དུས་རབས་གསར་པའི་སྤྱི་ཚོགས་ཀྱི་འཚོ་བ་དང་། རིག་གནས། དཔལ་འབྱོར་སོགས་འཕུར་མཆོང་ལྟ་བུའི་འཕེལ་རྒྱས་འགྲོ་བཞིན་པའི་དུས་འདིར་སློབ་གསོའི་བྱ་གཞག་གི་འཕེལ་རྒྱས་གོམ་སྟབས་ཀྱང་མགྱོགས་སུ་གཏོང་དགོས་ཀྱི་ཡོད། དེ་ཡང་སློབ་གསོ་ནི་མིའི་རིགས་ཀྱི་ཀུན་སྤྱོད་དང་། བསམ་བློ། ལག་རྩལ་སོགས་གོང་མཐོར་གཏོང་བ་དང་། དེ་དག་ཕན་ཚུན་བརྒྱུད་སྤྲོད་བྱེད་པའི་བྱ་གཞག་ཅིག་ཡིན་ཞིང་། མདོར་ན། མིའི་རིགས་ཀྱི་ཤེས་ཡོན་བརྒྱུད་སྤྲོད་ཀྱི་བྱ་སྤྱོད་ཅིག་ཡིན་ལ། བྱ་གཞག་དེ་ལེགས་པོ་སྒྲུབ་ཐུབ་མིན་ནི་དགེ་རྒན་གྱི་ནུས་པར་རག་ལུས་ཡོད་སྟབས་དགེ་གྱི་བྱང་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་སློབ་གསོའི་སྤུས་ཚད་གོང་མཐོར་གཏོང་དགོས་ཀྱི་ཡོད་པ་དེ་ཡང་།
དགེ་རྒན་གྱི་ཤེས་ཚད་རྒྱུན་ཆད་མེད་པ་གོང་མཐོར་གཏོང་དགོས།
སྤྱིར་སློབ་གསོ་ནི་ཁྱིམ་ཚང་སློབ་གསོ་དང་། སློབ་གྲྭའི་སློབ་གསོ། སྤྱི་ཚོགས་སློབ་གསོ་བཅས་གསུམ་ལས་གྲུབ་ཡོད་ཅིང་། དེའི་ནང་ནས་སློབ་གྲྭའི་སློབ་གསོ་ནི་གལ་ཆེ་ཞིང་གཙིགས་ཆེར་འཛིན་དགོས་པ་ཞིག་ཡིན། སློབ་གྲྭ་ནི་ཤེས་བྱ་སྣ་ཚོགས་སྦྱངས་ས་དང་མི་གཤིས་སྐྱེད་སྲིང་བྱེད་ས་ཞིག་ཡིན་པས། སློབ་མར་ཤེས་ཡོན་འཇགས་པ་བྱེད་པའི་འགན་འཁྲི་འཁུར་མཁན་དགེ་རྒན་ཚད་ལྡན་ཞིག་བྱེད་པར་རིག་གཞུང་ཚན་རིག་གི་ཤེས་བྱ་གང་ལེགས་ཤེས་པ་བྱེད་པ་མ་ཟད། ངེས་པར་དུ་སློབ་གསོའི་བསམ་བློ་ཡང་དག་པ་ཞིག་དང་། སློབ་གསོ་རིག་པའི་ཆོས་ཉིད་དང་ཐབས་རྩལ་ཁོང་དུ་ཆུད་པ་ཞིག་དགོས་ལ། སློབ་གསོའི་ལས་དོན་པའི་བྱང་ཚད་ཀྱང་ལྡན་དགོས། དགེ་རྒན་ནི་སློབ་གསོ་སློབ་ཁྲིད་ཀྱི་མཛུབ་སྟོན་མཁན་ཞིག་ཡིན་པའི་ངོས་ནས་ཕྱི་རབས་པ་རྣམས་ལ་ཤེས་རིག་གི་སྒྲོན་མེ་སྤར་དགོས་ན། དགེ་རྒན་རང་ཉིད་ཤེས་ཚད་མཐོ་པོ་དགོས་པ་མ་ཟད། མུ་མཐུད་གོང་མཐོར་བཏང་ནས་སློབ་གསོ་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པ་བྱེད་དགོས། དེ་ཡང་ས་པཎ་གྱིས“རིག་པ་ནངས་པར་འཆི་ཡང་བསླབ། ཚེ་འདིར་མཁས་པར་མ་གྱུར་ཀྱང་། སྐྱེ་བ་ཕྱི་མར་བཅོལ་བ་ཡི། ནོར་ལ་རང་ཉིད་