དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གཟིགས་ཞུས་ནན་ཏན་བྱས་ཏེ་དཔེ་སྐྲུན་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-02

    བོད་ལྗོངས་ཀྱི་དམིགས་བསལ་རང་བཞིན་གྱིས་རྐྱེན་པས་རྩོམ་སྒྲིག་པས་དཔེ་སྐྲུན་བྱ་རྒྱུའི་བརྩམས་ཆོས་ཀྱི་ནང་དོན་ལ་གཟིགས་ཞུས་བྱས་པའི་ཁྲོད་ངེས་པར་དུ་ཆབ་སྲིད་དང་མི་རིགས་གནད་དོན་སྐོར་སོགས་ཏང་དང་རྒྱལ་ཁབ་དེ་བཞིན་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ངན་པ་བཟོ་བའི་ནང་དོན་མེད་པ་བཟོས་ཏེ་བརྩམས་ཆོས་ཀྱི་ནང་དོན་ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་དཔེ་སྐྲུན་བླང་བྱ་དང་མཐུན་པ་བྱ་དགོས་པ་ནི་རྩོམ་སྒྲིག་པའི་ལས་རིམ་གྱི་འགག་རྩར་གྱུར་ཡོད། དེར་བརྟེན་རྩོམ་སྒྲིག་པའི་ངོས་ནས་བརྗོད་ན་རྩོམ་སྒྲིག་གི་ལས་རིམ་ཁྲོད་མི་རིགས་དང་། ཆོས་ལུགས། རྒྱ་བོད་ལོ་རྒྱུས་ཁྲོད་ཀྱི་ཆབ་སྲིད་གནད་དོན། རིག་གནས་གསར་བརྗེའི་སྐབས་ཀྱི་གནད་དོན་སོགས《དཔེ་སྐྲུན་དོ་དམ་སྲོལ་ཡིག》ནང་གི་དོན་ཚན་ཉི་ཤུ་རྩ་དྲུག་པར“དཔེ་སྐྲུན་དངོས་པོ་ཡོད་དོ་ཅོག་ནང་གཤམ་གྱི་ནང་དོན་ཁག་ཐོན་མི་ཆོག་པ་སྟེ། (དང་པོ)རྩ་ཁྲིམས་ནང་གཏན་འབེབས་བྱས་པའི་གཞི་རྩའི་རྩ་དོན་ལ་ངོ་རྒོལ་བྱེད་པ། (གཉིས་པ)རྒྱལ་ཁབ་གཅིག་གྱུར་དང་བདག་དབང་མངའ་ཁོངས་ཆ་ཚང་བར་གནོད་འཚེ་གཏོང་བ” སོགས་ཀྱི་ནང་དོན་བཅུ་པོ་བརྩམས་ཆོས་ནང་བཀོད་ཡོད་མེད་གཟིགས་ཞུས་གཟབ་ནན་དང་ཞིབ་ཕྲ་བྱ་དགོས་པ་ནི་གལ་འགངས་ཤིན་ཏུ་ཆེ་བས་མིག་སྔར་དཔེ་སྐྲུན་ཚན་པ་ཁག་གིས་འདིའི་ཐད་ལའང་རྒྱུན་དུ་མཐོང་ཆེན་བྱེད་བཞིན་ཡོད། འོ་ན་རྩོམ་སྒྲིག་པའི་ལས་རིམ་ཁྲོད་ཇི་ལྟར་བྱས་ཏེ་ནང་དོན་འདི་རིགས་མི་ཐོན་པའི་སྔོན་འགོག་བྱ་དགོས་སམ་ཞེ་ན།

