ཉི་མ་གང་འཁྱོལ་བྱས་ན་བློ་འགྱོད་ཡོང་ངེས་རེད་ལ། ཏན་ཏན་ཏིག་ཏིག་བྱས་ན་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་ཐུབ་ངེས་རེད་ཅེས་པ་དེ་ནི་གྲོང་ཚོ་རིམ་པའི་སློབ་ཁྲིད་ས་ཚིགས་ཀྱི་དགེ་རྒན་ཞིག་གི་མི་ཚེར་བཅངས་པའི་བསམ་ཚུལ་ཞིག་རེད། བསམ་ཚུལ་དེ་འདྲ་ཞིག་གི་ལྕག་སྐུལ་འོག ཁོང་གིས་སློབ་ཁྲིད་ཀྱི་ལམ་བུའི་ཐོག་འོད་ཆེམ་ཆེམ་གྱི་རྐང་རྗེས་མང་དག་ཅིག་བཞག་ཡོད། ཁོང་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཕྱི་ཤང་སྨིན་གྲུབ་གྲོང་ཚོའི་སློབ་ཁྲིད་ས་ཚིགས་ཀྱི་ཕུལ་བྱུང་དགེ་རྒན་རྒྱ་མཚོ་རེད།
རྒྱ་མཚོ་1996ལོའི་ཟླ་7པར། ལྷོ་ཁ་གྲོང་ཁྱེར་དགེ་འོས་སློབ་གྲྭ་ནས་ཐོན་ཏེ་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཕྱི་ཤང་སྨིན་གྲུབ་གྲོང་ཚོའི་སློབ་ཁྲིད་ས་ཚིགས་སུ་ལས་བགོས་བརྒྱབ་ནས་ད་བར་ལོ་20ཙམ་སློབ་གསོ་སློབ་ཁྲིད་ཀྱི་ལས་ལ་གཞོལ་བ་རེད། ཁོང་གིས་ལས་སྒོའི་ཤེས་བྱར་མཐོང་ཧ་ཅང་ཆེན་པོ་བྱས་ཏེ་རང་ངོས་ཀྱི་ལས་སྒོའི་ཆུ་ཚད་མཐོ་རུ་དང་སློབ་ཁྲིད་ནུས་པ་ཆེ་རུ་གཏོང་བ་དང་། ཡར་རྒྱས་བརྩོན་ལེན་དང་གསར་གཏོད་ཧུར་ཐག་བྱེད་པ། བྱང་ཚད་སློབ་གསོར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་པར་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། 1997ལོར་། དགེ་རྒན་དུས་ཆེན་ཐེངས་བཅུ་གསུམ་པའི་ཐོག་གྲ་ནང་རྫོང་མི་དམངས་སྲིད་གཞུང་གིས་ཁོང“ཕུལ་བྱུང་གི་འཛིན་གྲྭའི་ཀྲུའུ་རེན”ལ་བདམས་པ་དང་། 2007ལོར་གྲ་ནང་རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་གིས“ཕུལ་བྱུང་གི་དགེ་རྒན”ལ་བདམས་པ། 2013ལོར་ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྐབས་གཉིས་པའི“ལྷོ་ཁར་སེམས་འགུལ་ཐེབས་པའི་ཕུལ་བྱུང་མི་སྣ་བཅུའི”མཚན་སྙན་སྤྲད་པ་མ་ཟད། སློབ་གསོ་པུས“དགེ་རྒན་གྱི་ཀུན་སྤྱོད་སློབ་གསོའི་རིགས་གཅིག་མཁས་ཅན་གྱི་མཛོད”ནང་དུའང་བཅུག་པ་རེད།
1999ལོར་། གྲ་ནང་རྫོང་གི་ཡིག་རྨོངས་སེལ་བའི(ན་གཞོན་ཡིག་རྨོངས་སེལ་བའི)ཟུར་ཁྲིད་འཛིན་གྲྭ་བཙུགས་པ་དང་། ཁོང་གིས་རང་འགུལ་ངང་སྨིན་གྲུབ་གྲོང་ཚོའི་ཡིག་རྨོངས་སེལ་བའི་འཛིན་གྲྭའི་དགེ་རྒན་བྱ་རྒྱུའི་རེ་བ་བཏོན་ནས་ཁོར་ཡུག་ཞན་པོའི་འོག་ཡིག་རྨོངས་སེལ་བའི་ལས་དོན་ནུས་ལྡན་སྤེལ་བ་དང་། 2004ལོར། ཁོང་གིས་སྨིན་གྲུབ་སློབ་ཁྲིད་ས་ཚིགས་བསྐྱར་སྐྲུན་བྱ་རྒྱུའི་ཐད་བསྐྱར་སྐྲུན་གྱི་མ་དངུལ་རེ་ཞུ་བྱས་ནས་སློབ་ཁྲིད་ས་ཚིགས་ཀྱི་སློབ་ཕྲུག་ཚོར་སློབ་སྦྱོང་གི་ཁོར་ཡུག་ཡག་པོ་ཞིག་བཏོད་ཡོད། ཁོང་གི་སློབ་ཁྲིད་གྲུབ་འབྲས་དེ་རྫོང་དེ་ཡོངས་ཀྱི་སློབ་ཁྲིད་ས་ཚིགས་ཁྲོད་ཀྱི་མདུན་གྲལ་དུ་སླེབས་ཀྱི་ཡོད་པར་བརྟེན་རྫོང་རིམ་པའི“ཕུལ་བྱུང་དགེ་རྒན”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐེངས་མང་ཐོབ་ཡོད་པ་རེད།
རྒྱ་མཚོའི་ཁྱིམ་ལ་ནང་མི་བཞི་ཡོད་པ་དང་། བཟའ་ཟླ་གཟུགས་པོ་ཐང་པོ་མེད་རྐྱེན་ཞིང་ནང་དུ་བསྐྱོད་དེ་ལས་ཀ་བྱེད་ཐབས་བྲལ། ཕྲུ་གུ་གཉིས་ཡོད་པའི་ཆེ་བ་གྲ་ནང་རྫོང་སློབ་འབྲིང་དུ་སློབ་སྦྱོང་བྱེད་པ་དང་ཆུང་བ་གྲ་ཕྱི་ཤང་སློབ་ཆུང་དང་པོར་སློབ་སྦྱོང་བྱེད་ཀྱི་ཡོད། ཁྱིམ་ལ་མི་མང་ཡང་ངལ་རྩོལ་ནུས་ཤུགས་མེད་སྟབས། ཁོང་རང་ཉིད་ཀྱི་གླ་ཕོགས་ཕྲན་བུ་ལས་དཔལ་འབྱོར་གྱི་ཡོང་ཁུངས་གཞན་གང་ཡང་མེད་པ་རེད། དཀའ་ངལ་གྱི་མདུན་དུ་རྒྱ་མཚོས་དུས་དང་རྣམ་པ་ཀུན་ཏུ་བློ་བག་ཡངས་པོའི་སྒོ་ནས་ཁ་གཏད་བཅག་ཏེ་སྔར་བཞིན་ལས་ཀ་ཧུར་ཐག་བྱེད་ཀྱི་ཡོད། ཁོང་གིས་རྟག་ཏུ་ནང་མི་ཚོར“ང་ནི་གུང་ཁྲན་ཏང་མི་ཞིག་ཡིན་པས། གུང་ཁྲན་ཏང་ཡོན་གྱི་འགན་འཁྲི་ནམ་ཡང་དོར་མི་ཉན”ཞེས་ཤོད་ཀྱི་ཡོད་པ་རེད།