ལེན་དང་མཚུངས”ཞེས་གསུངས་པ་ལྟར་དུས་དང་རྣམ་པ་ཀུན་ཏུ་སློབ་སྦྱོང་བྱ་རྒྱུ་མཚམས་འཇོག་མེད་པར་རང་ཉིད་ཀྱི་ཤེས་ཚད་གོང་མཐོར་གཏོང་བའི་བསམ་པ་རྒྱུན་དུ་བཅངས་དགོས་པ་ནི་དོན་དངོས་ཀྱི་དགོས་མཁོ་ཞིག་ཡིན། དེ་ལྟར་དགེ་རྒན་ནི་སློབ་གསོའི་བྱ་གཞག་ཁྲོད་མེད་དུ་མི་རུང་བའི་ཁྲིད་སྟོན་པ་ཞིག་ཡིན་པས་རང་ཉིད་ཀྱི་ཤེས་ཚད་མུ་མཐུད་གོང་མཐོར་གཏོང་བའི་སེམས་ཤུགས་བཅངས་ཏེ་རང་གི་ཤེས་བྱའི་མ་ལག་དག་དུས་རབས་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་གཏོང་དགོས།
གཞན་ཡང་ད་ལྟ་སློབ་གསོའི་འཐབ་ས་མདུན་མར་ཆེད་ལས་དགེ་འོས་མིན་པའི་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་ཚོའི་རྒྱུད་ལ་དགེ་འོས་དངོས་སྦྱོང་གི་བརྒྱུད་རིམ་ལྡན་པའི་སློབ་གསོ་གཏིང་ཟབ་པོ་ཐོབ་མེད་པའི་རྐྱེན་གྱིས་སློབ་གསོའི་ཕན་འབྲས་གཅིག་པ་མི་ཐོན་པའི་དཔེ་མང་པོ་ཐོན་དང་ཐོན་མུས་ཡིན། དོན་དངོས་ཀྱི་དཔེ་དག་ལས་ཆེད་ལས་ཡིན་མིན་གྱི་དགེ་རྒན་གཉིས་པོའི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱེད་སྟངས་དང་བསམ་པའི་ཀུན་སློང་ཐད་ཁྱད་པར་ཡོད་པ་ལག་ལེན་ཁྲོད་ནས་ར་སྤྲོད་དང་ཤེས་རྟོགས་བྱེད་ཐུབ་པས། དགེ་རྒན་གྱིས་ལག་ལེན་ནང་སྦྱོང་བརྡར་བྱས་ཏེ་དགེ་འོས་ཆེད་ལས་ཀྱི་ཤེས་ཚད་ཐོག་ནས་སློབ་མ་གསོ་སྐྱོང་བྱེད་དགོས།
དགེ་རྒན་གྱི་ཀུན་སྤྱོད་བྱང་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་དགོས།
“ཕ་མ་བཟང་པོའི་བུ་ཕྲུག་དང་། དགེ་རྒན་བཟང་པོའི་དགེ་ཕྲུག”ཅེས་པ་ལྟར་སློབ་མའི་ཀུན་སྤྱོད་བཟང་ངན་ཡང་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་དགེ་རྒན་ལ་རག་ལས་པས། དགེ་རྒན་གྱི་གལ་ཆེན་རང་བཞིན་ཡང་དེ་ཡིན། དེ་ཕྱིར་སློབ་གསོའི་ལས་གནས་ཐོག་འཕོས་མ་ཐག་པའི་དགེ་རྒན་རྣམ་པས་རང་སོའི་ཀུན་སྤྱོད་བྱང་ཚད་ལེགས་པོས་སློབ་མར་མིག་དཔེ་འདོན་དགོས་ལ། སློབ་ཁྲིད་ཀྱི་ཉམས་མྱོང་གསོག་འཇོག་བྱ་རྒྱུ་དང་། རང་འཁྲིའི་ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ཏེ་སློབ་གསོའི་སྤུས་ཚད་སྒོ་ཀུན་ནས་གོང་མཐོར་གཏོང་རྒྱུའི་ཐད་བབ་འོས་ཀྱི་འགན་འཁྲི་ལེགས་པོ་འཁུར་ནས་མི་དམངས་ཀྱིས་བཅོལ་བའི་རེ་བ་ཆུད་ཟོས་སུ་མི་འགྲོ་བ་བྱེད་དགོས།
