དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་མ་གསོ་སྐྱོང་བྱེད་པའི་ཐད་དགེ་རྒན་གྱི་ཐབས་འགའ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-11-04

    ན་གཞོན་སློབ་མ་ནི་བཅུ་དྲུག་ལང་ཚོ་རྫོགས་པའི་ལོ་ན་ཕྲ་དུས་ཀྱི་སློབ་མ་ཤ་སྟག་ཡིན་སྟབས། དུས་ཚོད་དེ་ནི་མིའི་མི་ཚེའི་ནང་གི་འགྱུར་མཚམས་གལ་ཆེན་ཞིག་སྟེ། ལང་ཚོ་དར་ལ་བབས་པ་དང་། སློབ་སྦྱོང་དང་འཚོ་བར་རང་རྐྱ་འཕེར་ཐུབ་པ། རིག་སྟོབས་འཕེལ་ཤུགས་ཆེ་བས་གནད་དོན་མང་པོར་རང་འགུལ་གྱིས་བསམ་གཞིག་ཐུབ་པ་མ་ཟད་བདེན་རྫུན་དང་། བཟང་ངན། མི་ཚེའི་རིན་ཐང་སོགས་ཀྱི་ཐད་ཤེས་རྟོགས་ངེས་ཅན་ཡོད་པའི་དུས་ཤིག་ཡིན། དུས་ཚོད་དེར་ཁོང་ཚོའི་སེམས་ཁམས་དང་། བློ་ཚོད། མོས་པ། དགའ་ཞེན་སོགས་དང་མཐུན་པའི་སློབ་གསོའམ་སྣེ་ཁྲིད་ཅིག་བྱུང་ན། འབྱུང་འགྱུར་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་མཁན་དུ་གསོ་སྐྱོང་བྱེད་པར་ཕན་ནུས་ངེས་ཅན་ཐོན་རྒྱུ་གདོན་མི་ཟ་བས། སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་ན་གཞོན་སློབ་མའི་སློབ་སྦྱོང་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་ཐབས་ཤེས་འགའ་གླེང་བར་འདོད་དོ།

    གཅིག དགེ་རྒན་གྱི་བྱམས་བརྩེ་སློབ་མའི་ཤེས་ཡོན་སྦྱོང་བའི་སྒུལ་ཤུགས་སུ་འགྱུར་དགོས།

    སྔར་ནས་ད་བར། སློབ་གསོ་མཁས་པ་དང་སེམས་ཁམས་རིག་པའི་མཁས་པ་མང་པོས་སློབ་གསོ་ཞེས་པར་འགྲེལ་པ་དང་གོ་དོན་མང་པོ་བཞག་ཡོད། དེ་དག་ཚང་མས་དགེ་རྒན་ལ་བརྩེ་བའི་སེམས་དང་འགན་འཁྲིའི་སེམས་ཀྱིས་ཕྱུག་པ་ཞིག་དགོས་པར་འདོད། དོན་ངོ་མར་སློབ་གསོའི་བྱ་བ་བྱེད་མཁན་ཞིག་གི་ངོས་ནས་བརྗོད་ན། སློབ་གསོ་སློབ་ཁྲིད་ཁྲོད་ཐོག་མར་ལྷད་མེད་ཀྱི་བྱམས་བརྩེའི་བསམ་པ་ཞིག་དགོས་པ་དང་། དེ་རྗེས་སློབ་མའི་ཤེས་རིག་གི་དགོས་མཁོ་སྣ་ཚོགས་སྐོང་ཐུབ་པའི་མཐོང་ཐོས་མྱོང་གསུམ་ཕུན་སུམ་ཚོགས་པའི་མི་ཞིག་ཡིན་དགོས་པ། མཐར་སློབ་གསོ་སློབ་ཁྲིད་ཁྲོད་སློབ་མ་རྣམས་ཡང་དག་གི་ལྟ་བ་དང་། ལམ་བཟང་ཕྱོགས་སུ་ཁྲིད་སྟོན་བྱེད་པར་ཐབས་རྩལ་བཟང་པོ་ཞིག་དགོས་པ་བཅས་དགེ་རྒན་ཞིག་ལ་བྱམས་སེམས་ཡོད་ཚེ་དེ་ལ་སློབ་གསོ་དར་སྤེལ་གཏོང་བའི་འགན་འཁྲིའི་བསམ་པ་ཤུགས་ཆེ་བ་ཡོད་རྐྱེན། སློབ་གསོ་སློབ་ཁྲིད་སྐབས་མཚམས་མ་ཆད་པའི་དོན་ཆུང་དང་། རྙོག་འཛིང་ཆེ་བའི་གནད་དོན་དག་འཕྲད་སྐབས་བྱམས་བརྩེ་དང་འགན་འཁྲིའི་བསམ་པས་དཀའ་ཚེགས་དུ་མ་ལས་རྣམ་པར་རྒྱལ་ཐུབ་ལ། དེ་ནི་དཀའ་བ་དུ་མ་གདོང་དུ་བསུ་བར་ཡིད་ཐང་མ་ཆད་པ་དང་། དཔའ་མ་ཞུམ་པ། བསུན་སྣང་མི་སྐྱེ་བ། སྙིང་སྟོབས་མི་ཉམས་པའི་སེམས་ཀྱི་རྒྱབ་རྟེན་ཤུགས་ཆེན་ཞིག་ཡིན།

