དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་ཆུང་སློབ་མར་བོད་སྐད་ཡིག་སློབ་ཁྲིད་བྱེད་པའི་མྱོང་བ་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-11-28

    སློབ་ཆུང་གི་འཚོ་བ་ནི་ཕྲུ་གུ་རྣམས་ཀྱིས་སློབ་གྲྭའི་འཚོ་བར་སྤོས་པའི་གོམ་པ་དང་པོ་དེ་རེད་ལ།དུས་ཡུན་རིང་ཤོས་ཀྱང་རེད།ང་ཚོ་དགེ་རྒན་རྣམས་ཀྱིས་ཀྱང་སློབ་མའི་སློབ་སྦྱོང་དང་།སྤྱོད་ལམ།གཙང་སྦྲ་སོགས་ཕྱོགས་གང་ཅིའི་ཐད་འཚར་ལོངས་ཡོང་བའི་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།དེ་བས་སློབ་མའི་ཀུན་སྤྱོད་སློབ་གསོ་གཙོ་བོར་འཛིན་པའི་རྨང་གཞིའི་ཐོག་སློབ་སྦྱོང་གི་སྦྱངས་འབྲས་འཐུས་ཤོར་མི་འགྲོ་བ་བྱ་རྒྱུ་ནི་ང་ཚོའི་ལྡོག་ཏུ་མེད་པའི་འོས་འགན་ཞིག་ཡིན་ལ་རྒྱ་ཆེའི་ཁྱིམ་བདག་རྣམས་ཀྱིས་སྣང་འཇོག་བྱེད་ས་གཙོ་བོ་དེ་ཡང་ཡིན་པས།སློབ་མའི་སྦྱངས་འབྲས་ཡར་རྒྱས་གཏོང་བར་དགེ་རྒན་གྱིས་ཐབས་ཤེས་ཡོད་རྒུ་གཏོང་བཞིན་ཡོད།འོན་ཀྱང་དགེ་རྒན་སོ་སོའི་ཐབས་ཤེས་མི་འདྲ་བར་བརྟེན་ནས་སྦྱངས་འབྲས་ཡང་ལེགས་ཉེས་ཅི་རིགས་ཐོན་གྱི་ཡོད།དེར་བརྟེན་བོད་སྐད་ཡིག་སློབ་ཁྲིད་ཀྱི་འོས་འགན་ཕྲག་ཏུ་བབ་པའི་དགེ་རྒན་རྣམས་ཀྱིས་སློབ་མའི་སྦྱངས་འདོད་ཀྱི་བློ་བསྐྱེད་པ་བྱ་རྒྱུ་ཧ་ཅང་འགངས་ཆེ་བས།དེའི་ཐད་རང་ཉིད་ཀྱིས་སློབ་ཆུང་བོད་སྐད་ཡིག་སློབ་ཁྲིད་བྱེད་པའི་ཁྲོད་ཀྱི་མྱོང་བ་རགས་བསྡུས་ཤིག་བརྗོད་པར་འདོད་དེ།

