དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • འཁྲབ་ཚན་སྒྱུར་མའི་སྒྲ་སྦྱོར་གྱི་སྒྱུ་རྩལ་སྐོར་གླེང་བ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-14

    བོད་སྐད་ཀྱི་བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་ནི་ཞིང་འབྲོག་མང་ཚོགས་ཚོས་ཧ་ཅང་དགའ་པོ་བྱེད་པའི་ལེ་ཚན་གལ་ཆེན་ཞིག་ཡིན་པ་དང་། འཁྲབ་ཚན་སྒྱུར་མའི་ལེ་ཚན་འདི་ཉིད་ཀྱིས་བོད་སྐད་བརྙན་འཕྲིན་ལེ་ཚན་གྱི་གར་སྟེགས་ཐོག་གནས་བབ་ངེས་ཅན་ཞིག་བཟུང་ཡོད་པ་རེད། ལྷག་པར་དུ་རྒྱལ་ཁབ་དང་འབྲེལ་ཡོད་ཚན་པས་འགྲོ་གྲོན་ཕོན་ཆེན་བཏང་ནས་ཤུགས་ཆེའི་རྒྱབ་སྐྱོར་དང་གཟིགས་མཐོང་ཚད་མེད་གནང་བར་བརྟེན། ད་ལྟ་སྒྲ་སྒྱུར་གྱི་དཔུང་ཁག་སྟོབས་ཆེན་ཞིག་ཆགས་ཡོད། འོ་ན་འཁྲབ་ཚན་སྒྱུར་མར་མང་ཚོགས་ཀྱིས་དགའ་པོ་དེ་འདྲ་བྱེད་དགོས་དོན་གང་ཡིན་ནམ་ཞེས་ན། དེ་ནི་བོད་སྐད་ཡིན་པ་ཙམ་མ་ཟད་གལ་ཆེ་ཤོས་ནི་དེ་ལ་སྒྱུ་རྩལ་གྱི་རིན་ཐང་དང་ཁྱད་ཆོས་ཕུན་སུམ་ཚོགས་པས་ཡིན།

    དང་པོ། གཏམ་གླེང་གི་སྒྱུ་རྩལ་ཁྱད་དུ་འཕགས་པ།

    བོད་སྐད་ཀྱི་འཁྲབ་ཚན་སྒྱུར་མའི་གཏམ་གླེང་ནི་མ་གཞི་ལྷ་སའི་ཁ་སྐད་ཡིན་མོད་ཀྱང་། དེར་སྒྱུ་རྩལ་ཁྱད་ཆོས་ཀྱིས་ཕྱུག་པར་བྱས་ཏེ་གཟིགས་མོ་བའི་བློ་ཁ་འགུགས་པར་བྱེད་ཀྱི་ཡོད་ལ། ལྷག་པར་དུ་སྒྲ་སྦྱོར་བས་ནམ་རྒྱུན་གྱི་གཏམ་གླེང་ཙམ་མ་ཡིན་པར་དེ་ལ་སྒྱུ་རྩལ་གྱི་ཚོན་རིས་རྣམ་པར་བཀྲ་བས་མཛེས་རྒྱན་སྤྲས་ཏེ་རབ་སྙན་འཇོལ་མོའི་དབྱངས་ཀྱིས་ཡིད་ལ་དགའ་བ་སྟེར་བའི་རྣམ་པ་གྲུབ་གང་ཐུབ་བྱེད་ཀྱི་ཡོད། འཁྲབ་ཚན་སྒྱུར་མར་གཏམ་གླེང་གི་ནུས་པ་དེ་ལྟ་བུ་ཞིག་མེད་ན་སུ་ཞིག་གིས་དེ་ལ་ཡིད་ཀྱི་དང་བ་སྟོན་པར་བྱེད། དཔེར་ན།《གཡོག་མོ》དང་། 《ཅིས་ཀུང》 《ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར》ལྟ་བུར་ཆ་མཚོན་ན། སྒྲ་སྦྱོར་བ་ཚོས་རང་ཉིད་ཀྱི་ཐབས་རྩལ་ལ་བརྟེན་ནས་མི་སྣའི་ཁྱད་ཆོས་དང་འཚམས་པའི་སྐད་ཆའི་སྒྱུ་རྩལ་ཕུན་སུམ་ཚོགས་པོ་ཞིག་ལ་བརྟེན་ཏེ་འཁྲབ་ཚན་གྱི་མི་སྣ་དེ་དག་གཟིགས་མོ་བའི་ཡིད་ཀྱི་ཞིང་སར་ནམ་ཡང་བསུབ་ཐབས་བྲལ་བའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་པ་དང་། དེ་དག་ནི་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་སྒྱུ་རྩལ་གྱི་དཔེ་སྟོན་ཞིག་རེད་ལ། འཁྲབ་ཚན་སྒྱུར་མའི་སྒྲ་སྦྱོར་བ་ཚོའི་སློབ་གཞིའི་རྟེན་དུའང་གྱུར་ཡོད་པ་རེད།

    གཉིས་པ། མི་སྣའི་ཁྱད་ཆོས་དང་འཚམས་པ།

    འཁྲབ་ཚན་སྒྱུར་མའི་སྒྲ་སྦྱོར་གྱི་བྱ་བ་ནི་གསར་འགྱུར་སྙན་སྒྲོན་དང་མི་འདྲ་བར་དེ་ལ་སྒྱུ་རྩལ་གྱི་ཉམས་འགྱུར་ཕུན་སུམ་ཚོགས་པོ་ཡོད་པ་རེད། དེ་ཡང་སྒྲ་སྦྱོར་བས་ཐོག་མར་འཁྲབ་ཚན་གྱི་མི་སྣ་ཁག་ལ་ཉམས་ཞིབ་ལེགས་པར་བྱས་ཏེ་མི་སྣ་སོ་སོའི་ལོ་ནའི་ཁྱད་ཆོས་དང་། སྤྱི་ཚོགས་ཁོར་ཡུག་གི་བསམ་པའི་འཁྱེར་སོ། གོ་ཐོབ། དེ་བཞིན་མི་སྣ་ཁག་གི་འབྲེལ་བར་གཞིགས་ནས་རང་ཉིད་ཀྱིས་སྒྲ་སྦྱོར་ཡུལ་གྱི་མི་སྣ་དེར་དབྱེར་ཞིབ་གཏིང་ཟབ་བྱས་ཏེ་དེའི་རང་གཤིས་འབུར་དུ་ཐོན་གང་ཐུབ་བྱེད་ཀྱི་ཡོད་པ་མ་ཟད། ཐ་ན་དབུགས་ཀྱི་རྒྱུ་བ་ཡན་ཆད་ཀྱང་སྣང་མེད་དུ་མ་བཞག་པར་མི་སྣ་དེས་དངོས་སུ་ཉམས་སུ་མྱོང་བ་ལྟ་བུའི་སྒྱུ་རྩལ་གྱི་ཉམས་འགྱུར་མངོན་ཐུབ་པ་བྱེད་ཀྱི་ཡོད། དེ་ཡང་ནམ་རྒྱུན་འཚོ་བའི་ཁྲོད་དུ་རང་འདོད་དུ་གཏམ་གླེང་བྱེད་པ་དང་མི་འདྲ་བར་སྐད་ཆའི་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་རྒྱུ་དེ་ཚད་གཞི་གལ་ཆེན་ཞིག་ལ་བརྩི་བཞིན་ཡོད། སྐད་ཆ་དེ་དག་ཀྱང་སྙན་བདེ་འཇུག་གསུམ་དགོས་པ་ལས་སྨྲ་བ་ལྡབ་ལྡིབ་དང་། སྒྲ་གསལ་པོ་མེད་པ། སྒྲ་ཤུགས་ཆེ་ཆུང་གནད་ལ་མ་འཁེལ་བ། སྒྱུ་རྩལ་གྱི་བྲོ་བ་བཅས་མེད་ན་མི་སྣ་སོ་སོའི་ཁྱད་ཆོས་ཇི་བཞིན་མངོན་ཐུབ་ཀྱི་མེད་ལ། སྒྱུ་རྩལ་གྱི་དྲང་བདེན་རང་བཞིན་ཡོངས་སུ་ཉམས་ནས་གཟིགས་མོ་བའི་བློ་ཁ་འགུག་ཐུབ་ཀྱི་མེད་པ་རེད། དེར་བརྟེན་མི་སྣའི་ལོ་ཚོད་དང་བསྟུན་དགོས་པ་མ་ཟད། སེམས་ཁམས་ཀྱི་འཇིག་རྟེན་རྟོགས་པར་བྱས་ཏེ་ཁ་འབྱེད་བཙུམ་དང་བསྟུན་ནས་སྒྲ་སྦྱར་ཚེ་གཞི་ནས་སྒྱུ་རྩལ་གྱི་ཁྱད་ཆོས་རྨད་དུ་བྱུང་བའི་མི་སྣ་རེ་རེ་བཞིན་བརྙན་འཕྲིན་གྱི་མེ་ལོང་ངོས་སུ་མངོན་སུམ་གསོན་རྗེན་དུ་མངོན་ཐུབ་ཀྱི་ཡོད།

