སློབ་གསོའི་སྐོར་གྱི་བསམ་གཞིག་ཅུང་ཟད་གླེང་བ།
སློབ་གསོ་ཞེས་པ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་ཆེན་པོ་འདིའི་ནང་དུ་གནས་པའི་ནང་བཅུད་ཀྱི་སེམས་ཅན་ཡོད་དོ་ཅོག་ནས་རིག་པ་སྤྱང་ཤོས་སམ་རིམ་པ་མཐོ་ཤོས་སུ་གྱུར་པའི་འགྲོ་བ་མིའི་རིགས་ཁོ་ནར་དབང་བའི་བསམ་པའི་ལོངས་སྤྱོད་དམ་ཤེས་རིག་གི་སྒྲོན་མེ་འོད་སྟོང་འབར་བ་ཞིག་ཡིན་པས། ལམ་སྟོན་སྒྲོན་མེ་དེའི་བཀའ་དྲིན་ལས་འགྲོ་བ་མི་ནི་སྲོག་ལྡན་ཀུན་ལས་རྣམ་པར་རྒྱལ་བའི་སྲོག་ཆགས་རླབས་པོ་ཆེར་གྱུར་པ་མིག་མཐོང་ལག་ཟིན་ལགས། དེའང་སློབ་གསོ་ཞེས་པའི་ཐ་སྙད་དེ་གོ་བདེར་བཀྲལ་ན། སློབ་ནས་གསོ་སྐྱོང་བྱེད་པར་ཟེར་ཞིང་། སློབ་རྒྱུའི་ནང་དོན་ཧ་ཅང་མང་བ་དང་། གསོ་སྐྱོང་བྱ་རྒྱུའི་མི་དེ་བས་མང་བས་སློབ་གསོའི་བྱ་གཞག་ནི་ཀུན་ཁྱབ་ཀྱི་ལས་གྲྭ་ཧ་ཅང་ཆེན་པོ་ཞིག་ཡིན། རྒྱུན་གཏན་སློབ་གསོར་ནང་གསེས་གཙོ་བོ་གསུམ་ལ་དབྱེ་སྐབས། སློབ་གྲྭའི་སློབ་གསོ་དང་། ཁྱིམ་ཚང་གི་སློབ་གསོ། སྤྱི་ཚོགས་ཀྱི་སློབ་གསོ་ཞེས་ཟེར་བ་དང་། ནང་གསེས་གཉིས་ལ་དབྱེ་སྐབས་ཆེད་ལས་ཀྱི་སློབ་གསོ་དང་། ལས་ཞོར་གྱི་སློབ་གསོ་ཞེས་ཟེར། དོན་དམ་དུ་ནང་གསེས་སམ་རིགས་ཧ་ཅང་མང་བས་སློབ་གསོའི་སྐོར་གླེང་དགོས་བྱུང་ན་ཧ་ཅང་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་པ་ལས། འདིར་ཁོ་བོས་དུས་ཡུན་གང་ལ་གང་འཚམ་ཞིག་དགེ་རྒན་གྱི་བྱ་བ་སྒྲུབ་པའི་མྱོང་བ་དང་། ཞིབ་འཇུག བསམ་ཚུལ་བཅས་ཀུན་ལ་བགྲོ་གླེང་གི་ཚུལ་དུ་ཞུ་བར་འདོད།
དང་པོ། སློབ་གསོ་རིག་པ།
སློས་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་མིང་འཛིན་པ་ཞིག་ཡིན་ཚེ་ངེས་པར་དུ་གཏིང་ཟབ་ལོས་ལ་མ་བལྟོས་པའི་སློབ་གསོ་རིག་པར་རྒྱུས་མངའ་ཡོད་པ་ཞིག་བྱ་དགོས་ཤིང་། དེའང་ཅི་ཞིག་ལ་སློབ་གསོ་རིག་པ་ཟེར་རམ་ཞེ་ན། དུས་རིམ་དང་པོ་ནི་སློབ་གསོ་རིག་པའི་མྱུ་གུ་སྨིན་པའི་དུས་རིམ་ཞིག་ཡིན་ཏེ། ཡོངས་ཁྱབ་ཏུ་སློབ་གསོ་ནི་བསམ་པའི་སློབ་གསོའི་རིགས་ཤིག་ཡིན་པས་ཆབ་སྲིད་དང་། མཚན་ཉིད་རིག་པ། ཆོས་ལུགས། ཚན་རིག