    དང་པོ།སློབ་ཁྲིད་ཀྱི་དམིགས་ཚད་གསལ་པོ་ཡོང་བ་བྱེད་དགོས།

    སྐར་མ་བཞི་བཅུའི་སློབ་ཁྲིད་ཀྱི་དུས་ཡུན་ཐུང་ངུ་དེ་ནི་སློབ་མར་སྦྱངས་འབྲས་ལེགས་ཉེས་གང་འདྲ་ཡོང་མིན་གྱི་འགག་རྩ་་ཡིན་པས།དགེ་རྒན་གྱིས་སློབ་ཚན་ལྟ་ཀློག་གིས་ནང་དོན་དཀའ་བ་རྣམས་སློབ་པ་དང་སློབ་མ་རྣམས་ཀྱིས་ཁྲིད་ཟིན་པའི་ནང་དོན་དག་བསྐྱར་སྦྱོང་བྱེད་དགོས།ང་ཚོས་སློབ་དེབ་ཐོག་བཀོད་སྒྲིག་བྱས་པའི་ནང་དོན་གྱི་ལོ་རྒྱུས་དང་རིག་གནས་སོགས་ཀྱི་རྒྱབ་ལྗོངས་རྣམས་ངེས་པར་དུ་སློབ་མའི་བསམ་བློའི་ཡོན་ཚད་དང་བསྟུན་ནས་འཆད་རྒྱུ་གལ་ཆེ།འོན་ཀྱང་འབྲེལ་ཡོད་ཤེས་བྱ་དེ་དག་འཆད་ཁྲིད་བྱེད་པར་ཐོག་མར་དགེ་རྒན་རང་ཉིད་ནས་ཤེས་བྱ་དག་ཁོང་དུ་ཆུད་པ་དགོས།དགེ་རྒན་གྱི་ཤེས་ཡོན་དེ་ཅིས་ནས་ཀྱང་སློབ་མ་ལས་མཐོ་བ་ཞིག་དགོས་པའི་ཁར་འཁྲིད་བྱའི་ནང་དོན་གྱི་འབྲེལ་ཡོད་ཤེས་བྱ་རྣམས་དགེ་རྒན་རང་ཉིད་ནས་སྔོན་ལ་བྱང་ཆུབ་པའི་རྨང་གཞིའི་ཐོག་སློབ་ཁྲིད་བྱེད་དགོས་ཏེ།སློབ་དེབ་ཐོག་སློབ་ཚན་གང་ཞིག་བཀོད་སྒྲིག་བྱེད་པར་ཡང་དམིགས་ཡུལ་ངེས་ཅན་ཡོད་དེ།དཔེར་ན།སློབ་ཚན་ཁག་གཅིག་ལ་སྲོལ་རྒྱུན་གྱི་རྩོམ་ཡིག་བཀོད་པ་དེ་ཡང་ང་ཚོས་གཅིག་ནས་སློབ་མ་རྣམས་ཀྱིས་རྩོམ་སྲོལ་བཟང་པོ་སློབ་སྦྱོང་དང་།གཉིས་ནས་མི་རིགས་ཀྱི་རྩོམ་རིག་ཀྱང་ལོ་རྒྱུས་རིང་ལ་ཕུན་སུམ་ཚོགས་པོ་ཡོད་པ་གང་ཞིགརྩོམ་རྩལ་བྱང་ཆུབ་པའི་མཁས་དབང་མང་དག་ཅིག་བྱོན་མྱོང་བ་ཕྱི་རབས་པ་རྣམས་ཀྱིས་ཤེས་རྟོགས་ཐུབ་ཕྱིར་ཡིན་པས།ལས་འགན་དེ་ཇི་ལྟར་སྒྲུབ་མིན་ནི་དགེ་རྒན་རང་གི་སློབ་ཁྲིད་ཀྱི་ཐབས་ལམ་མམ་སྒྱུ་རྩལ་ལ་བརྟེན་རྒྱུ་ཡིན།ད་དུང་མི་རིགས་གཞན་གྱི་དཔེ་མཚོན་རྩོམ་ཡིག་ཁག་གཅིག་ཀྱང་བཀོད་སྒྲིག་བྱེད་ཀྱི་ཡོད།དེའི་ཐད་དགེ་འདུན་ཆོས་འཕེལ་ལགས་ཀྱིསགསར་པ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས།ངོ་མཚར་ཕལ་ཆེར་ཐན་ལྟས་ཉིད་དུ་སྒོམ་ཞེས་གསུངས་པ་ལྟར་ཁག་གཅིག་གིས་དེ་དག་སྦྱངས་ན་ཕན་པ་མེད་པ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད།མི་རིགས་ཤིག་འཕེལ་རྒྱས་གཏོང་དགོས་ན་རང་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོགམི་རིགས་གཞན་གྱི་སྔོན་ཐོན་གྱི་ཆ་དག་ལ་སློབ་སྦྱོང་བྱས་ཚེ་གཞི་ནས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་གཏོད་ཐུབ།དེར་བརྟེན་ང་ཚོས་རང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་ཐོག་མི་རིགས་གཞན་གྱི་རྩོམ་རིག་གསར་རྩོམ་བྱེད་ཐབས་ཐད་སློབ་སྦྱོང་བྱེད་ཐུབ་ཚེ་རང་རེའི་སྐད་ཡིག་དེ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་ཐུབ།དེ་ལྟ་བུའི་དགོས་པ་རྣམས་རྩོམ་ཡིག་དངོས་ཀྱི་གསར་རྩོམ་ཁྱད་ཆོས་དང་འབྲེལ་ནས་གསལ་བཤད་བྱེད་དགོས།དེ་ལྟར་སློབ་ཚན་གྱི་རྒྱབ་ལྗོངས་དང་དམིགས་ཡུལ་དེ་དག་གསལ་སྟོན་ཐུབ་པ་དམིགས་ཚད་དུ་བཟུང་སྟེ་སློབ་ཁྲིད་བྱེད་ཐུབ་ཚེ་སློབ་མ་རྣམས་ལ་བག་ཆགས་ཟབ་མོ་འཇོག་ཐུབ།དེ་ལས་ལྡོག་སྟེ་ཡིག་ཚད་ཀྱི་སྐར་གྲངས་ཁོ་ནའི་ཆེད་དུ་ཡིག་ཐོག་གི་འགྲེལ་པ་རགས་ཙམ་བྱས་ཏེ་སྐྱོར་སྦྱངས་ཁོ་ན་གཙོ་བོར་བཟུང་ཚེ་སྐབས་འཕྲལ་གྱི་འཆར་གཞི་ལེགས་སྒྲུབ་བྱུང་ཡང་།དུས་ཚོད་ཅུང་ཟད་འགོར་ཚེ་སློབ་མ་རྣམས་ཀྱིས་བརྗེད་སླ་བས་སྦྱངས་འབྲས་ལེགས་པོ་ཐོན་མི་ཐུབ་པའི་ཁར་སྐད་ཡིག་ཤེས་བྱའི་རྨང་གཞི་འདིང་བར་ཕན་པ་ཅུང་ཟད་ཀྱང་ཐོན་མི་ཐུབ།དེར་བརྟེན་ང་ཚོས་སྐད་ཡིག་སློབ་ཁྲིད་བྱེད་སྐབས་ངེས་པར་དུ་འབྲེལ་ཡོད་ཀྱི་ཤེས་བྱ་དང་ལོ་རྒྱུས་རྒྱབ་ལྗོངས་སོགས་ངོ་སྤྲོད་དང་སློབ་ཚན་གྱི་ནང་དོན་གཙོ་བོ་དག་གོ་བདེའི་ངང་ནས་ཕྱོགས་བསྡུས་དང་སྦྲགས་གསལ་བཤད་བྱེད་ཐུབ་ཚེ་སློབ་ཚན་འདི་ལེགས་སྒྲུབ་ཡོང་ངེས་རེད།