    འོ་ན། ཡང་སྙིང་ཇི་ལྟར་བྱས་ནས་བྱམས་བརྩེའི་བསམ་པ་དག་སློབ་གསོ་སློབ་ཁྲིད་ནང་ཡང་དག་ལ་དོན་དངོས་དང་འཚམ་པའི་ཐོག་ནས་སྤྱོད་དགོས་ཤེ་ན། དང་ཐོག་ཀུན་སྤྱོད་དང་མི་གཤིས་བཟང་པོ་ཞིག་འཇགས་རྒྱུ་དམིགས་སུ་བཟུང་ནས་ངང་རྒྱུད་རིང་པོའི་ཐོག་ནས་སློབ་མར་སྔོན་བྱོན་མཁས་དབང་དུ་མའི་མཛད་རྗེས་རླབས་པོ་ཆེ་རྣམས་ངོ་སྤྲོད་བྱེད་པ། དོན་དངོས་འཚོ་བའི་ནང་གི་དཔའ་བོ་དཔེ་བཟང་མི་སྣ་དཔེར་འཇོག་པ་སོགས་བྱས་ནས་སློབ་མའི་སེམས་ཀྱི་ཞིང་ས་གཤིན་པོར་རང་གི་མིག་དཔེ་བྱེད་ཡུལ་དང་དད་གུས་བྱེད་ཡུལ་གྱི་མི་ཞིག་གནས་ཐུབ་པ་བྱས་ཏེ། གནོན་ཤུགས་ཆེ་བའི་མཐོ་འབྲིང་གི་སློབ་སྦྱོང་དང་འཚོ་བའི་ཁྲོད་དཀའ་ངལ་ཅུང་ཟད་འཕྲད་པར་དཔའ་མི་ཞུམ་པ་དང་བག་མི་འཁུམ་པ་སོགས་ཀྱི་སྙིང་སྟོབས་གསོ་རྒྱུ་གལ་ཆེ་སྙམ། དེ་བཞིན་རྣམ་ཀུན་སློབ་མ་ཁྱོན་ཡོངས་ཀྱི་གཤིས་ཀར་ལྟ་རྟོག་དང་དོ་སྣང་ཞིབ་ཅིང་ཕྲ་བ་བྱས་ཏེ། དགེ་རྒན་གྱི་མིག་ནང་སྦྱངས་འབྲས་ལེགས་པའི་སློབ་མ་ཙམ་མཐོང་ཐུབ་པ་མ་ཡིན་པར་སྦྱངས་ འབྲས་ཞན་པ་དང་། གཤིས་ཀ་མི་གཅིག་པ། ཀུན་སྤྱོད་ཞན་པ་སོགས་ཀྱི་སློབ་མ་མང་ཙམ་མཐོང་ཐུབ་པ་དང་དེ་དག་གིས་བཟོས་པའི་རྙོག་དྲར་བསུན་སྣང་མི་བྱེད་པ། ལྷག་པར་བྱ་ངན་གཅིག་གིས་ནམ་ཡང་སྐྱོབ་ཐབས་མེད་པའི་སློབ་མ་ངན་པར་མི་བརྩི་བར། གོ་སྐབས་སྤྲོད་ཤེས་པ་དང་སློབ་གསོ་གནད་ལ་འཕིགས་པ་རྒྱག་ཐུབ་པའི་དགེ་རྒན་ཞིག་ཏུ་གྱུར་ནས། ལྷག་བསམ་ཟོལ་མེད་ཀྱི་བྱམས་བརྩེས་སློབ་མའི་གཤིས་སྤྱོད་ངན་པའི་སེམས་ཁམས་ལ་འགྱུར་ལྡོག་གཏོང་ཐུབ་ཚེ། དགེ་རྒན་ཞིག་གི་ངོས་ནས་བརྗོད་ན་སྤྲོ་སྣང་སྐྱེ་དགོས་པའི་གྲུབ་འབྲས་ཤིག་ཡིན།

