དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གྲངས་ཉུང་མི་རིགས་ཀྱི་དངོས་གཞིའི་སློབ་མའི་དབྱིན་ཡིག་སློབ་ཁྲིད་ཀྱི་བསམ་གཞིགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-11-23

    ནང་དོན་གནད་བསྡུས། རྩོམ་ཡིག་འདིའི་ནང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་དངོས་གཞིའི་སློབ་མའི་དབྱིན་ཡིག་སློབ་ཁྲིད་ཀྱི་ད་ལྟའི་གནས་བབ་སྐོར་ཞིབ་འཇུག་གི་ནང་དོན་དུ་བྱས་ཤིང་། དབྱིན་ཡིག་སློབ་གཞིའི་གདམ་ག་དང་། སློབ་ཐུན་བཀོད་སྒྲིག སློབ་ཁྲིད་བྱ་ཐབས། དེ་བཞིན་ཟུར་ཁྲིད་སློབ་ཚན( དབྱིན་ཡིག་གྲུ་ཁ་དང་གཏམ་བཤད་འགྲན་བསྡུར) སོགས་ཀྱི་ཐད་ལ་འགྲེལ་བཤད་བྱེད་རྒྱུ་ཡིན། སློབ་ཁྲིད་ཀྱི་ཕན་ནུས་ལེགས་པོ་ཐོན་ཆེད་འཛིན་གྲྭ་ཁག་བགོས་ཀྱི་སློབ་ཁྲིད་དང་། གླུ་དབྱངས་འགྲན་བསྡུར། དགོད་སྤྲོའི་གཏམ་གླེང་མཐུན་ཚོགས་འཛུགས་པ་སོགས་ཀྱི་གྲོས་འགོ་བཏོན།

    བརྡ་ཆད་གཙོ་བོ། གྲངས་ཉུང་མི་རིགས། དངོས་གཞིའི་སློབ་མ། དབྱིན་ཡིག་སློབ་ཁྲིད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་།

    1.གླེང་གཞི།

    སློབ་གསོ་པུས་2007ལོར་འགྲེམས་སྤེལ་བྱས་པའི《སློབ་ཆེན་དབྱིན་ཡིག་གི་སློབ་ཚན་སློབ་ཁྲིད་ཀྱི་བླང་བྱ》ཞེས་པའི་ནང་མཛུབ་སྟོན་གནང་དོན། སློབ་ཆེན་དབྱིན་ཡིག་གི་སློབ་ཁྲིད་ནི་དབྱིན་ཡིག་སྐད་ཡིག་ཤེས་བྱ་དང་བཀོལ་སྤྱོད་ཀྱི་རྩལ་ནུས་དང་། སློབ་སྦྱོང་གི་ཐབས་ཇུས་དང་རིག་གནས་ལས་བརྒལ་བའི་འབྲེལ་གཏུག་དེ་ནང་དོན་གཙོ་བོར་བྱས་པ་དང་། ཕྱི་རྒྱལ་སྐད་ཡིག་གི་སློབ་ཁྲིད་གཞུང་ལུགས་མཛུབ་སྟོན་དུ་བྱས་པ་མ་ཟད། སློབ་ཁྲིད་རྣམ་པ་མང་དག་ཅིག་དང་སློབ་ཁྲིད་བྱ་ཐབས་མཉམ་བསྡུས་བྱས་པའི་སློབ་ཁྲིད་ཀྱི་མ་ལག་ཅིག་ལ་ཟེར། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་དངོས་གཞིའི་སློབ་མ་མང་ཆེ་བ་ནི་རི་ཁུལ་དང་ཐག་རིང་གི་བོད་རིགས་ས་ཁུལ་ནས་ཡོང་བའི་བོད་རིགས་ཡིན་པ་དང་། ཕ་སྐད་ནི་བོད་སྐད་ཡིན་པ་མ་ཟད། ས་གནས་དེའི་སློབ་ཁྲིད་ཆ་རྐྱེན་གྱི་ཚད་བཀག་ཐེབས་པས་དབྱིན་ཡིག་གི་རྨང་གཞི་ཞན་པའི་སྣང་ཚུལ་གང་སར་ཐོན་མུས་སུ་མཆིས། སྐད་ཡིག་གི་ཁོར་ཡུག་དང་། འཚོ་བའི་ཁོར་ཡུགམི་དང་མི་དབར་གྱི་འབྲེལ་བ་སོགས་ཀྱི་རྒྱུ་རྐྱེན་ལ་འགྱུར་བ་བྱུང་བས། དབྱིན་ཡིག་གི་རྨང་གཞི་མེད་པའི་སློབ་མར་སློབ་ཆེན་དབྱིན་ཡིག་སློབ་ཁྲིད་བྱེད་པའི་བླང་བྱ་དང་མཐུན་དཀའ། རྒྱལ་ཁབ་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམས་པ་དང་། བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་ལ་འགན་འཁུར་ནུས་པའི་མཐོ་རིམ་གྱི་རྐང་འཛིན་མི་སྣ་གསོ་སྐྱོང་བྱ་ཆེད། ངེད་སློབ་གླིང་གིས་རིག་གཞུང་ཚན་ཁག་གི་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་པ་དང་། སློབ་མའི་ཡོངས་ཁོངས་དང་སློབ་གྲྭ་གཉེར་བའི་དོན་དངོས་ཟུང་འབྲེལ་བྱས་ཏེ། སློབ་གྲྭ་དང་སློབ་མའི་གནས་ཚུལ་དང་འཚམ་པའི་དབྱིན་ཡིག་སློབ་ཚན་བཀོད་སྒྲིག་བྱས་ཡོད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་ནི་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་གི་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་སའི་མཐོ་རིམ་སློབ་གླིང་གཅིག་པུ་དེ་ཡིན་པའི་ངོས་ནས། མི་སྣ་གསོ་སྐྱོང་གི་རྣམ་པར་སྒྱུར་བཅོས་དང་། གསོ་སྐྱོང་གི་ཇུས་གཞི་དང་། སློབ་ཁྲིད་ཀྱི་འཆར་གཞི། སློབ་གཞི་སྒྱུར་བཅོས་བཅས་ལན་འགའ་བྱས་པ་བརྒྱུད། དབྱིན་ཡིག་སློབ་ཚན་གྱི་སློབ་ཁྲིད་ཐད་ཐོག་མའི་རྣམ་པ་ཆགས་ཡོད།

