བོད་སྐད་ཡིག་གི་སློབ་ཁྲིད་ལས་བྱུང་བའི་མྱོང་བ་ཐོར་བུ།
སློབ་མའི་རྒྱུད་ལ་གོམས་གཤིས་བཟང་པོ་གསོ་སྐྱོང་དང་། སློབ་ཁྲིད་གོང་གི་སྟ་གོན་ལེགས་པར་འགྲུབ་པ། དགེ་རྒན་རང་ངོས་ཀྱི་བྱང་ཚད་གོང་མཐོར་གཏོང་བ་བཅས་གསུམ་ནི་སློབ་མའི་སྦྱངས་འབྲས་གོང་མཐོར་འགྲོ་བའི་ཐབས་ལམ་བཟང་པོ་ཞིག་ཡིན་སྟབས། རང་ཉིད་བོད་སྐད་ཡིག་སློབ་ཁྲིད་ཀྱི་ལས་དོན་དངོས་ལ་ཞུགས་ནས་ད་བར་བགྲང་བྱ་བཅུ་གྲངས་ཀྱི་ཡུན་ལ་བྱུང་བའི་ཉམས་མྱོང་ཕྲན་བུ་རེ་གླེང་བར་འདོད་པ་སྟེ།
དང་པོ། སྦྱོང་ཚན་དུས་ཐོག་ཏུ་མི་འབྲི་བ་དང་སྦྱངས་འབྲས་ཞན་པའི་སློབ་མ་ཡར་རྒྱས་ཇི་ལྟར་གཏོང་དགོས་མིན་གྱི་མྱོང་བ།
༡ སློབ་མས་རྟག་ཏུ་སྦྱོང་ཚན་མ་བྲིས་པའི་རྒྱུ་རྐྱེན་འཚོལ་ཞིབ་བྱེད་དགོས།
འཛིན་གྲྭ་གཅིག་གི་ནང་སློབ་མས་སྦྱོང་ཚན་མ་བྲིས་པའི་གནད་དོན་ཐོན་མུས་ཡིན་པ་དེ་དག་དགེ་རྒན་རེ་གཉིས་ཀྱིས་མིག་ནང་གི་ཚེར་མ་བཞིན་རྟག་ཏུ་ཟུར་ཟ་དང་འཕྱ་སྨོད་ཀྱི་མདའ་མོ་འཕེན་ས་ཞིག་ཏུ་བརྩིས་པར་བརྟེན། སློབ་མ་རེ་འགས་རང་ལ་ཡིད་ཆེས་མེད་པ་དང་བློ་ཁོག་ཆུང་བ་སོགས་ཀྱི་རང་བཞིན་དུ་གྲུབ་ནས་རྟག་ཏུ་སློབ་སྦྱོང་ལ་བརྩོན་པ་མེད་པ་དང་། སློབ་ཚན་འཚོགས་སྐབས་སྒྱིད་ལུག་རྣམ་གཡེང་གི་དབང་དུ་སོང་སླ་བ། སློབ་སྦྱོང་ལ་སྤྲོ་སྣང་མེད་པ། སྦྱོང་ཚན་དུས་ཐོག་ཏུ་མ་བྲིས་པ་དང་བྲིས་ཀྱང་ཁྲལ་ལ་ངོས་འཛིན་བྱེད་པ། གཙང་མ་མེད་པ། ཡིག་གཟུགས་ལེགས་པོ་མེད་པ་སོགས་མདོར་ན་སྤུས་ཚད་ཞན་པའི་སྐྱོན་མང་དག་མཆིས། དེས་ན་དགེ་རྒན་གྱིས་ཀྱང་སྦྱོང་ཚན་མ་བྲིས་པའི་རྒྱུ་མཚན་ཅི་ཡང་མ་བྲིས་པར་ཐད་ཀར་གཤེ་གཤེ་བཏང་ན་ཕན་འབྲས་གང་ཡང་མ་ཐོན་པར་དེ་ལས་ལྡོག་སྟེ་ཁོང་ཚོའི་སེམས་ལ་ཕོག་ཐུག་སོང་སྟེ་སློབ་སྦྱོང་གི་བཀག་རྡོ་ཞིག་ཏུ་གྱུར་ནས་རིག་ཚན་འདི་ལ་ཞེན་པ་ལོག་པ་དང་སྤྲོ་བ་བརླག་པར་འགྱུར་ངེས་ཡིན་པས་དེར་བརྟེན་ང་ཚོ་དགེ་བའི་བཤེས་གཉེན་རྣམས་ཀྱིས་ངང་རྒྱུ་རིང་པོའི་ངང་སློབ་མ་དང་འགྲོགས་བདེ་གཤིབས་བདེའི་སྒོ་ནས་ཁྱིམ་ཚང་གི་གནས་ཚུལ་དངོས་དང་སྦྱོང་ཚན་མ་བྲིས་པའི་རྒྱུ་མཚན་གཙོ་བོ་སྐད་ཆ་དྲིས་ནས་ཤེས་རྟོགས་གསལ་པོ་ཐུབ་པ་བྱས་ཏེ་སློབ་མར་འབེན་ལ་མདའ་འཕངས་པ་བཞིན་གནད་ལ་འཕིགས་པའི་སློབ་གསོ་རྒྱག་དགོས་སྙམ།
དུས་རྒྱུན་ང་ཚོས་མཐོང་བ་ནི་སློབ་མའི་ཕྱི་ཚུལ་གྱི་གོམས་གཤིས་ངན་པ་དེ་རང་ཡིན་པ་ལས་ནང་གི་ལྐོག་འགྱུར་གྱི་གནས་སྟངས་ལ་ཧོལ་རྒྱུག་ཤོར་སླ་བས་དེར་དོ་ཁུར་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། དེར་བརྟེན་ང་ཚོས་དུས་རྒྱུན་ནས་སྦྱོང་ཚན་དུས་ཐོག་ཏུ་མ་བྲིས་མཁན་གྱི་སློབ་མའི་ཁྱིམ་བདག་དང་འབྲེལ་བ་མང་ཙམ་བྱས་ཏེ་ཁོ་ཚོའི་ཁྱིམ་ཚང་གནས་ཚུལ་རྒྱུས་ལོན་གྱིས་རང་ཉིད་ཀྱི་བུ་ཕྲུག་བཞིན་བྱམས་དང་བརྩེ་བའི་ཐུགས་ཁུར་གང་མང་དང་སློབ་གསོའི་ཆར་རྒྱུན་བཟང་པོས་སློབ་མའི་སེམས་ཀྱི་ཞིང་ས་གཤིན་པོར་ས་བོན་གང་ལེགས་བཏབ་ནས་རེ་བའི་འབྲས་བཟང་སྨིན་པའི་འདུན་པ་ཞིག་བཅངས་ཏེ་དུས་རྟག་ཏུ་སློབ་མ་གཞན་ལས་ལྷག་པའི་སེམས་ཁུར་དང་གཅེས་སྐྱོང་བྱ་དགོས་པའི་སྐུལ་སློང་བརྒྱུད་སྦྱོང་ཚན་འབྲི་བའི་གོམས་གཤིས་སྐྱེད་སྲིང་བྱས་ན་སློབ་སྦྱོང་བྱེད་པར་སྐུལ་མ་ཐེབས་ནས་ཕན་འབྲས་བཟང་པོ་ཞིག་ཐོན་སྲིད།
༢ སྤྱིར་སྦྱངས་འབྲས་ཞན་པའི་སློབ་མ་དེ་དག་ཁྱིམ་ཚང་གནས་ཚུལ་དང་འབྲེལ་བ་དམ་ཟབ་ཡོད་པས་དགེ་རྒན་གྱིས་སྐྱོན་བརྗོད་ཁོ་ན་མ་བྱས་པར་བྱམས་བརྩེས་སྐྱོང་དགོས།