    གཉིས། དགེ་རྒན་གྱི་མཐོང་ཐོས་མྱོང་གསུམ་གྱི་སྣ་མང་ཤེས་བྱས་སློབ་མར་སྣེ་ཁྲིད་བྱེད་ཐུབ་པ་དགོས།

    ན་གཞོན་སློབ་གསོ་སློབ་ཁྲིད་བྱེད་མཁན་ཞིག་གི་ངོས་ནས་བརྗོད་ན། རང་གི་ཆེད་ལས་རིག་ཚན་གྱི་ཁྱབ་ཁོངས་ཙམ་མིན་པར་སློབ་མའི་མཐོང་ཐོས་མྱོང་གསུམ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། དགེ་རྒན་གྱིས་སློབ་ཚན་གྲ་སྒྲིག་བྱེད་པའི་བརྒྱུད་རིམ་ནང་བསླབ་གཞིའི་ནང་དོན་དང་འབྲེལ་བ་ངེས་ཅན་ཡོད་པའི་ཤེས་བྱ་ཁག་སློབ་མར་ངོ་སྤྲོད་བྱ་རྒྱུ་གལ་ཆེ། དེས་བསླབ་གཞི་གཅིག་པུས་མཐོང་རྒྱ་ཆུང་བའི་ཁོར་ཡུག་ནང་སློབ་མའི་འཚོ་བ་འཕྲོ་བརླག་མི་འགྲོ་ལ། དགེ་རྒན་གྱི་དཔྱད་གཞི་ངོ་སྤྲོད་དང་། ཁོང་ཚོའི་ཤེས་ཚད་དང་འཚམ་པའི་དཔེ་དེབ་དང་གློག་བརྙན་སོགས་ངོ་སྤྲོད་བྱས་ནས་སློབ་མའི་སེམས་ཁམས་ཀྱི་འཇིག་རྟེན་ཕུན་སུམ་ཚོགས་སུ་འགྲོ་བ་ཙམ་མ་ཟད་ལྟ་ཀློག་དང་དབྱེ་ཞིབ་ཁྲོད་རང་དང་མི་གཞན་གྱི་ཤེས་ཚད་ལ་བསྡུར་བ་ངེས་ཅན་རང་ཤུགས་སུ་བྱུང་བར་བརྟེན། རང་འགུལ་ངང་དཔེ་དེབ་ལྟ་ཀློག་བྱ་རྒྱུར་དགའ་བ་དང་འཚོལ་ཞིབ་དང་དཔྱད་མྱོང་བྱ་རྒྱུར་དགའ་ཞེན་སྐྱེས་ནས་དགེ་རྒན་དེས་བསླབ་བྱའི་རིག་ཚན་དེར་སྦྱོང་འདོད་ཀྱི་བློ་སྐྱེས་པ་དང་སྦྲགས་ཤེས་བྱ་གསར་པ་དང་། ཡ་མཚན་ཅན་གྱི་རང་བྱུང་སྣང་ཚུལ། ཚན་རིག་གི་ཤེས་བྱ། ལོ་རྒྱུས་ཀྱི་ཤེས་བྱ་སོགས་ལ་དོ་སྣང་བྱེད་ཤུགས་ཆེ་རུ་ཕྱིན་ནས་སློབ་མའི་མཐོང་རྒྱ་ཐོས་རྒྱ་ཇེ་ཆེར་འགྲོ་རྒྱུ་ཡིན་པ་ནི་སྨོས་མི་དགོས་པ་ཞིག་རེད།