    2དབྱིན་ཡིག་སློབ་ཁྲིད།

    2. 1འཛིན་གྲྭའི་ནང་གི་སློབ་ཁྲིད།

    2. 1. 1 སློབ་གཞིའི་གདམ་ག སློབ་ཁྲིད་ནི་སློབ་གཞི་ལྟེ་བ་བྱེད་པ་དང་། སློབ་གཞིར་གཞིགས་ནས་སློབ་ཁྲིད་ཀྱི་ནང་དོན་ཁྲིད་སྟོན་བྱ་དགོས། སློབ་གཞི་གདམ་ག་བྱེད་སྐབས། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གིས་རྒྱལ་ཁབ་ཀྱི་སློབ་ཆེན་དངོས་གཞིའི་དབྱིན་ཡིག་སློབ་ཁྲིད་མཉམ་བགྲོད་ཀྱི《སློབ་ཆེན་དབྱིན་ཡིག་དངོས་གཞིའི་འཆར་འགོད་སློབ་གཞི》དང་བརྡ་སྤྲོད་གཙོ་བོར་བྱས་པའི《ཐ་སྙད་གསར་པའི་དབྱིན་ཡིག》ནས《ཐ་སྙད་གསར་པའི་དབྱིན་ཡིག》དང་སློབ་གྲྭས་རང་སྒྲིག་བྱས་པའི་དབྱིན་ཡིག་སློབ་གཞི་དང་ཟུང་འབྲེལ་གྱི་དུས་རིམ་ཁག་བརྒྱུད་ཡོད། སློབ་ཁྲིད་ཀྱི་ཕན་ནུས་ཐད་དབྱིན་ཡིག་སློབ་གཞིའི་སྒྱུར་བཅོས་ཀྱི་ཁ་ཕྱོགས་དེ་སློབ་ཁྲིད་དོན་དངོས་དང་མཐུན་ཡོད་པས་དགེ་སློབ་ཀུན་གྱི་གདེང་འཇོག་ཐོབ་ཡོད།

    2. 1. 2 སློབ་ཐུན་དང་མྱུར་ཚད་བཀོད་སྒྲིག་ཐད། གཟའ་འཁོར་རེར་དབྱིན་ཡིག་སློབ་ཁྲིད་སློབ་ཐུན་4དང་། སློབ་དུས་རེར་སློབ་ཐུན་72བཀོད་སྒྲིག་བྱས་ཡོད།སློབ་དུས་དང་པོ་དང་གཉིས་པར《ཐ་སྙད་གསར་པའི་དབྱིན་ཡིག2》སློབ་སྦྱོང་བྱེད་པ་དང་། སློབ་དུས་གསུམ་པར་སློབ་གྲྭས་རང་སྒྲིག་བྱས་པའི་སློབ་གཞི་སློབ་སྦྱོང་བྱེད་པ་དང་། དགེ་རྒན་གྱིས་སྐད་གདངས་དང་སྐད་ཆའི་མགྱོགས་ཚད་ལ་དོ་སྣང་བྱས་ཏེ་སློབ་ཁྲིད་ཀྱི་མྱུར་ཚད་ལག་བསྟར་ནན་པོ་བྱེད་པ་དང་།

    2. 1. 3སློབ་ཁྲིད་ཐབས་ལམ་ཐད་སློབ་གཞིའི་ནང་དོན་གཙོ་བོར་བྱེད་པ་དང་། སློབ་ཚན་བྱང་ཆུབ་པ་ཀློག་པ་དང་དབྱིན་ཡིག་སྐད་ཡིག་གི་ཤེས་བྱའི་རྨང་གཞི་ཞིབ་ཅིང་ཕྲ་བ་གསལ་འགྲེལ་བྱེད་པའི་སློབ་ཁྲིད་བྱ་ཐབས་སྤྱད་ནས། སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་དུ་ངེས་པར་དུ་བློ་འཛིན་དགོས་པའི་རྨང་གཞིའི་མིང་ཚིག་འབུར་དུ་བཏོན་ནས། མཉམ་སྡེབ་ཐོག་ཀློག་པ་དང་། ཁེར་རྐྱང་དུ་ཀློག་པ། དགེ་རྒན་གྱིས་སྣེ་ཁྲིད་ནས་ཀློག་པ་བཅས་ཀྱི་ཐབས་ལམ་གསུམ་གྱི་ཐོག་ནས། དབྱིན་ཡིག་ཉན་ནས་ཕྱིར་ཤོད་ཐུབ་པའི་སྐུལ་ཁྲིད་བྱེད་པ་དང་། སྐད་ཀྱི་སྒྲ་གདངས་ཉན་དུ་འཇུག་པ་དང་བརྙན་ཐུང་བསྟན་པ་སོགས་རམ་འདེགས་ཀྱི་ཐབས་ལམ་སྤྱོད་པ། ཀུན་གྱིས་ཁས་ལེན་བྱེད་པའི་སྒྲ་གདངས་གསལ་ཞིང་། དཀའ་ཚད་ཅུང་ཡོད་པའི་ཡོ་རོབ་དང་ཨ་མེ་རི་ཀའི་གློག་བརྙན་དང་གསར་འགྱུར་གཏམ་བཤད་སོགས་ཀྱི་རྒྱུ་ཆ་བདམས་ནས།སློབ་མའི་བལྟ་ཉན་བཤད་བཅས་ཀྱི་ཕྱོགས་ནས་སློབ་མའི་དབྱིན་ཡིག་གི་སྐད་ཆའི་གོམས་གཤིས་གསོ་སྐྱོང་བྱས་པ་དང་། སློབ་ཁྲིད་ཀྱི་ཐབས་ལམ་མང་དག་མཉམ་དུ་སྤྱད་ནས་ཕྱོགས་མང་ཐད་ནས་སློབ་མའི་སློབ་སྦྱོང་གི་དགའ་ཕྱོགས་སྐུལ་སློང་བྱས་ཡོད།

    2. 2ཟུར་ཁྲིད་སློབ་ཚན།

    2. 2. 1དབྱིན་ཡིག་གྲུ་ཁ། དབྱིན་ཡིག་གྲུ་ཁ་ནི་གྲུབ་སླ་ཤོས་ཀྱི་དབྱིན་སྐད་ཉན་པ་དང་ཤོད་པའི་སྤེལ་རེས་བྱེད་སའི་སྟེགས་བུ་ཞིག་ཡིན། སློབ་མ་ཚོས་གཟའ་འཁོར་རེའི་བརྗོད་བྱར་དམིགས་ནས་ངག་ཐོག་ནས་དབྱིན་སྐད་ཤོད་རེས་བྱས་ཏེ་དབྱིན་སྐད་ཐོག་ནས་རང་ཉིད་སྐོར་ཤོད་གང་ཐུབ་པ་བྱེད་དགོས། དང་ཐོག་སྤེལ་རེས་བྱེད་སྐབས་དབྱིན་སྐད་ཤོད་མི་ནུས་པ་དང་ཤོད་མི་ཐུབ་པའི་སེམས་ཁམས་ཀྱི་འགོག་རྐྱེན་ལས་གྲོལ་དགོས་པ་ལས། བརྡ་སྤྲོད་ཀྱི་སྒྲིག་གཞི་ནན་བཤད་བྱེད་དགོས་དོན་མེད། དབྱིན་ཡིག་གྲུ་ཁའི་སྤེལ་རེས་སྤྱད་ནས། མིང་ཚིག་བློ་ལ་གཏིང་ཟབ་ངེས་པ་དང་།སྒྲ་འདོན་སྟངས་ལ་དག་བཅོས་བྱེད་རོགས་བྱས་ཏེ། དབྱིན་སྐད་ཐོག་ནས་སྤེལ་རེས་བྱེད་པའི་ནུས་པ་གསོ་སྐྱོང་བྱེད་ཐུབ།