སྤྱིར་ན་སློབ་གསོའི་ཆུ་ཚད་ཕྱོགས་ཡོངས་ནས་གོང་ཐོར་གཏོང་རྒྱུ་དང་མི་རིགས་དང་སྤྱི་ཚོགས་ཧྲིལ་པོ་འཕེལ་རྒྱས་དང་སྔོན་ཐོན་གྱི་ཕྱོགས་སུ་བསྐྱོད་དགོས་ན་ངེས་པར་དུ་ཡ་རབས་ཀུན་སྤྱོད་ལྡན་པའི་མི་སྣ་གསོ་སྐྱོང་བྱ་དགོས་པས་དེ་གཙོ་བོ་དགེ་རྒན་གྱི་ཀུན་སྤྱོད་ལ་མ་བརྟེན་ཐབས་མེད་རེད། དེར་བརྟེན་དགེ་རྒན་གྱི་འགན་འཁྲི་དེ་སློབ་ཁྲིད་བྱ་ཐུབ་ཙམ་དང་སྐར་གྲངས་ལོན་ཙམ་ཞིག་མ་ཡིན་པར། མི་རིགས་ཀྱི་ལམ་སྟོན་པ་ཞིག་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་རྡོ་ལྟ་བུ་ཞིག་ཡིན་པ་ཤེས་དགོས། གལ་ཏེ་དགེ་རྒན་གྱི་ཀུན་སྤྱོད་ལེགས་པོ་མེད་ན་མི་རབས་རྗེས་མའི་མདུན་ལམ་ལ་གནོད་པ་མ་ཟད། ཐ་ན་ལོག་ལམ་དུ་ཡང་ཁྲིད་སྲིད་པས་དགེ་རྒན་གྱི་ཀུན་སྤྱོད་དང་སློབ་གསོའི་བྱང་ཚད་དང་འགན་འཁྲིའི་འདུ་ཤེས་མཉམ་དུ་གོང་མཐོར་གཏོང་དགོས། དེ་ཡང་དགེ་རྒན་གྱིས་སློབ་ཕྲུག་ལ་ཤེས་རིག་སློབ་པ་དང་ཀུན་སྤྱོད་ཀྱི་མིག་དཔེ་འདོན་དགོས་ན་དང་ཐོག་རང་ཉིད་ལ་ཆུ་ཚད་ངེས་ཅན་ཞིག་མེད་ན་སློབ་ཕྲུག་གི་ཤེས་ཚད་མཐོ་རུ་གཏོང་བ་དང་ཀུན་སྤྱོད་ཀྱི་མིག་དཔེ་འདོན་རྒྱུ་ནི་རི་བོང་གི་རྭ་རུ་ཟད། དེས་ན་དགེ་རྒན་གྱི་དམིགས་ཡུལ་ནི་གཅིག་ནས་སློབ་མ་རྣམས་ཀྱིས་ཚད་ལྡན་གྱི་མི་ཞིག་བྱེད་པའི་རྩ་བའི་གནས་ལུགས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་དང་མི་ཞིག་གི་ཀུན་སྤྱོད་འདུ་ཤེས་དེ་ཚེ་སྲོག་ལ་བརྩི་བཀུར་བྱེད་པ་དང་འདྲ་མཉམ་དང་། གཞུང་དྲང་། ཁ་དན་ཚིག་ལ་གནས་པ་བཅས་ཀྱི་རྨང་གཞི་འདིང་བའམ་གོམས་གཤིས་བཟང་པོ་ཞིག་འཇགས་ཐུབ་པའི་ཆེད་དུ་ཡིན། གཉིས་ནས་དགེ་རྒན་ནི་སློབ་མ་རྣམས་ཀྱི་རེ་བལྟོས་བྱེད་ས་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་མཁན་ཞིག་ཡིན་པས་ཤེས་ཚད་དང་ཐོབ་ཤོར་ལ་མི་བལྟ་བར་གཞན་ཕན་ལྷག་བསམ་གྱི་བསམ་པ་ཞིག་མེད་ན་སློབ་གསོའི་ལས་ཀ་དང་སློབ་མ་གསོ་སྐྱོང་བྱེད་པའི་བྱ་བ་དེ་ཕུན་སུམ་ཚོགས་པོ་ཞིག་ཡོང་ཐབས་གཏན་ནས་མེད། གསུམ་ནས་དགེ་རྒན་ནི་སློབ་མ་རྣམས་ཀྱི་ཕ་མ་དང་གཉིས་སུ་མ་མཆིས་པས་སློབ་མའི་ཕྱིའི་བྱད་གཟུགས་དང་རྣམ་འགྱུར་སོགས་ལ་མི་བལྟ་བར་རང་གི་བུ་ཕྲུག་ལྟར་ཉེ་རིང་མེད་པའི་ལྟ་སྟངས་ཤིག་འཛིན་རྒྱུ་ནི་ཆེས་རྩ་བའི་ཀུན་སྤྱོད་བཟང་ངན་ལ་ཐུག་ཡོད། དེར་བརྟེན་བྱམས་བརྩེ་དང་ལྡན་པའི་དགེ་རྒན་ཞིག་ཡིན་ཕྱིན་སློབ་མར་སེམས་ཁུར་དང་ལྟ་སྐྱོང་བྱ་བའི་ཐད་གཞན་དང་གཏན་ནས་མི་འདྲ་བས་སློབ་མའི་བསམ་བློ་དང་འཚོ་བར་གང་གིས་ཀྱང་ཚབ་བྱེད་ཐབས་མེད་པའི་བདེ་སྐྱིད་སྦྱིན་ཐུབ་ལ་སྤྱི་ཚོགས་ཧྲིལ་པོར་ཞི་བདེ་དང་འཆམ་མཐུན་གྱི་འོད་སྣང་ཞིག་ཁྱབ་ཐུབ། དེ་ལས་ལྡོག་སྟེ་དགེ་རྒན་ཞིག་ལ་བྱམས་བརྩེ་མེད་ན་སློབ་མ་རྣམས་ཀྱི་སེམས་ཁམས་ལ་ཕོག་ཐུག་གཏོང་བ་དང་སློབ་ཕྲུག་ཚོས་སློབ་གྲྭ་དང་དགེ་རྒན་ལ་འཛིན་པའི་ལྟ་སྟངས་དང་འདུ་ཤེས་བཟང་པོ་ཞིག་ཡོང་ཐབས་བྲལ་བས་དགེ་རྒན་ཞིག་གི་ངོས་ནས་བྱམས་བརྩེ་ནི་སློབ་མ་སྐྱེད་སྲིང་བྱེད་པའི་ཆེས་མ་མཐའི་ཆ་རྐྱེན་ནམ་རྨང་གཞི་ཡིན་པས་བྱམས་བརྩེའི་འདུ་ཤེས་དང་བསམ་བློ་སོགས་ངེས་པར་དུ་ཚང་དགོས། དེ་ལྟར་དགེ་རྒན་གྱིས་ཀུན་སྤྱོད་བཟང་པོས་སློབ་མ་བྱམས་ཀྱིས་སྐྱོང་དགོས་པ་མ་ཟད། ཚད་ལྡན་གྱི་ཀུན་སྤྱོད་ལ་བརྟེན་ནས་སློབ་མ་རྣམས་ལ་ཡང་དག་པའི་མི་ཚེའི་ལྟ་བ་འཛུགས་རོགས་ཀྱང་བྱེད་དགོས།
མདོར་ན། དགེ་རྒན་རང་སོའི་སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་གོང་མཐོར་གཏོང་དགོས་པ་དང་ཡ་རབས་ཀུན་སྤྱོད་དང་ལྷག་བསམ་གཙང་མས་ཀུན་ནས་བསླངས་ཏེ་སློབ་ཁྲིད་ཀྱི་བརྒྱུད་རིམ་དང་སློབ་མ་གསོ་སྐྱོང་ཐད་ཀྱི་དཀའ་སྡུག་དང་རྙོག་འཛིང་མཐའ་དག་གི་གདོང་བསུས་ཏེ་ཀུན་སྤྱོད་དང་ཤེས་རིག་གཉིས་ལྡན་གྱི་སློབ་མ་གང་མང་ཞིག་གསོ་སྐྱོང་བྱས་ནས་མེས་རྒྱལ་དང་མི་དམངས་ལ་ལེགས་སྐྱེས་འབུལ་ཐུབ་པ་བྱ་རྒྱུ་དང་དགེ་རྒན་དཔུང་ཁག་གི་ནུས་པ་གོང་མཐོར་གཏོང་དགོས་ལ་རང་ཉིད་ཀྱི་ཕུགས་བསམ་དང་མི་ཚེའི་རིན་ཐང་ཡང་མངོན་པ་བྱེད་དགོས།
(པ་སྣམ་རྫོང་སློབ་ཆུང་། བདེ་སྐྱིད་གཡང་འཛོམས)