    གསུམ། དགེ་རྒན་གྱི་ལག་ལེན་ཐོག་ནས་སློབ་མར་སྣེ་ཁྲིད་བྱེད་ཐུབ་པ་དགོས།

    དགེ་རྒན་ནི་མིའི་རྣམ་ཤེས་ལ་སྒྱུར་བཀོད་བྱེད་པའི་བཟོ་བཀོད་པ་ཆེ་མོ་ཞིག་ཡིན་པར་ངོས་འཛིན་པས། སློབ་མར་ཤེས་བྱ་བརྒྱུད་སྤྲོད་བྱེད་པ་དང་སྦྲགས་ད་དུང་བསམ་བློའི་སློབ་གསོ་རྒྱག་མཁན། སྤྱོད་བཟང་གི་མིག་དཔེ་འདོན་མཁན་ཞིག་ཡིན་པས། མཁས་པའི་གསུང་ལས། དམ་པ་རྣམས་ཀྱི་གསུང་ཆོས་དག ། སྐྱེ་བོ་ཀུན་གྱིས་ཚད་མར་འཛིན༎ཞེས་དང་། རང་ལུས་དྲང་ན་གཞན་པ་ལ༎ མ་སྐུལ་ན་ཡང་དང་ལེན་ཞུ༎ རང་ལུས་དྲང་པོར་མ་གནས་ན༎ གཞན་ལ་སྐུལ་ཡང་འགྲུབ་མི་འགྱུར༎ ཞེས་རྣམ་ཀུན་དགེ་རྒན་གྱིས་སློབ་གསོ་སློབ་ཁྲིད་སྐབས་ཚིག་རྩུབ་དང་ངན་སྨྲས། མཐོང་ཆུང་གི་བརྙས་ཚིག་སོགས་ཁ་ཡི་ཟུར་ཙམ་ནས་མི་འདོན་པར་བཤད་པའི་དོན་རྣམས་སྨྲ་ལྕེ་དག་ལ་སློབ་མའི་ཤེས་ཚད་དང་མཐུན་པ། བཤད་ཚད་དོན་ཐོག་ཏུ་འཁྱོལ་བ། བདེན་པ་བདེན་ཐུབ་དང་བཏང་སྙོམས་དྲང་གཞག་གི་བླ་མེད་ཀྱི་གཤིས་བཟང་ཞིག་དགོས་པ། སྐབས་འགར་དགོད་བྲོའི་གཏམ་གྱི་ཐོག་ནས་གནས་ལུགས་ཡོད་པའི་ཤེས་བྱ་རྣམས་སློབ་མར་ངོ་སྤྲོད་བྱེད་ཐུབ་ཚེ། གཅིག་ནས་སློབ་མའི་སེམས་ལ་ངེས་བདེ་བ་དང་། གཉིས་ནས་བག་ཆགས་ཟབ་པ། གསུམ་ནས་སློབ་མས་རང་ཉིད་ལ་ཡོངས་སུ་ཡིད་ཆེས་དང་བློས་བཀལ་ནས་གནད་དོན་གང་ཞིག་ཡོད་རུང་དགེ་རྒན་དང་གྲོས་བསྡུར་བྱེད་པ། དེ་ལྟར་ཡུན་རིང་ངང་སློབ་གསོ་སྤེལ་ཐུབ་ཚེ། དགེ་རྒན་དེར་སློབ་ཕྲུག་མང་ཆེ་བས་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད་དེས་བསླབ་བྱའི་རིག་ཚན་ལ་སློབ་མས་སྦྱང་འདོད་བྱེད་པ་དང་། སློབ་མ་ཕལ་ཆེ་བས་དམིགས་ཡུལ་གསལ་པོའི་ཐོག་ནས་རང་གི་ཕུགས་བསམ་འཛུགས་སྐྱོང་བྱེད་པ། ཡར་ཐོན་ལ་བརྩོན་ལེན་དང་སྤྱོད་ཡོན་ཟུང་དུ་འབྲེལ་ནས་དུས་རབས་དང་སྤྱི་ཚོགས་ཀྱི་དགོས་མཁོར་འཚམ་པའི་མི་སྣ་ཞིག་ཆགས་པར་ཁ་ཕྱོགས་ངེས་ཡིན།