    དང་པོ། རྩོམ་སྒྲིག་པ་བསམ་བློ་ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་གཏོང་དགོས་ལ་དཔེ་སྐྲུན་ཁྲིམས་ལུགས་ཐད་ཀྱི་ཤེས་བྱ་ཁོང་དུ་ཆུད་པ་བྱེད་དགོས།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ནང་བཏོན་པའི“ཀྲུང་གོའི་ཕུགས་འདུན”མངོན་འགྱུར་བྱེད་པར་བརྟན་ལྷིང་གི་ཁོར་ཡུག་ཅིག་དགོས་པ་ནི་སྨོས་མེད་རེད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཛུབ་སྟོན་གནང་བའི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས”ཞེས་པའི་འཐབ་ཇུས་བསམ་བློའི་དགོངས་དོན་ལ་གཞིགས་ཏེ་རྩོམ་སྒྲིག་པའི་ངོས་ནས་བརྗོད་ན་བོད་ལྗོངས་བརྟན་ལྷིང་ཡོང་བར་མི་དམངས་ཀྱི་བསམ་བློ་འདི་ཏང་དང་རྒྱལ་ཁབ་ལ་ཁ་ཕྱོགས་རྒྱུའི་ཁྲིད་སྟོན་བྱ་དགོས་པ་ནི་རྩོམ་སྒྲིག་པའི་འོས་འགན་ཡིན་ཞིང་། བོད་ལྗོངས་བརྟན་ལྷིང་ཡོང་བའི་འགན་འཁྲིའི་བསམ་པ་བཅངས་ཏེ་གླེང་ཕྱོགས་ཐད་ནོར་འཛོལ་མེད་པ་བྱ་དགོས་པ་ཡང་རྩོམ་སྒྲིག་པའི་ཆབ་སྲིད་ཀྱི་འོས་འགན་ཡིན། རྩོམ་སྒྲིག་པས་བརྩམས་ཆོས་ལ་གཟིགས་ཞུས་བྱས་པའི་ཁྲོད་དཔེར་ན་རྒྱ་ནག་ཅེས་པའི་ཐ་སྙད་འདི་དེ་སྔོན་སྤྱད་ཆོག་ཀྱང་དེང་དུས་ནང་ས་ཞེས་བཟོ་བཅོས་རྒྱག་དགོས་པ་སོགས་དེ་སྔོན་བརྗོད་ཆོག་པའི་ཐ་སྙད་དང་དེ་མིན་གྱི་བརྗོད་དོན་ད་ཆ་བཀོད་མ་ཆོག་པ་ཐ་དག་ལ་གཟིགས་ཞུས་བྱས་ཏེ་རང་རྒྱལ་གྱི་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཆབ་སྲིད་ཐད་ཀྱི་གླེང་ཕྱོགས་དང་མཐུན་པ་བྱེད་དགོས། དེར་བརྟེན་རྩོམ་སྒྲིག་པའི་བསམ་བློ་ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་གཏོང་བར་རྒྱལ་ཁབ་ཀྱི་སྲིད་ཇུས་དང་འཐབ་ཇུས་དེ་བཞིན་རྒྱལ་སྤྱིའི་གླེང་ཕྱོགས་ལ་རྒྱུན་དུ་དོ་སྣང་བྱེད་དགོས་ཤིང་། དཔེ་སྐྲུན་བྱ་གཞག་ཐད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་སྲོལ་ཡིག་སྒྲིག་སྲོལ་གསལ་ཤེས་ཐུབ་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ལོ་རེའི་ཆབ་སྲིད་ཐད་ཀྱི་དྲིལ་བསྒྲགས་བྱེད་ཕྱོགས་སོགས་དུས་ཐོག་ཏུ་ཤེས་རྟོགས་བྱ་རྒྱུ་ནི་གལ་འགངས་ཆེ་བ་ཡིན།

    གཉིས་པ། རྩོམ་སྒྲིག་པའི་ལས་རིམ་ཁྲོད་སྔོན་ལ་བརྩམས་ཆོས་ཀྱི་རྩོམ་པ་པོའི་ཡོང་ཁུངས་གསལ་པོ་ཤེས་རྟོགས་བྱེད་དགོས།

    རྩོམ་སྒྲིག་བྱེད་པའི་ནང་གལ་སྲིད་བརྩམས་ཆོས་ཀྱི་རྩོམ་པ་པོ་ཉིད་ཕྱི་རྒྱལ་བ་ཞིག་གམ་ཡང་ན་ཐའེ་དབན་གྱི་ཚན་པ་ཞིག་སོགས་ཡིན་ཕྱིན་བརྩམས་ཆོས་དང་པར་རིས་སོགས་ངེས་པར་དུ་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་བཪྙན་འཕྲིན་ཅུས་ཀྱི་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་ལ་ཐོ་འགོད་སྙན་ཞུ་བྱེད་དགོས་པའི་གཏན་འབེབས་ལྟར་དུས་ཐོག་ཏུ་ཐོ་འགོད་སྙན་ཞུ་བྱེད་དགོས་ཤིང་། ད་དུང་རྩོམ་པ་པོ་རྒྱལ་ཕྱི་རྒྱལ་ནང་སོགས་མངའ་ཁོངས་གང་རུང་གི་མི་སྒེར་རམ་མཉམ་སྡེབ་གང་རུང་ཡིན་ཡང་དེའི་སྤྱི་ཚོགས་ཁྲོད་ཀྱི་འབྲེལ་རྒྱ་ཤེས་རྟོགས་བྱ་རྒྱུ་ཡང་གལ་ཆེར་འཛིན་དགོས། དཔེར་ན་ཁ་ཕྲལ་ཕྱོགས་ཁག་དང་འབྲེལ་བ་ཡོད་པ་ལྟ་བུ་ཡིན་ཕྱིན་ངེས་པར་དུ་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྙན་ཞུ། སྔ་ཙམ་ཐག་གཅོད་བཅས་བྱེད་དགོས་ཤིང་། གནད་དོན་དེ་འགངས་ཆེའི་བདམ་ཆོས་ཁོངས་སུ་བརྩིས་ཏེ་ཀྲུང་གོ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་ལ་ཐོ་འགོད་སྙན་ཞུ་འབུལ་དགོས། གལ་ཏེ་མི་སྒེར་རམ་ཚན་པ་དེའི་བརྩམས་ཆོས་དང་པར་རིས་སོགས་དཔེ་སྐྲུན་བྱེད་མི་ཆོག་པ་ཡིན་ཡང་རྩོམ་སྒྲིག་པས་ཤེས་རྟོགས་མ་བྱས་པར་དཔེ་སྐྲུན་བྱས་ན་དཔེ་སྐྲུན་ཚན་པར་ལས་མཚམས་བཞག་སྟེ་ལེགས་སྒྲིག་བྱེད་པའམ་ཡང་ན་འབྲེལ་ཡོད་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་སོགས་ཀྱི་ཉེས་ཆད་ཕོག་རྒྱུ་ཡིན་པ་ཡིད་ལ་གསལ་པོ་ངེས་དགོས།

    གསུམ་པ། རྩོམ་སྒྲིག་པའི་ལས་རིམ་ཁྲོད་བརྩམས་ཆོས་དཔེ་སྐྲུན་ཆོག་པའི་ཁོངས་སུ་གཏོགས་ཕྱིན་དཔེ་སྐྲུན་ཆོག་མིན་སྐོར་གྱི་བསམ་འཆར་སྙན་ཞུ་འབུལ་རྒྱུ་སོགས་ལ་དོ་སྣང་བྱེད་དགོས།