    གཉིས་པ།སྦྱོང་གཞི་བཀོད་སྒྲིག་འོས་ཤིང་འཚམ་པ་ཞིག་བྱེད་དགོས།

    སྤྱི་ཚོགས་འཕེལ་རྒྱས་འགྲོ་མགྱོགས་པའི་ད་ལྟའི་དུས་འདིར་སློབ་མ་རྣམས་ཀྱི་སློབ་སྦྱོང་ཁུར་པོ་ཡང་ལྕི་པོ་ཆགས་ཡོད།བུ་བཅོལ་ཁང་དུ་ཞུགས་པ་ནས་བཟུང་ཕྲག་སྟེང་དུ་སློབ་སྦྱོང་གི་འགན་འཁྲི་ཆེན་པོ་ཞིག་བབས་ཡོད།དེ་བས་སློབ་ཆུང་ནས་བཟུང་སློབ་སྦྱོང་ལས་བྱེད་སྒོ་གཞན་དག་སྤེལ་གྲངས་ཉུང་བས་སློབ་མའི་ལུས་པོ་དང་བསམ་བློ་བདེ་ཐང་སོགས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད།མི་ཞིག་གི་ངོས་ནས་བརྗོད་ན་རིག་གནས་སྦྱངས་ཏེ་མཐར་སྤྱི་ཚོགས་འདིར་ཞབས་འདེགས་ཞུ་མཁན་ཞིག་ཆགས་ཚེ་གཞི་ནས་རང་ཉིད་ཀྱི་མི་ཚེ་འདི་དོན་སྙིང་ལྡན་པ་ཞིག་ཏུ་འགྱུར་ཐུབ།དེར་བརྟེན་ང་ཚོས་སློབ་ཁྲིད་ཀྱི་ལས་འགན་སྒྲུབ་ཞོར་དུ་སློབ་མའི་ལུས་སེམས་བདེ་ཐང་ལ་བསམ་གཞིགས་བྱེད་རྒྱུ་དེར་ཡང་མཐོང་ཆུང་བྱེད་རྒྱུ་མེད།སློབ་མ་ཞིག་གི་ངོས་ནས་བརྗོད་ན་སློབ་ཚན་ཉན་པས་མི་ཚད་སྦྱོང་གཞི་ཡང་དུས་ཐོག་ཏུ་ལེགས་སྒྲུབ་ཐུབ་པ་དགོས་ཀྱི་ཡོད།སྦྱོང་གཞི་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི།གཅིག་ནས་སློབ་ཆུང་སློབ་མ་རྣམས་ནི་ལོ་ན་ཕྲ་བའི་རྐྱེན་གྱིས་རང་འགུལ་གྱི་བསམ་བློ་ཞན་པས་དགེ་རྒན་གྱིས་བཀོད་སྒྲིག་བྱེད་དགོས་པ་དང་།གཉིས་ནས་སྦྱངས་ཟིན་པའི་ནང་དོན་རྣམས་ཡང་བསྐྱར་དྲན་གསོ་དང་འབྲེལ་ཡོད་ཕྱོགས་སྡོམ་བྱེད་ཐུབ་ཚེ་སློབ་ཁྲིད་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་ཐོན་གྱི་ཡོད།དེའི་ཁར་སྦྱོང་གཞིའི་སྤུས་ཚད་ལ་དོ་སྣང་ཆེན་པོ་བྱེད་དགོས་ཏེ།ནང་དོན་ལེགས་ལ་ཡིག་གཟུགས་མིག་ལ་མཛེས་པོ་ཞིག་དགོས་རྒྱུ་དེ་ཡང་གལ་ཆེ།དེར་བརྟེན་སྐད་ཡིག་སྦྱོང་གཞི་བཀོད་སྒྲིག་བྱེད་སྐབས་འབྲི་ཀློག་ཟུང་འབྲེལ་བྱེད་དགོས་ལ་ཉིན་དེ་རང་གི་སློབ་ཁྲིད་ནང་དོན་དང་མཐུན་པ་དགོས།གལ་སྲིད་དེ་ལྟར་མ་བྱུང་ཚེ་སློབ་ཆུང་སློབ་མ་རྣམས་ཀྱི་བསམ་གཞིག་གི་ནུས་པ་ཅུང་ཞན་པས་དུས་ཚོད་འཕྲོ་བརླག་ཙམ་ལས་ཕན་པ་གང་ཡང་ཐོན་མི་ཐུབ།ད་དུང་སྦྱོང་གཞིའི་ཁ་གྲངས་དང་མང་ཉུང་སོགས་འོས་འཚམ་ཞིག་དགོས་ལ་སྦྱོང་གཞིའི་ནང་དོན་རྣམས་གཙོ་གནད་འབུར་ཐོན་དང་འོས་ཤིང་འཚམ་པ་ཞིག་མ་བྱུང་ཚེ་སྦྱོང་གཞི་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་སྒྲུབ་མི་ཐུབ།སློབ་ཆུང་སློབ་མ་རྣམས་ཀྱི་འབྲི་ཀློག་སོགས་ཕྱོགས་གང་ཅིའི་ཐད་ཅུང་དལ་བས་ང་ཚོས་སློབ་མའི་ལུས་སེམས་བདེ་ཐང་གི་ཆེད་དུ་ཚོད་འཛིན་ལེགས་པོས་སྦྱོང་གཞི་འོས་འཚམ་ཞིག་བཀོད་སྒྲིག་བྱེད་རྒྱུ་གལ་ཆེ།དེ་ལྟར་བྱུང་ཚེ་སློབ་མའི་ལུས་སེམས་བདེ་ལ་དགེ་རྒན་གྱི་ཁུར་པོ་ཡང་དུ་འགྲོ་ཐུབ།