    མདོར་ན། ཤེས་བྱས་མིའི་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་རུང་། ཤེས་བྱ་མཁོ་འདོན་བྱེད་མཁན་གྱི་དགེ་བའི་བཤེས་གཉེན་ལ་སློབ་མ་སྐྱོང་བའི་ཀུན་སློང་བཟང་པོ་ཞིག་དང་། ཡང་དག་པའི་ཐབས་རྩལ། ཐམས་ཅད་མིའི་རིགས་འཕེལ་རྒྱས་ལ་དམིགས་ནས་སློབ་གསོ་སློབ་ཁྲིད་བྱེད་མཁན་ཞིག་མིན་ཚེ། སློབ་མའི་ལས་དབང་ལ་འགྱུར་ལྡོག་ལྟ་ཅི། སློབ་མ་རྣམས་ལ་ཤུགས་རྐྱེན་ངན་པ་ཚབས་ཆེན་ཕོག་ནས་སྤྱི་ཚོགས་དང་ཁྱིམ་ཚང་གི་ཁུར་པོར་གྱུར་སྲིད་པས་དགེ་བའི་བཤེས་གཉེན་རྣམས་ཀྱིས་བརྩེ་བའི་གཟི་མདངས་སློབ་ཕྲུག་གི་སེམས་ཁམས་སུ་འཕྲོ་བར་བྱས་ནས་འོད་ཟེར་སྟོང་ལྡན་གྱི་ལམ་བུ་ཞིག་གི་སྟེང་སྣེ་འཁྲིད་བྱེད་ཐུབ་པ། སེམས་ཁམས་གསོ་བའི་བདུད་རྩིའི་ཐིགས་པ་རེ་རེས་དཀའ་ཚེགས་ཆེ་བའི་སློབ་མར་སེམས་ཤུགས་རེ་སྤྲད་དེ། རིག་གཞུང་རྒྱ་མཚོར་རང་རང་གི་རྐྱལ་རྩལ་ངོམས་ཏེ་ཤེས་རིག་རབ་ཏུ་འཕེལ་བའི་དུས་རབས་འདིའི་འགྲན་རྩོད་ལ་བཟོད་ཐུབ་པའི་སློབ་མ་མང་དག་ཅིག་གསོ་སྐྱོང་བྱ་རྒྱུར་རང་རང་གིས་ནུས་རྩལ་ཡོད་རྒུ་འདོན་པར་སྙིང་དབུས་ནས་རེ་བ་ཞུའོ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།