    “སྤྱི་ཚོགས་ཀྱི་ཕན་འབྲས་ཐོག་མར་བཞག་དགོས་པ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ཟུང་འབྲེལ་བྱ་དགོས་པ་ནི་དཔེ་སྐྲུན་ཚན་པ་ཡོད་དོ་ཅོག་གིས་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པའི་གལ་ཆེའི་རྩ་དོན་ཡིན” ཞེས་པ་ལྟར་རྩོམ་པ་པོའི་བརྩམས་ཆོས་འགོ་ནས་མཇུག་བར་ངེས་པར་དུ་ནན་ཏན་དང་ཞིབ་ཚགས་ངང་གཟིགས་ཞུས་བྱས་ཏེ་རྩོམ་སྒྲིག་པས་གཟིགས་ཞུས་བྱེད་པའི་བརྒྱུད་རིམ་ནང་ཕྱི་འབྲེལ་དང་། ཆོས་ལུགས། མི་རིགས། ཏང་དང་རྒྱལ་ཁབ་ཀྱི་གལ་ཆེའི་སྲིད་ཇུས་སོགས《དཔེ་སྐྲུན་དོ་དམ་སྲོལ་ཡིག》ནང་གི་དོན་ཚན་ཉི་ཤུ་རྩ་དྲུག་གི་ནང་དོན་བཅུ་པོ་དང་འབྲེལ་བ་ཡོད་པའི་ནང་དོན་དང་། དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱིས་གཏན་འབེབས་བྱས་པའི་བཀོད་མི་ཆོག་པའི་ནང་དོན་བཀོད་པའི་རྩོམ་པ་པོའི་ཆེད་རྩོམ་སོགས་ཀྱི་བདམ་ཆོས་ཡིན་ཕྱིན་འགངས་ཆེའི་བདམ་ཆོས་ལ་བརྩིས་ཏེ་ཀྲུང་གོ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་བརྙན་འཕྲིན་ཅུས་ལ་ཐོ་འགོད་སྙན་ཞུ་འབུལ་དགོས་ཤིང་། སྙན་ཞུར་མཆན་འགོད་བཀའ་ལན་འབྱོར་རྗེས་བཀའ་ལན་གཞིར་བཟུང་སྒྲུབ་དགོས་པ་སྨོས་མེད་ཡིན་པ་ཕུད། ནང་དོན་བཅུ་པོའི་སྐོར་བརྗོད་པའི་ཆེད་རྩོམ་མིན་ཡང་གླེང་ཕྱོགས་ཀྱི་ཚོར་སྣང་སྐྱེན་པའི་བརྗོད་དོན་དཔེར་ན། རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་ཀྱི་བདེ་གནས། གལ་ཆེའི་ལོ་རྒྱུས་དོན་རྐྱེན། ལོ་རྒྱུས་མི་སྣ། མི་རིགས། ཆོས་ལུགས་སོགས་སྐོར་གྱི་ཚིག་དུམ་བཀོད་དེ་རྩོམ་པ་པོའི་ལྟ་ཚུལ་བརྗོད་པར་ཡང་གཟིགས་ཞུས་ནན་ཏན་བྱེད་དགོས་ཤིང་། ཚིག་དུམ་དང་ལྟ་ཚུལ་དེ་དག་རྩོམ་སྒྲིག་པ་རང་ཉིད་ཀློག་པ་པོ་དང་པོ་ཡིན་པའི་ངོས་ནས་གཟིགས་ཞུས་དང་། ནང་དོན་ལ་གདམ་ག བརྩམས་ཆོས་ལ་ལས་སྣོན་བཅས་བྱེད་པའི་བརྒྱུད་རིམ་ནང་རྩོམ་སྒྲིག་པ་རང་ཉིད་ལ་ཐོག་མར་འཆར་བའི་བསམ་བློའི་འཆར་སྣང་དུ་སྤྱི་ཚོགས་ཀྱི་གླེང་ཕྱོགས་དང་མི་འཚམ་པ་བསྟེར་ཚེ་དཔེ་སྐྲུན་ལས་རིམ་གྱི་“གཟིགས་ཞུས་ཐེངས་གསུམ་གྱི་ལམ་ལུགས་”ལག་བསྟར་བྱེད་པའི་ཁྲོད་བར་ཞུས་དང་