དེ་ཡང་སྤྱིར་གནམ་འོག་གི་ཕ་མ་གང་འདྲ་ཞིག་ཡིན་རུང་། རང་གི་བུ་ཕྲུག་ནི་སྙིང་དང་མིག་འབྲས་བཞིན་གཅེས་སྐྱོང་འོག་སྤྱི་བོའི་རྒྱན་ལྟར་འགྱུར་ན་ཅི་མ་རུང་སྙམ་པའི་བློ་ཞིག་ཡོད་པ་ནི་སྨོས་ཅི་དགོས། འོན་ཀྱང་སློབ་མའི་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་དང་ཕ་མའི་རིག་གནས་ཆུ་ཚད་མཐོ་དམན་མི་འདྲ་བ་དང་། ཁོང་ཚོའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་སོགས་མི་འདྲ་བ་དང་ཡང་ན་ཁྱིམ་ཚང་སློབ་གསོ་མི་འདྲ་བའི་དབང་གིས་སློབ་མའི་ཀུན་སྤྱོད་དང་ཤེས་རིག་ལ་སོགས་ཐ་དད་དུ་ཕྱེ་བས་སྦྱངས་འབྲས་ཞན་པའི་སློབ་མའི་ཁྱིམ་ཚང་ནང་ཕ་མ་འཆམ་མཐུན་མེད་པ་དང་། འགའ་ཤས་ཀྱིས་ཤོ་སྦག་དང་རྒྱན་རྩེད་ཁོ་ནར་མགོ་འཁོར་ནས་བུ་ཕྲུག་གི་ཀུན་སྤྱོད་དང་ཤེས་རིག་གོམས་གཤིས་གསོ་སྐྱོང་བྱེད་པའི་དུས་ཚོད་ཆེས་བཟང་ཤོས་འདི་འཐུས་ཤོར་དང་སྣང་མེད་དུ་བཏང་ནས་ཕྲུ་གུར་བག་ཆགས་ངན་པ་དང་ཐ་ན་ཕྲུ་གུའི་མདུན་ལམ་ཡང་ཤོར་སྲིད། དེར་བརྟེན་ང་ཚོ་དགེ་བའི་བཤེས་གཉེན་གྱིས་འགན་འཁྲི་རི་ལྟར་ལྕི་བ་དང་དུ་བླངས་ནས་དུས་དང་རྣམ་པ་ཀུན་ཏུ་ཁོང་ཚོའི་འཚོ་བ་དང་། སློབ་སྦྱོང་། ལུས་སེམས་བདེ་ཐང་སོགས་ལ་ལྟ་རྟོག་གང་ལེགས་བྱེད་ཁར། ཁོམ་པ་ཡོད་ཚད་བཙལ་ནས་ཟུར་ཁྲིད་ཀྱི་བྱ་བར་བཞུགས་པ་དང་། ཁོང་ཚོའི་སེམས་ཤུགས་འཕེལ་ཕྱིར་ཡར་རྒྱས་ཅུང་ཙམ་བྱུང་ཡང་འཕྲལ་དུ་བསྔགས་བརྗོད་ཀྱི་མེ་ཏོག་སྟོར་བའམ་ཡང་ན་བྱ་དགའི་ཚུལ་གྱིས་ཡིག་ཆས་རེ་གཉིས་སྟེར་བ་དང་སྐབས་རེ་ལོགས་སུ་རྔན་པ་ཆུང་ཙག་སྦྱིན་པ་ན་མདུན་སྐྱོད་ཀྱི་སྙིང་སྟོབས་ཤིག་སྤྲོད་ཐུབ་པའི་ཕན་འབྲས་ཐོན་ཐུབ་པ་དང་། འབྲི་ཀློག་ཉན་བཤད་ཐད་ལའང་སློབ་མ་གཞན་ལས་རེ་བ་དམའ་བ་བཏོན་ནས་སློབ་མ་གཞན་གྱིས་དཔོད་བྲིས་གཏོང་ཐུབ་སྐབས་ཁོང་ཚོས་བཤུ་ཐུབ་པའི་རེ་བ་འདོན་རྒྱུ་དང་། སློབ་མ་གཞན་གྱིས་ངག་བྲིས་ཐུབ་སྐབས་ཁོང་ཚོས་ཀློག་ཤེས་པའི་རེ་བ་བཏོན་ན་ད་གཟོད་གཞི་ནས་ཁོང་ཚོའི་རིན་ཐང་རིམ་བཞིན་མངོན་ནས་རང་བརྩིའི་བསམ་པར་ཕོག་ཐུག་མེད་པར་སློབ་སྦྱོང་བྱེད་སེམས་འཕེལ་ནས་སྤྲོ་སྣང་ཞིག་སྐྱེས་སྲིད། མདོར་ན། སློབ་གྲྭའི་ནང་དགེ་རྒན་གྱིས་སློབ་མ་འདི་དག་ལ་བདེ་སྐྱིད་ཀྱི་ཚོར་སྣང་དང་མ་བུའི་བྱམས་སྐྱོང་རིམ་བཞིན་སྦྱིན་ནས་ཁོང་ཚོའི་ཤེས་རྒྱ་མཐོར་འདེགས་གཏོང་རྒྱུར་རམ་འདེགས་ཀྱིས་རྣམ་གཡེང་གི་དབང་དུ་མི་སོང་བའི་འགན་ལེན་བྱེད་དགོས། དེ་ཡང་། ཤེས་ལྡན་སློབ་ཚེ་ངལ་ན་ཡང་། རིམ་གྱིས་ཡོན་ཏན་ལྡན་པར་འགྱུར། ཟླ་བ་མར་ངོར་འགྲིབ་འགྱུར་ཀྱང་། དཀར་པོའི་ཕྱོགས་སུ་རིམ་གྱིས་འཕེལ། ཞེས་པའི་ཚིགས་སུ་བཅད་པ་ལས་རྟོགས་ཐུབ་བོ།
གཉིས་པ། བསླབ་གཞིར་རྒྱུས་མངའ་དང་ཁྲིད་ཐབས་ལ་བསམ་གཞིག་བྱེད་དགོས།
༡ བསླབ་གཞིའི་ནང་དོན་ལ་རྒྱུས་མངའ་གཏིང་ཟབ་ཡོང་བ་དང་སློབ་ཁྲིད་འཆར་ཟིན་ནན་ཏན་གྱིས་འགོད་རྒྱུ།
སློབ་ཚན་གཅིག་ལེགས་གྲུབ་ཡོང་མིན་དེ་སློབ་ཁྲིད་འཆར་ཟིན་གྲ་སྒྲིག་ལས་ཀར་རག་ལུས་ཡོད། བསླབ་གཞིའི་ནང་དོན་ལ་རྒྱུས་མངའ་གཏིང་ཟབ་ཡོང་བ་དང་སློབ་ཁྲིད་འཆར་ཟིན་ནན་ཏན་གྱིས་འགོད་དགོས། མ་གཞི་དཔྱད་གཞིའི་ནང་ནང་དོན་རྣམས་ཞིབ་ཅིང་གསལ་བ་ཞིག་བཀོད་ཡོད་རུང་དེའི་ཁར་དགོས་ངེས་ཀྱི་དྲི་ལན་སྣོན་འཕྲི་གང་ལེགས་བྱས་ཏེ་སོ་སོ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སློབ་གསོ་སློབ་ཁྲིད་ཀྱི་བྱ་ཐབས་དམིགས་བསལ་ཅན་དེ་དག་མངོན་ཐུབ་པ་བྱས་ནས་སྔར་ལས་ལྷག་པའི་འཐུས་སྒོ་ཚང་དུ་འགྲོ་ཐུབ་པ་ཞིག་དགོས་ལ་སློབ་མའི་མདུན་ས