    གསུམ་པ།ཚོད་རྒྱུགས་དུས་ཐོག་ཏུ་གཏོང་དགོས།

    ཡིག་རྒྱུགས་ནི་སློབ་ཁྲིད་ཚར་རྗེས་སློབ་མ་རྣམས་ཀྱི་ཤེས་ཚད་དང་དགེ་རྒན་རང་ཉིད་ཀྱི་སློབ་ཁྲིད་ནུས་པ་ཅི་འདྲ་ཡོད་མེད་བརྟག་དཔྱད་བྱེད་པའི་ཐབས་ཤེས་ཡག་ཤོས་ཤིག་ཡིན།དེར་བརྟེན་ཡིག་རྒྱུགས་ཀྱི་དུས་ཚོད་དེ་སློབ་ཁྲིད་ཀྱི་མྱུར་ཚད་དང་མཐུན་པོ་ཞིག་བཀོད་སྒྲིག་བྱ་རྒྱུ་གལ་ཆེ།ཡིག་རྒྱུགས་ཀྱི་དུས་ཚོད་དེ་འོས་འཚམ་ཞིག་བྱུང་ཚེ་སློབ་མའི་ཤེས་ཚད་དུས་ཐོག་ཏུ་གསལ་བཤད་བྱེད་ཐུབ།ད་དུང་ཡིག་རྒྱུགས་ཀྱི་མང་ཉུང་དང་ནང་དོན་རྣམས་གཙོ་ཕལ་གསལ་པོ་ཞིག་དགོས་ལ།དགེ་རྒན་ལའང་ཡིག་རྒྱུགས་འདོན་པའི་རྩལ་ངེས་ཅན་ཞིག་ཀྱང་དགོས་ཀྱི་ཡོད།དེའི་སྟེང་ཡིག་རྒྱུགས་ཀྱི་ནང་དོན་དེ་ཡང་དགེ་རྒན་གཅིག་རང་མིན་པར་སློབ་ཁྲིད་བྱེད་མྱོང་བའི་དགེ་རྒན་གང་མང་ནས་འདོན་ཐུབ་ཚེ་དགེ་རྒན་སོ་སོའི་སློབ་ཁྲིད་ཀྱི་ཐབས་ཤེས་དང་གཙོ་ཕལ་བཟུང་སྟངས་སོགས་ལྟ་བ་མི་འདྲ་བས་ཕན་ཚུན་ཁ་གསབ་ཀྱི་ནུས་པ་ཐོན་ཐུབ་ལ།སློབ་འཁྲིད་ཀྱི་ནུས་པར་ཕན་ཚུན་རྒྱབ་སྐྱོར་བྱེད་ཐུབ།