མཐའ་ཞུས་པས་མཐའ་མའི་གཟིགས་ཞུས་བྱ་རྒྱུའི་བསམ་འཆར་སྙན་ཞུ་འབུལ་དགོས་པ་དང་། དེ་བཞིན་རྩོམ་ལུས་མི་འདྲ་བའི་རྩོམ་པ་པོའི་རྩོམ་རྩལ་དཔེར་ན། རིག་གཞུང་ཆེད་རྩོམ་ཡིན་ན་ཆེད་རྩོམ་གྱི་གྲུབ་བྱེད་གསུམ་ཚང་ཡོད་མེད་དང་། དཔྱད་བརྗོད་ཀྱི་ཤེས་བྱའི་གོ་དོན་དང་དཔྱད་ཡིག་ཁུངས་བཙན་ཡིན་མིན། ཡུལ་སྐོར་སོགས་ཤེས་བྱའི་སྐོར་གྱི་ཆེད་རྩོམ་ཡིན་ཕྱིན་རྨང་གཞིའི་ཤེས་བྱའི་ཐད་ཀྱི་བརྗོད་དོན་ནོར་ཡོད་མེད་སོགས་གང་ལྟར་ལས་རིགས་སོ་སོའི་ཆེད་རྩོམ་གྱི་ཤེས་བྱའི་ནང་དོན་དང་། ཚིག་སྦྱོར་ཐད་ནོར་འཁྲུལ་ཡོད་མེད་གཟིགས་ཞུས་ནན་ཏན་བྱས་ཏེ་བདམ་ཆོས་དེ་རིགས་ནང་ནོར་སྐྱོན་ཆེ་རིགས་ཡོད་ན་བར་ཞུས་དང་མཐའ་ཞུས་པས་མཐའ་མའི་ཞིབ་བཤེར་བྱ་རྒྱུའི་བསམ་འཆར་སྙན་ཞུ་འབུལ་དགོས། བརྩམས་ཆོས་ཀྱི་དཔལ་འབྱོར་ཕན་འབྲས་ཅུང་ལེགས་པོ་ཡོད་ཀྱང་ནང་དོན་ཐད་རྒྱལ་ཁབ་ཀྱི་གཏན་འབེབས་ལས་འགལ་བ་དང་། ཀློག་པ་པོར་སེམས་པའི་སྐུལ་སློང་ངན་པ་འཆར་སྲིད་པ། སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་མཐུན་མེད་པ་སོགས་ཀྱི་ནང་དོན་ཚབས་ཆེ་བཀོད་ཡོད་པ་དང་། ཡང་ན་དཔེ་སྐྲུན་གྱི་མ་མཐའི་བླང་བྱ་དང་འཚམས་མེད་པ་དཔེར་ན་དོན་སྦྱོར་དང་ཚིག་སྦྱོར་ནོར་ཚད་ཧ་ཅང་མང་བ་སོགས་ཡོད་ཚེ་སྤྱི་ཚོགས་ཀྱི་ཕན་འབྲས་ཐོག་མར་འཇོག་དགོས་པའི་རྩ་དོན་ལྟར་སྤྱི་ཚོགས་ལ་འགན་འཁུར་བའི་བསམ་པ་བཅངས་ཏེ་བརྩམས་ཆོས་དེ་རྩོམ་པ་པོར་ཕྱིར་སློག་བྱ་རྒྱུའི་བསམ་འཆར་སྙན་ཞུ་སྤྱི་ཁྱབ་རྩོམ་སྒྲིག་པར་འབུལ་དགོས། དེ་རྗེས་སྤྱི་ཁྱབ་རྩོམ་སྒྲིག་པའི་བསམ་འཆར་གཞིར་བཟུང་རྩོམ་སྒྲིག་བྱེད་དགོས། གལ་ཏེ་དཔེ་སྐྲུན་ཆོག་པའི་བཀའ་ལན་ཡོད་ན་ད་དུང་རྩོམ་པ་པོ་དང་མཉམ་དུ་གྲོས་མོལ་བྱས་ཏེ་ནོར་བཅོས་དང་དོར་གསབ་གང་ལེགས་བྱས་རྗེས་བསྐྱར་དུ་བར་ཞུས་དང་མཐའ་ཞུས་པར་བསྟེན་ཏེ་བསམ་འཆར་ཉན་དགོས། དཔལ་འབྱོར་ཕན་འབྲས་ཡག་པོ་ཡོད་པ་མངོན་ཚོད་ཐུབ་ཚེ་ནང་དོན་དང་ཚིག་སྦྱོར་འགའ་ཞིག་མི་འཚམ་པ་ཡོད་ཀྱང་སྤྱིའི་ཆ་ནས་དག་བཅོས་དང་དོར་གསབ་བྱས་རྗེས་དཔེ་སྐྲུན་བྱེད་ཆོག་པའི་བརྩམས་ཆོས་ཤིག་ཡིན་ཚེ། ཡག་ཤོས་བྱུང་ན་དག་བཅོས་བྱ་ཡུལ་གྱི་ཤོག་གྲངས་དང་ནང་དོན་ལ་རྟགས་རྒྱག་པ་དང་། ཡང་ན་དོན་སྦྱོར་དང་ཚིག་སྦྱོར་མ་འཚམས་པར་རྩོམ་སྒྲིག་པས་དག་བཅོས་བྱས་པའི་ཤེས་བྱའི་གནས་ཁག་བཏོན་ཏེ་སྤྱི་ཁྱབ་རྩོམ་སྒྲིག་པ་དང་ཀློག་པ་པོར་གསལ་བཤད་བྱས་ཏེ་འགྲིག་མིན་གྲོས་མོལ་བྱས་རྗེས་བརྩམས་ཆོས་ཀྱི་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ཟུང་འབྲེལ་བྱ་རྒྱུའི་རྩ་དོན་མངོན་འགྱུར་ཡོང་བ་བྱེད་དགོས།

    བཞི་པ། བརྩམས་ཆོས་ལ་རྩོམ་སྒྲིག་བྱེད་པ་ནི་དཔེ་སྐྲུན་གྱི་ལས་རིམ་གཙོ་བོ་ཡིན།

    བརྩམས་ཆོས་རྩོམ་སྒྲིག་བྱེད་པའི་བྱེད་པོ་གཙོ་བོ་ནི་རྩོམ་སྒྲིག་པ་ཡིན་ཞིང་། བརྩམས་ཆོས་དཔེ་སྐྲུན་དངོས་པོའི་རྩོམ་སྒྲིག་བྱ་སྤྱོད་ནས་བརྗོད་ན། “རྩོམ་སྒྲིག་པ་ཞེས་པ་ནི་དཔེ་སྐྲུན་དངོས་པོའི་བསམ་པའི་རིག་གནས་ཐོན་སྐྱེད་བྱ་རྒྱུ་དམིགས་ཡུལ་དུ་བྱས་ཏེ་འཆར་འགོད་དང་། སྒྲིག་འཛུགས། གཟིགས་ཞུས། གདམ་ག བརྩམས་ཆོས་ལས་སྣོན་བཅས་བྱེད་པའི་ཆེད་ལས་རང་བཞིན་གྱི་བསམ་པའི་ཐོན་སྐྱེད་བྱ་སྤྱོད་ཅིག་ཡིན་ཞིང་། དེ་ནི་དཔེ་སྐྲུན་དངོས་པོ་པར་འདེབས་དང་འགྲེམས་སྤེལ་བྱེད་པའི་སྔོན་འགྲོ་ཡིན” ཞེས་པ་ལྟར་དཔེ་སྐྲུན་བླང་བྱ་དང་འགལ་བའི་ཚད་མི་ལོན་པའི་དཔེ་དེབ་ཐོན་རྒྱུ་སྔོན་འགོག་བྱེད་པའི་ཐོག་མའི་ལས་རིམ་ནི་རྩོམ་སྒྲིག་ལས་རིམ་ཡིན། གལ་ཏེ་འགངས་ཆེའི་བདམ་ཆོས་བཀོད་པའི་བརྩམས་ཆོས་རྩོམ་སྒྲིག་བྱེད་པའི་ལས་འགན་འཁུར་དགོས་ནའང་བརྩམས་ཆོས་འདི་གཟིགས་ཞུས་བྱེད་པའི་ཁྲོད་སྤྱི་ཚོགས་ལ་ཤུགས་རྐྱེན་ཇི་ཙམ་བཟོ་སྲིད་པ་སྔོན་དཔག་བྱེད་མི་ཐུབ་པ་དང་། ཆེད་ལས་ཤེས་བྱ་གཏིང་ཟབ་པ་སོགས་ཡིན་མིན་དབྱེ་འབྱེད་མ་ཐུབ་པའི་བརྩམས་ཆོས་ཤིག་ཡིན་ན་དཔེ་སྐྲུན་ཁང་ལ་འགན་འཁུར་བ་དང་དཔེ་སྐྲུན་ལས་དོན་ལ་འགན་འཁུར་བ། རྒྱལ་ཁབ་དང་བོད་ལྗོངས་བརྟན་ལྷིང་ཡོང་བར་འགན་འཁུར་བ། སྤྱི་ཚོགས་ལ་འགན་འཁུར་བ་སོགས་ཀྱི་ལས་ཀའི་རྣམ་འགྱུར་མཐའ་འཁྱོངས་ནན་ཏན་བྱས་ཏེ་ཆེད་ལས་མཁས་པས་གཟིགས་ཞུས་བཀའ་སློབ་གནང་རྒྱུའི་བསམ་འཆར་སྙན་ཞུ་བསྐྱར་དུ་འབུལ་དགོས། མཐར་ད་དུང་དཔེ་སྐྲུན་ཆོག་མིན་ཐག་གཅོད་དཀའ་བའི་གནས་ཚུལ་ཡོད་ཚེ་བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་བརྙན་འཕྲིན་ཅུས་ལ་སླར་ཡང་ཆེས་འགངས་ཆེའི་བདམ་ཆོས་ཡིན་པའི་བསམ་འཆར་སྙན་ཞུ་འབུལ་དགོས། མདོར་ན་ནང་དོན་ཐད་སྐྱོན་ཆ་མ་ལྷག་པའི་འགག་སྒོ་ཡག་པོ་སྲུང་དགོས།

    དེ་མིན“ཞུས་དག་ཐེངས་གསུམ་དང་སྦྱོར་ཀློག་ཐེངས་གཅིག་”སོགས་རྩོམ་སྒྲིག་ལས་རིམ་གཞན་ཁག་གི་ཁྲོད་དཔེར་ན་རིག་གཞུང་ཆེད་རྩོམ་ནི་གཙོ་བོ་གསར་གཏོད་རང་བཞིན་དང་། ཚན་རིག་རང་བཞིན། ད་དུང་སྤྱོད་གོའི་རང་བཞིན་བཅས་ལ་གཟིགས་ཞུས་གཙོ་བོ་བྱེད་དགོས་པ་དང་། པར་ངོས་སྒྲིག་སྟངས་ཐད་བརྩམས་ཆོས་ཀྱི་ཁ་བྱང་དང་། པར་རིས། དཀར་ཆག གླེང་གཞི། ནང་དོན། ཟུར་མཆན། མཇུག་བྱང་། སྒྲིག་ཁོངས་སྒྲིག་ཐོ། པར་དབང་སོགས་རྩོམ་སྒྲིག་ལས་སྣོན་གྱི་བླང་བྱ་ལྟར་པར་ངོས་སྒྲིག་སྟངས་གཏན་འཁེལ་མ་འཕྱུགས་པ་བྱ་དགོས་པ་ཡང་གལ་ཆེ་བ་ཡིན།

    གོང་གི་ནང་དོན་ལྟར་རྩོམ་སྒྲིག་པས་བརྩམས་ཆོས་གཟིགས་ཞུས་ནན་ཏན་བྱ་རྒྱུའི་སྤུས་ཚད་སྲུང་བའི་ཐོག་མའི་འགག་སྒོ་ཡག་པོ་སྲུང་དགོས་པ་དང་། དོན་སྦྱོར་དང་ཚིག་སྦྱོར་ཐད་ནོར་བཅོས་དང་དོར་ལེན་གཟབ་ནན་བྱས་ཏེ་ཆབ་སྲིད་དང་ཆེད་ལས་སོགས་ཐད་ཀྱི་བརྗོད་དོན་ནོར་སྐྱོན་མེད་ཅིང་དཔེ་སྐྲུན་བླང་བྱ་དང་མཐུན་ལ་བོད་ལྗོངས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། དཔལ་ཡོན་སོགས་་འཛུགས་སྐྲུན་བྱ་རྒྱུར་དངོས་ཕན་ཐོན་ཐུབ་པའི་ཕུལ་བྱུང་བརྩམས་ཆོས་སྣ་ཚོགས་ཀློག་པ་པོའི་སྤྱན་ལམ་དུ་འབུལ་ཐུབ་པའི་འབད་བརྩོན་བྱེད་དགོས།

    (བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་སྤེན་པ་མཚམས་གཅོད་ནས)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།