    གསུམ་པ། ཉམས་མྱོང་ཕུན་སུམ་ཚོགས་པ།

    སྒྲ་སྒྱུར་བྱ་གཞག་ལ་དགའ་ཞེན་ཡོད་པའི་སྒྲ་སྦྱོར་བ་ཞིག་ཡིན་ཕྱིན་ངེས་པར་དུ་འཚོ་བའི་ཁྲོད་ཀྱི་མི་སྣ་འདྲ་མིན་སྣ་ཚོགས་ལ་ཉམས་ཞིབ་བྱས་ཏེ། ཁོང་ཚོས་གཏམ་གླེང་བྱེད་སྐབས་ཁྱད་ཆོས་མི་འདྲ་བ་གང་ཡོད་མེད་ལ་བརྟག་ནས་ལག་ལེན་དངོས་ཀྱི་ཁྲོད་དུ་བླང་དོར་ཡོད་པའི་སྒོ་ནས་བེད་སྤྱོད་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། ཐ་ན་གད་མོ་དགོད་པ་དང་། ཆོ་ངེ་འདོན་པ་ཚུན་ཆད་ཀྱང་དཔྱད་གཞིར་འཛིན་ཏེ་ལེགས་ཆ་ཡོད་ཚེ་རང་གི་བློ་ཡི་སྒོ་མོ་འབྱེད་པའི་ལྡེ་མིག་ཏུ་ངོས་འཛིན་ནས་དེ་དག་ལ་ལད་མོ་དང་། སློབ་སྦྱོང་བྱས་ཏེ་ལག་ལེན་དངོས་ཀྱི་ཁྲོད་ཏུ་གང་ལ་གང་འོས་སུ་བེད་སྤྱོད་བྱ་རྒྱུ་དེ་གལ་ཆེན་པོ་ཡིན་ནོ། དེ་ལྟར་བྱ་བ་དངོས་ཀྱི་ནང་ནས་ཉམས་མྱོང་གསོག་འཇོག་བྱས་པའི་ཐབས་རྩལ་དེ་དག་ཕུན་སུམ་ཚོགས་སུ་ཕྱིན་པའི་རྨང་གཞིའི་ཐོག་སྒྱུ་རྩལ་ལ་མངའ་བརྙེས་པའི་སྒྲ་སྦྱོར་མཁན་པོ་དེ་དག་ལ་ཁེངས་སྐྱུང་གི་སྒོ་ནས་སློབ་སྦྱོང་བྱས་ཏེ་རང་ཉིད་ཡར་རྒྱས་གཏོང་དགོས་པ་མ་ཟད། ད་དུང་སྒྱུ་རྩལ་གྱི་གཞུང་ལུགས་ལ་ཐོས་བསམ་བྱས་ཏེ་སྒྱུ་རྩལ་གྱི་རིན་ཐང་ལྡན་པའི་མི་སྣ་དེ་དག་ལ་གནད་ལ་འཁེལ་བའི་སྒྲ་སྦྱོར་ཐུབ་པ་བྱེད་ཀྱི་ཡོད།

    མདོར་ན། བོད་སྐད་ཀྱི་འཁྲབ་ཚན་སྒྱུར་མའི་བརྩམས་ཆོས་དུ་མ་ཞིག་ལ་གདེང་འཇོག་གང་ལེགས་ཐོབ་ཡོད་པ་མ་ཟད། གཟིགས་མོ་བའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་ནུས་པའི་སྐད་ཆའི་སྒྱུ་རྩལ་ཕུན་སུམ་ཚོགས་པའི་བརྩམས་ཆོས་ཀྱང་གང་མང་ཡོད་པ་རེད། དེ་དག་ནི་སྒྲ་སྦྱོར་ལས་དོན་གྱི་མི་སྣ་ཚོས་དཀའ་བ་སྤྱད་པའི་འབྲས་བུ་བཟང་པོ་ཞིག་ཡིན་ལ། བོད་ཀྱི་བརྙན་འཕྲིན་བྱ་གཞག་གོང་འཕེལ་ཡོང་རྒྱུར་ལེགས་སྐྱེས་ཕུལ་བ་ཞིག་ཀྱང་རེད། འོན་ཀྱང་བྱ་བ་གང་འདྲ་ཞིག་ཡིན་རུང་དགེ་སྐྱོན་ཟུང་དུ་སྦྲེལ་ཡོད་པ་ཆོས་ཉིད་ཡིན་པ་བཞིན་སྒྲ་སྦྱོར་གྱི་ལས་དོན་དེ་སྐབས་རེ་མི་སྣའི་ཁྱད་ཆོས་དང་དེ་ཙམ་མི་འཚམས་པའི་སྒྲ་སྦྱར་བའང་མེད་པ་མིན་པས་དེ་དག་ལ་སྐྱོན་སེལ་དང་ལེགས་སྤེལ་ཉེས་འགོག་བྱེད་ཐུབ་ཚེ། སྒྱུ་རྩལ་གྱི་རིན་ཐང་ངེས་ཅན་ཡོད་པའི་བརྩམས་ཆོས་མི་ཉུང་བ་ཞིག་གཟིགས་མོ་བའི་སྤྱན་ལམ་དུ་འབུལ་ཐུབ་རྒྱུའི་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད།

    (བོད་ལྗོངས་བརྙན་འཕྲིན་ལས་ཁུངས་སྒྲ་སྒྱུར་ལྟེ་གནས། ཉི་མ་ཚེ་རིང)

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།