་རུ་བྱང་ཆ་མཆིས་པ་ཞིག་ཡོང་བ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། དེ་ཡང་སློབ་ཁྲིད་ནི་ཐད་གཏོང་ལེ་ཚན་ཞིག་དང་འདྲ་བར་བསྐྱར་དུ་བསྟན་རྒྱུ་མེད་པས། ང་ཚོ་དགེ་རྒན་རྣམས་ཀྱིས་ལེ་ཚན་འདི་གཙོ་དཀའ་འབུར་དུ་ཐོན་པ་སྦལ་པའི་མིག་འབྲས་ཇི་བཞིན་དང་། གསར་ཁྲིད་ཀྱི་བྱ་ཐབས་འདི་དཔེ་གསར་ཆེ་ཞིང་གསོན་ཉམས་ལྡན་པ། སྤྲོ་སྣང་གིས་ཁེངས་ཤིང་ངོ་མཚར་བ་ཞིག་དང་སློབ་མས་གོ་བདེ་ཞིང་རྟོགས་སླ་བ། བསམ་གཞིག་དང་དབྱེ་ཞིབ། ཐག་གཅོད་དང་མཉམ་ལས་ཀྱི་ནུས་པ་གསོ་སྐྱོང་ཐུབ་པ་སོགས་གང་ལྟར་ཡང་ནང་དོན་ལ་རྒྱུས་མངའ་ཡོད་པ་ཞིག་བྱས་ནས་སྤུས་ཚད་ལྡན་པ་ཞིག་བཟོ་དགོས། དེ་ཡང་གང་བསླབ་པར་བྱ་བའི་སློབ་ཚན་འདི་ཞིབ་ཅིང་ཕྲ་བར་ལྟ་ཀློག་བྱེད་དགོས་པ་མ་ཟད། དེའི་རྩོམ་པ་པོའི་བསམ་བློའི་བརྩེ་དུང་གང་འདྲ་ཞིག་ཡིན་པ་དང་། སློབ་ཚན་གྱི་རྒྱབ་ལྗོངས་ཇི་ལྟར་ཡིན་པ། སྐབས་དེའི་སྤྱི་ཚོགས་ཀྱི་རྣམ་པ་སོགས་ཤེས་རྟོགས་བྱེད་དགོས་ལ་རྩོམ་པ་པོས་སློབ་ཚན་འདི་འབྲི་དགོས་པའི་དམིགས་ཡུལ་དང་། གོ་དཀའ་བའི་མིང་ཚིག་གི་གོ་དོན་འགྲེལ་པ་བྱེད་པའི་རྨང་གཞིའི་ཐོག་སློབ་ཚན་གྱི་བརྗོད་བྱའི་སྲོག་གང་ཡིན་པ་རྟོགས་དགོས་པ་སོགས་མདོར་ན་རང་གིས་གསར་ཁྲིད་ཀྱི་ལས་ལ་མ་ཞུགས་གོང་སྟ་གོན་ལེགས་པར་བྱས་ཏེ་སློབ་ཚན་གྱི་མགོ་མཇུག་བར་གསུམ་ལ་རྒྱུས་མངའ་ཞིབ་ཕྲ་ཡོད་པ་བྱས་ནས་འཆར་གཞི་གཞིར་བཟུང་ཁྲིད་ཐབས་གསོན་ཉམས་ལྡན་ཞིང་ཉན་སྤྲོ་བ་ཞིག་ཡིན་དགོས།
༢ སློབ་ཚན་ཁྲིད་ཐབས་སྣེ་མང་རང་བཞིན་ལྡན་དགོས།