    གཞན་ཡང་ང་ཚོ་སྐད་ཡིག་སློབ་ཁྲིད་བྱེད་མཁན་ཞིག་གི་ངོས་ནས་བརྗོད་ན།ལོ་རིམ་དམའ་བའི་སློབ་མ་རྣམས་ལ་ལྟ་ཀློག་ཐད་སྦྱོར་བརྡར་གང་མང་སྤྲོས་དགོས།དེའི་ཐོག་ལག་པ་འགུལ་ཏེ་མང་ཙམ་འབྲི་རྒྱུ་ནི་སློབ་མའི་དག་ཆ་ལེགས་སུ་གཏོང་བའི་གནད་འགག་ཅིག་རེད།ང་ཚོས་ཤེས་གསལ་ལྟར་སློབ་མ་ཁག་གཅིག་གིས་ཁ་ནས་ཆུ་རྒྱུག་རྒྱུག་སྐྱོར་སྦྱངས་བྱེད་ཤེས་ཀྱང་ཡིག་ཐོག་ཏུ་འབྲི་སྐབས་དག་ཆར་ནོར་འཁྲུལ་ཆེན་པོ་ཤོར་གྱི་ཡོད་དེ།དཔེར་ན།རྩོམ་ཡིག་འབྲི་སྐབས་སློབ་མའི་སེམས་ནངརྫུས་མཞེས་འབྲི་འདོད་ཀྱང་ཡིག་ཐོག་ཏུབཙུས་མཞེས་བྲི་བའི་དོན་དངོས་ཀྱི་གནས་ཚུལ་འདི་ལྟ་བུ་མང་དག་ཅིག་ཡོད་པ་ལས་ང་ཚོས་ཤེས་གསལ་ལྟར་སྐད་ཡིག་སློབ་སྦྱོང་བྱེད་པར་འབྲི་ཀློག་ཟུང་འབྲེལ་བྱེད་རྒྱུ་གལ་ཆེ་བ་ཤེས་ཐུབ།དེར་བརྟེན་ཡིག་རྒྱུགས་དུས་ཐོག་ཏུ་འདོན་དགོས་ལ་དག་ཆར་ཤུགས་སྣོན་བརྒྱབ་པའི་ཕྱོགས་ཀྱི་ནང་དོན་དགོས་རྒྱུ་གལ་འགངས་ཆེ་བར་སྙམ།

    མདོར་ན།སློབ་གྲྭ་ནི་མི་སྣ་གསོ་སྐྱོང་བྱེད་སའི་དོ་ར་ཞིག་ཡིན་པས་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་མང་ཙམ་གསོ་སྐྱོང་བྱས་ཏེ།སྤྱི་ཚོགས་འདི་དཔལ་ཡོན་ཅན་ཞིག་འཛུགས་སྐྲུན་བྱེད་པར་ཞབས་འདེགས་ཞུ་ཐུབ་པ་བྱ་རྒྱུ་ནི་ང་ཚོའི་འོས་འགན་ཡིན།དེར་བརྟེན་སྐད་ཡིག་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ཞིག་གི་ངོས་ནས་བརྗོད་ནའང་།སློབ་མའི་སྐར་གྲངས་ཁོ་ན་གཙོ་བོར་བཟུང་རྒྱུ་མེད་པ་རིག་གནས་དར་འཕེལ་རྒྱུན་འཛིན་བྱེད་པའི་བསམ་བློ་སྐྱེད་སྲིང་བྱེད་པ་དང་འབྲེལ་སློབ་མའི་སྐད་ཡིག་ཤེས་བྱའི་རྨང་གཞི་གོང་མཐོར་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས།དེ་ལྟ་བུའི་དམིགས་ཡུལ་སྒྲུབ་པར་འབྲེལ་ཡོད་ཀྱི་ཤེས་བྱ་རྣམས་སློབ་མའི་ཡོན་ཚད་དང་བསྟུན་ནས་གསལ་འགྲེལ་བྱེད་དགོས།དེ་ལྟར་མ་བྱུང་ཚེ་སྐྱོར་སྦྱངས་ཐུབ་པ་ཙམ་གྱིས་ཕན་པ་གང་ཡང་ཐོན་མི་ཐུབ་པས།རྣག་ཐོག་གཙག་འཁེལ་གྱི་སློབ་ཁྲིད་ཕན་འབྲས་ཐོན་རྒྱུར་འབད་འཐབ་བྱ་དགོས།

    གཞིས་རྩེ་གྲོང་ཁྱེར་སློབ་ཆུང་བོད་སྐད་ཡིག་སློབ་དཔྱོད་ཙུའུ།མཚམས་གཅོད

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།