི་འབྲེལ་བ་སོགས་ལ་དབྱེ་ཞིབ་བྱ་རྒྱུར་དོ་སྣང་ཆེན་པོ་བྱེད་དགོས། ཐབས་རྩལ་འགའ་ཤས་སྤྱད་ཚེ་ངལ་བ་ཆུང་ལ་གྲུབ་འབྲས་ཆེ་བའི་ཕན་ནུས་ཐོན་སྲིད་པ་དཔེར་ན། སྣོན་སྒྱུར་དང་འཕྲི་སྒྱུར། བསྣོར་སྒྱུར་སོགས་སྤྱོད་རྒྱུ་ནི་དེང་རབས་ཀྱི་ཡིག་སྒྱུར་བསླབ་གཞིའི་ཁྲོད་རྟག་ཏུ་ཤོད་པ་དང་རྟག་ཏུ་སྦྱོང་བའི་ཡིག་སྒྱུར་ཐབས་རྩལ་ཞིག་རེད། མིའི་ཤེས་བྱར་ཚད་ཡོད་པས་ཡིག་སྒྱུར་བྱེད་སྐབས་ཚིག་མཛོད་དང་རིགས་ཁག་གི་དཔྱད་གཞི་དང་ཁ་འབྲལ་ཐབས་མེད་སྟབས་ཁེངས་སྐྱུང་ངང་སློབ་སྦྱོང་དང་། བསམ་བློ་མང་ཙམ་གཏོང་བ། སྐད་ཆ་མང་ཙམ་འདྲི་བ། མ་ཡིག་ལ་གོ་བ་ཡག་པོ་ལེན་པ་བཅས་བྱེད་དགོས། ཚིག་མཛོད་སྤྱོད་རྒྱུ་གོམས་གཤིས་བཟང་པོ་ཞིག་ཡིན་མོད། འོན་ཀྱང་རྦད་དེ་ཚིག་མཛོད་ལ་རྒྱབ་རྟེན་བཅོལ་མི་རུང་ཞིང་། མ་ཡིག་ལ་གོ་བ་དཔྱིས་ཕྱིན་པ་ལེན་པ་དང་མ་ཡིག་གི་གོང་འོག་དང་སྐད་ཆའི་ཁོར་ཡུག་ལ་གཞིཌ་ནས་སྒྱུར་བ་ལས་ཞྭ་དཔེ་ལྷམ་འགེབས་ལྟར་ཚིག་མཛོད་ནང་གི་སྐད་ཆ་འདྲ་བཤུས་བྱེད་མི་རུང་ལ་བཙན་འགེབས་དེ་བས་བྱེད་མི་རུང་།
མདོར་ན། ཡིག་སྒྱུར་གྱི་ལས་དེར་མཐོང་ཆེན་བྱེད་དགོས་ལ། ལོ་ཙཱ་བའི་བྱང་ཚད་མཐོ་རུ་གཏོང་རྒྱུ་ནི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་གསུམ་གོང་འཕེལ་གཏོང་བའི་ལྡོག་མེད་ཀྱི་དགོས་མཁོ་ཞིག་རེད། དེར་བརྟེན་ཁོ་མོའི་བསམ་པར་ཡིག་སྒྱུར་བྱ་བར་འབད་འབུངས་བྱས་ཚེ། རང་མི་རིཌ་ཀྱི་རིག་གནས་དང་དཔལ་འབྱོར་སོཌ་གོང་འཕེལ་གཏོང་བར་མཐུན་རྐྱེན་བཟང་པོ་ཞིག་སྐྲུན་ཐུབ་ངེས་རེད་སྙམ་མོ།