སློབ་ཚན་སོ་སོའི་ནང་དོན་མི་གཅིག་ལ་རྩོམ་སྟངས་ཀྱང་མི་འདྲ་བས་ཁྲིད་ཐབས་སྣ་རྐྱང་ཅན་དུ་མི་འགྲོ་བར་དགེ་རྒན་གྱིས་བཤད་རྐྱང་དང་སློབ་ཕྲུག་གིས་ཉན་རྐྱང་བྱས་ཏེ་བུམ་པ་གང་བྱོའི་ཚུལ་བཞིན་མ་ཡིན་པར་སློབ་མའི་ནུས་རྩལ་འདོན་སྤེལ་གང་ལེགས་བྱ་ཐུབ་པའི་ཁྲིད་ཐབས་སྣ་ཚོགས་ཕན་ཚུན་གཞོགས་འདེགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བར་སེམས། སློབ་མའི་ཤེས་བྱ་རྒྱ་བསྐྱེད་དང་། སློབ་མའི་གོ་སྟོབས་གསོ་སྐྱོང་། སློབ་ཚན་འཁྲུག་ཆ་དོད་པོ་དང་། སློབ་མའི་ཉན་ བཤད་ཀྱི་ནུས་པ་དང་བསམ་གཞིག་གི་ནུས་པ་གསོ་སྐྱོང་ལ་གྲོས་བསྡུར་གྱི་ཐབས་ཤེས་སྤྱད་ན་ལེགས་ལ། ཡང་དུས་ཡུན་ཐུང་ངུར་ཤེས་བྱ་བསྟན་དགོས་པ་དང་དགེ་རྒན་གྱིས་སློབ་ཁྲིད་མྱུར་ཚད་དང་དཀའ་སླ་ཚོད་འཛིན་ཐུབ་པ། སློབ་མའི་ལྐོག་འགྱུར་གྱི་བསམ་གཞིག་འཕེལ་རྒྱས་གཏོང་དགོས་ན་བཤད་ཁྲིད་སྤྱད་ན་ལེགས་སྙམ། སློབ་ཆུང་དམའ་རིམ་འཛིན་གྲྭའི་སློབ་མ་རྣམས་ནི་རྣམ་གཡེང་ཆེ་བས་ཁོ་ཚོའི་རྒྱུད་ལ་དྲི་བ་དྲིས་ལན་གྱི་ཐབས་སྤྱད་ནས་བློ་རྩེ་གཅིག་སྒྲིམ་ཡོང་བ་བྱས་ན་བཟང་སྙམ། སྔོན་ལ་དགེ་རྒན་ནས་མཛུབ་མོས་རི་སྟོན་ལྟར་ཁོང་ཚོར་ལན་འཚོལ་བའི་གོམས་གཤིས་ཐོག་མ་ནས་འཇགས་པ་བྱས་ཏེ་བསམ་གཞིག་གི་ནུས་པ་སྐྱེད་སྲིང་བྱ་རྒྱུ་གཙིགས་སུ་འཛིན་ནས་དྲི་བ་འདོན་སྟངས་དཔེ་སྟོན་བྱེད་དགོས་པ་དང་དེ་རྗེས་རང་སྟོབས་ཀྱིས་བློ་རྩལ་དང་ཆུ་ཚད་ལ་གཞིགས་པའི་སློབ་མའི་བག་ལ་ཞ་བའི་རིན་ཐང་སྔོག་འདོན་གང་ལེགས་བྱས་ཏེ་བསམ་གཞིག་ནི་དྲི་བ་ལས་བྱུང་བ་ལྟར་དྲིས་ལན་གྱི་ཐོག་ནས་སློབ་ཚན་རིམ་གྱིས་རྒྱུས་མངའ་ཡོང་བ་དང་དེ་ལྟར་དྲི་བ་གང་མང་དང་། བསམ་གཞིག་གང་མང་། ལྟ་ཞིབ་གང་ཐུབ་བྱེད་པ་སོགས་སྦྱོང་བརྡར་ཡག་པོ་བྱུང་ནས་གནད་དོན་ལ་དབྱེ་ཞིབ་དང་གནད་དོན་ཐག་གཅོད་བྱེད་པའི་བློ་ཡང་སྐྱེད་སྲིང་ཐུབ་ནས་རང་རྐྱ་འཕེར་བའི་སྒོ་ནས་སློབ་ཚན་གཅིག་གི་ནང་དོན་སྤྱི་ཁོག་ཤེས་ཐུབ།