    2. 2. 2 དབྱིན་སྐད་གཏམ་བཤད་འགྲན་བསྡུར། 2014ལོའི་ཟླ་11པར། ངེད་སློབ་གླིང་གིས་ཐེངས་དང་པོའི་དབྱིན་སྐད་གཏམ་བཤད་འགྲན་བསྡུར་སྒྲིག་འཛུགས་བྱས་ཡོད།འགྲན་བསྡུར་ནང་ཞུགས་མཁན་འཛིན་གྲྭས་འོས་སྦྱོར་བྱེད་པ་དང་། རིམ་པ་སྟར་ཆགས་ཀྱི་གདམ་གསེས་བྱས་ཐོག་མཐར་བྱ་དགའ་ཐོབ་མཁན་དཔྱད་འདེམས་བྱས་ཡོད། དཔེ་གསར་གྱི་དབྱིན་སྐད་གཏམ་བཤད་འགྲན་བསྡུར་དེས་སློབ་མ་ཚོར་འཛིན་གྲྭའི་ནང་གི་སློབ་ཁྲིད་ཕུད་པའི་དབྱིན་ཡིག་སློབ་སྦྱོང་སྦྱོང་ཐབས་གསར་པ་ཞིག་མྱོང་ཚོར་ཐུབ་ཡོད། གཏམ་བཤད་འགྲན་བསྡུར་གྱི་རྒྱུ་ཆ་གྲ་སྒྲིག་བྱེད་པའི་བརྒྱུད་རིམ་ཁྲོད། གཏམ་བཤད་ཀྱི་རྒྱུ་ཆ་རྣམས་སློབ་མ་ཚོས་དྲ་རྒྱ་དང་དཔེ་དེབ་ནས་ལེགས་བསྒྲིགས་བྱས་པ་དང་། ཕན་ཚུན་བཟོ་བཅོས་བྱེད་པ་དང་།གཏམ་བཤད་ཀྱི་སྐད་ཆའི་མྱུར་ཚད་དང་། སྐད་ཤུགས།དེ་བཞིན་སྒྲ་གདངས་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་འདོན་པའི་བརྒྱུད་རིམ་ནང་སློབ་མ་ཕན་ཚུན་གྱི་མཛའ་བརྩེ་དང་མཉམ་རོགས་ཀྱི་སྙིང་སྟོབས་དར་སྤེལ་ཐུབ་ཡོད། གཏམ་བཤད་འགྲན་བསྡུར་ལེགས་གྲུབ་ངང་སྤེལ་ཐུབ་པ་དེས་སློབ་མའི་དབྱིན་ཡིག་སྦྱང་སེམས་དང་སྤྲོ་སྣང་ལ་སྐུལ་སློང་ཆེན་པོ་ཐེབས་ཡོད་ལ། རྒྱ་ཆེའི་དགེ་སློབ་ཚོའི་གཅིག་མཐུན་གྱི་གདེང་འཇོག་ཀྱང་ཐོབ་ཡོད།

    3གྲོས་འགོ །

    ངེད་སློབ་གླིང་གི་དབྱིན་ཡིག་སློབ་ཁྲིད་ཀྱི་ཆུ་ཚད་ནུས་ལྡན་ངང་གོང་མཐོར་བཏང་ནས། དབྱིན་ཡིག་སློབ་ཁྲིད་ཀྱིས་མི་སྣ་གསོ་སྐྱོང་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། ད་ཡོད་ཀྱི་དབྱིན་ཡིག་སློབ་ཁྲིད་ཀྱི་རྣམ་པའི་རྨང་གཞིའི་ཐོག་གྲོས་འགོ་འགའ་འདོན་རྒྱུ་ཡིན།

    3. 1 འཛིན་གྲྭ་ཁག་དབྱེ་བའི་ལམ་ལུགས་སྤྱད་ནས་སློབ་ཁྲིད་བྱ་རྒྱུ།དབྱིན་ཡིག་སློབ་ཁྲིད་ཐད་འཛིན་གྲྭ་དབྱེ་བའི་ལམ་ལུགས་སྤྱད་དགོས་པ་སྟེ། སློབ་མ་གསར་པ་སློབ་གྲྭར་འཛུལ་བ་དང་སློབ་དུས་དང་པོ་དང་གཉིས་པའི་སློབ་མཇུག་ཏུ་དབྱིན་ཡིག་གི་མཐིལ་རྟོགས་ཡིག་རྒྱུགས་ཐེངས་གཅིག་བཏང་ནས་སྐར་གྲངས་བཞིན་འཛིན་གྲྭ་དབྱེ་དགོས།འཛིན་གྲྭ་དབྱེ་བར་དབྱིན་ཡིག་གི་ཆུ་ཚད་མཐོ་དམའ་མ་གཏོགས་སློབ་མ་ཕོ་མོ་དང་། ཆེད་ལས་སོགས་ཀྱི་དབྱེ་བ་མེད། དེ་ལྟར་བྱེད་པའི་ཕན་ཡོན་ནི་སློབ་མའི་དབྱིན་ཡིག་གི་རྨང་གཞི་མི་འདྲ་བར་གཞིགས་ནས་སློབ་སྦྱོང་གི་ནང་དོན་དང་། མྱུར་ཚད་བཀོད་སྒྲིག་བྱེད་ཆོག་པ་དང་། དམིགས་ཡུལ་དང་འཆར་གཞི་ཡོད་པའི་ཐོག་ནས་སློབ་མའི་དབྱིན་ཡིག་གི་ཆུ་ཚད་གོང་མཐོར་གཏོང་ཐུབ།

    3. 2 དབྱིན་སྐད་ཀྱི་གླུ་གཞས་འགྲན་བསྡུར་བྱེད་པ།སློབ་དུས་རེར་དབྱིན་སྐད་ཀྱི་གླུ་གཞས་འགྲན་བསྡུར་ཐེངས་རེ་སྤེལ་ཏེ། སློབ་མས་རང་འགུལ་ངང་ནས་དབྱིན་སྐད་ཀྱི་གཞས་ཉན་པ་དང་སྦྱོང་བའི་གོམས་གཤིས་སྐྱེད་སྲིང་བྱེད་ཐུབ། དགེ་རྒན་གྱིས་སློབ་མར་དཀའ་ཚད་མི་འདྲ་བའི་དབྱིན་སྐད་གླུ་གཞས་གཏོང་བ་བཅས་དང་། གཞས་ཚིག གླུ་གཞས་ཀྱི་རྒྱབ་ལྗོངས་སོགས་མཁོ་འདོན་བྱེད་པ་དང་། དུས་མཚུངས། སློབ་མས་ནང་དོན་མི་འདྲ་བའི་དབྱིན་ཡིག་གི་རྒྱུ་ཆ་ཤེས་རྟོགས་ཐུབ་པར་སྐུལ་འདེད་ཐུབ་ལ། ཧུར་བརྩོན་དང་རང་འགུལ་ངང་ནས་དབྱིན་ཡིག་སློབ་སྦྱོང་བྱེད་ཐུབ།

    3. 3 དབྱིན་ཡིག་གི་དགོད་སྤྲོའི་གཏམ་གླེང་མཐུན་ཚོགས་འཛུགས་དགོས།དབྱིན་ཡིག་གི་དགོད་སྤྲོའི་གཏམ་གླེང་མཐུན་ཚོགས་བཙུགས་ན་དགེ་རྒན་དང་སློབ་མ་མཉམ་དུ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་སློབ་སྦྱོང་དང་ཡར་རྒྱས་གཏོང་ཐུབ།

    སློབ་སྦྱོང་གི་བྱེད་སྟངས་ནི་རང་ཐག་གིས་དགོད་སྤྲོའི་གཏམ་གླེང་གི་རྣམ་པ་དང་ནང་དོན་ཇུས་འགོད་བྱས་ཏེ། སློབ་མའི་སློབ་སྦྱོང་གི་སྤྲོ་སེམས་གང་ལེགས་འཕེལ་བ་བྱེད་པ་དང་། སློབ་མའི་སློབ་སྦྱོང་གི་བསམ་གཞིགས་ནུས་པ་སྐུལ་ཁྲིད་བྱེད་པའི་ཐོག་ནས་སློབ་མའི་ཐུན་མོང་མ་ཡིན་པའི་སློབ་སྦྱོང་དང་འཕེལ་རྒྱས་མཛུབ་སྟོན་བྱེད་ཐུབ་པ་བཅས་སོ།

    (བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་བཅིངས་འགྲོལ་མཚོ་མོ)

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།