གསུམ་པ། བསླབ་གཞི་དང་འབྲེལ་བའི་སློབ་ཕྱིའི་དཔྱད་གཞི་བཙལ་ནས་ནོར་མཛོད་ལྟ་བུའི་ནུས་པ་ཐོན་པ་བྱེད་དགོས།
སློབ་མར་ཆུ་སྐྱོགས་གང་སྟེར་བར་དང་ཐོག་རང་ཉིད་ལ་ཆུ་ཟོམ་གང་དགོས་ཞེས་པ་ལྟར་རང་ཅག་དགེ་རྒན་རྣམས་དཔེ་དེབ་མང་པོ་ཞིག་བལྟ་དགོས་ཀྱི་ཡོད། བོད་སྐད་ཡིག་སློབ་ཁྲིད་བྱ་མཁན་ཞིག་གི་ངོས་ནས་བརྗོད་ན། བསླབ་གཞི་ཤེས་ཙམ་གྱིས་མི་འགྲིག་པར་སུམ་རྟགས་དག་གསུམ་གྱིས་གཙོས་ལོ་རྒྱུས་དང་། མངོན་བརྗོད། སྙན་ངག ལེགས་བཤད། གཏམ་དཔེ། རྩོམ་རིག་སོགས་ཤེས་བྱ་མང་དག་ཅིག་ལྟ་དགོས་པའི་སྐོར་མཁས་པའི་ཞལ་ནས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བསགས། བར་དུ་གཞུང་ལུགས་གདམས་པར་ཤར་བ་དང་། མཐའ་མ་ཉིན་མཚན་ཀུན་ཏུ་ཉམས་སུ་ལེན་ཞེས་གསུངས་ཡོད། དེར་བརྟེན་སློབ་ཚན་དེར་གང་ལ་དེ་འཚམས་ཀྱི་དཔྱད་གཞི་བཙལ་ནས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་དགའ་དད་སྤྲོ་གསུམ་ལྡན་པའི་གཏམ་རྒྱུད་དང་། གཏམ་དཔེ། ལོ་རྒྱུས། གྲགས་ཅན་མི་སྣའི་རྟོགས་བརྗོད་དང་རྣམ་ཐར་སོགས་འོས་འཚམས་ཀྱིས་དྲངས་ནས་སློབ་མའི་ཤེས་རྒྱ་ཇེ་ཆེར་གཏོང་བ་དང་ཆབས་ཅིག་དགེ་རྒན་རང་ངོས་ཀྱི་ཐོས་པ་བསགས་པ་ན་ཤེས་འདོད་ཀྱི་སྤྲོ་བ་འཕེལ་ཐུབ། དེ་ཡང་སྔོན་བྱོན་མཁས་པས། བསླབས་པ་ནི་སློབ་མི་དགོས་པའི་ཕྱིར་ཞེས་གསུངས་པ་ལྟར་སློབ་མ་རང་ཉིད་ནས་ཀྱང་དཔེ་མཛོད་ཁང་དུ་ཕྱིན་ནས་སློབ་ཁྲིད་ཀྱི་ནང་དོན་དང་འབྲེལ་བའི་ནང་དོན་ཁ་གསབ་དང་ཡང་ན་དྲ་རྒྱའི་ཐོག་ནས་ཤེས་བྱ་ཐོབ་ཐབས་བྱས་པ་འགའ་རེ་ནི་ཕ་མ་དང་རྒན་རྒོན་གྱི་ས་ནས་བསྡུ་རུབ་བྱས་པས་སྤྲོ་བ་དང་མོས་པ་ཡོད་པའི་སྒོ་ནས་ཤེས་བྱ་མང་དག་རང་བཞིན་གྱིས་ཤེས་ཐུབ། དཔེར་ན། གབ་ཚིག་འཚོལ་བསྡུ་བྱེད་པ་དང་། གཏམ་དཔེ་འཚོལ་བསྡུ་བྱེད་པ། དེ་བཞིན་སློབ་ཆུང་ལོ་རིམ་གསུམ་པའི་ནང་དུ་གཅན་གཟན་གྱི་རིགས་ངོ་སྤྲོད་བྱེད་པའི་ནང་དོན་ཞིག་ཡོད་ཅིང་སློབ་མ་རྣམས་ཀྱིས་དེའི་ཁྱད་ཆོས་དང་འཚོ་བའི་གོམས་གཤིས་ལ་སོགས་བཙལ་འཚོལ་དང་རང་ཉིད་ནས་མཉམ་དུ་བརྩལ་ཏེ་དགེ་སློབ་ཟུང་འབྲེལ་གྱིས་ནང་དོན་ཁ་གསབ་བྱས་ན་སློབ་ཚན་འཁྲུག་ཆ་དོད་པ་དང་སྤྲོ་སྣང་འཕེལ་བ་ཞིག་ཡོང་ཐུབ། གཅན་གཟན་དེ་རྣམས་ལ་དེ་བས་རྒྱུས་མངའ་ཆེ་བ་དང་རང་བྱུང་གི་ཤེས་བྱ་མང་དག་བློ་ངོར་ཆུད་ནས་ཕྱིས་སུ་དཔེ་དེབ་ལྟ་བའི་འདུན་པ་ཞིག་གསོ་སྐྱོང་བྱེད་ཐུབ་ལ་སྲོག་ཆགས་དང་འབྲེལ་བའི་གཏམ་དཔེ་དང་གཏམ་རྒྱུད། ཤོད་སྲོལ་སོགས་གང་མང་བསྡུ་རུབ་བྱས་ནའང་ཤེས་རྒྱ་ཆེ་རུ་འགྲོ་སྲིད་ལ་སློབ་ཁྲིད་ཀྱི་ནང་དོན་ཁ་གསལ་ཤེས་རྟོགས་བྱེད་རྒྱུར་རོགས་ཟླའི་ནུས་པ་ཞིག་ཐོན་ཐུབ། དེ་ཡང་གུང་ཐང་བསྟན་པའི་སྒྲོན་མེས། དང་པོ་ཐོས་པའི་སྒྲོན་མེ་མ་སྤར་ན། ཀུན་ནས་ཉོན་མོངས་སྲིད་པའི་སྐྱོན་མཚང་དང་། རྣམ་བྱང་ཐར་པའི་ལམ་གྱི་བགྲོད་ཚུལ་སོགས། བླང་དོར་ཇི་ལྟར་བྱ་བ་མི་ཤེས་པས། ཐོས་པ་བློ་མིག་སྦྱངས་པར་གྱིས་ཤིག་ཨང་། ཞེས་པ་ལྟར་རོ།
མདོར་ན། གོམས་གཤིས་ངན་པའི་སློབ་མ་དང་སྦྱངས་འབྲས་ཞན་པའི་སློབ་མར་དགེ་རྒན་གྱིས་དེ་བས་ཐུགས་ཁུར་ཟབ་བཞེས་དང་ལྷག་བསམ་ཟོལ་མེད་ཀྱི་བྱམས་བརྩེས་སློབ་གསོ་སློབ་ཁྲིད་བྱས་ནས་ཤེས་བྱ་ཡོན་ཏན་ཡར་ངོའི་ཟླ་བཞིན་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གང་ལེགས་གཏོང་དགོས།
འགན་འཁུར་རྩོམ་སྒྲིག་པ། 尕藏智华
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