རྩོམ་རིག་སྒྱུ་རྩལ། ཀུན་སྤྱོད། དམག་དོན་སོགས་ཀྱི་ཁྱབ་ཁོངས་ཡོད་དོ་ཅོག་གི་ནང་དུ་ཁྱབ་ཡོད། དུས་རིམ་གཉིས་པ་ནི། སློབ་གསོ་རིག་པའི་རང་ཚུགས་གྲུབ་པའི་དུས་རིམ་ཞིག་ཡིན་ཏེ། དུས་རབས་བཅུ་བདུན་པའི་སྐབས་ཨའོ་གླིང་གི་མ་རྩ་རིང་ལུགས་གོང་དུ་འཕེལ་བའི་དུས་སྐབས་ནས་འགོ་ཚུགས་ཤིང་། སྐབས་དེའི་སློབ་གསོ་རིག་པ་ནི་སྣང་ཚུལ་འབྲི་བརྗོད་ནས་རིགས་པའི་གཞུང་ལུགས་ཀྱི་ཐད་འཕེལ་རྒྱས་བྱུང་བ་དང་། བྱེ་བྲག་གི་དཔེ་ཆའི་ཤེས་བྱ་ནས་ཚན་རིག་གི་རིག་པས་སྒྲུབ་པར་འཕེལ་རྒྱས་བྱུང་བ་དེ་ཡིན། དུས་རིམ་གསུམ་པ་ནི་མར་ཁེ་སི་རིང་ལུགས་ཀྱི་སློབ་གསོ་རིག་པའི་ལྟ་ཚུལ་གསར་པ་བྱུང་བའི་དུས་རིམ་ཞིག་ཡིན་ཏེ། དུས་རབས་བཅུ་དགུའི་ནང་མར་ཁེ་སི་འཁྲུངས་པ་དེས་ཚན་རིག་གི་སློབ་གསོ་རིག་པ་འཛུགས་པར་ཚན་རིག་གི་འཇིག་རྟེན་ལྟ་ཚུལ་དང་བརྟག་ཐབས་སྨྲ་བའི་མཛུབ་སྟོན་བྱས་པ་མ་ཟད། སློབ་གསོ་རིག་པའི་ནང་གི་རྩ་བའི་ནང་དོན་འགའ་ཞིག་ལའང་ཚན་རིག་གིས་གསལ་བཤད་བྱས་ཏེ། ཚན་རིག་གི་སློབ་གསོ་རིག་པ་འཛུགས་པར་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བཏིང་བ་ནས་བཟུང་རིམ་བཞིན་ཆ་ཡོངས་སུ་ཚང་བའི་སློབ་གསོ་རིག་པ་གྲུབ་པ་རེད། མདོར་བསྡུས་ནས་བཤད་ན་སློབ་གསོ་རིག་པ་ནི་སློབ་གསོའི་སྣང་ཚུལ་ལ་ཞིབ་ འཇུག་དང་སློབ་གསོའི་མཚན་ཉིད་གསལ་པོར་སྟོན་པའི་སྤྱི་ཚོགས་ཀྱི་ཚན་རིག་ཅིག་ཡིན་ལ། སློབ་གསོའི་ཚན་རིག་མ་ལག་གི་གྲུབ་ཆ་ཞིག་ཀྱང་རེད། དེས་སློབ་གསོའི་གོ་རིམ་ཧྲིལ་པོའི་ནང་དོན་ཡོངས་སུ་རྫོགས་པ་དཔེར་ན། སློབ་གསོའི་རྩ་བའི་རིག་པ་དང་། དམིགས་ཡུལ། བྱེད་ཕྱོགས། ལས་འགན་སོགས་ལ་ཞིབ་འཇུག་བརྒྱུད་དེ།
རིག་གནས་ཚན་རིག་གི་ཤེས་བྱ་དང་། བསམ་བློ་ཆབ་སྲིད་ཀྱི་ལྟ་ཚུལ། ཀུན་སྤྱོད་ཀྱི་ཚད་གཞི་བཅས་ངེས་ཅན་ཞིག་བཀོལ་ཏེ་ན་གཞོན་མི་རབས་ལ་སློབ་གསོ་བཏང་ནས་ཁོ་ཚོ་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམ་པའི་མི་ཞིག་འཚར་ལོངས་ཡོང་བར་རྒྱས་བཤད་བྱེད་པ་དེ་ཡིན།
གཉིས་པ། སློབ་གྲྭའི་སློབ་གསོ།
སློབ་གྲྭའི་སློབ་གསོ་ནི་ཤེས་ཡོན་ཅན་གསོ་སྐྱོང་བྱེད་སའི་གར་སྟེགས་ཆེ་ཤོས་དེ་ཡིན་པས། འཛམ་གླིང་ཐོག་གི་ཆེད་ལས་འདྲ་མིན་དུ་མའི་མཁས་པ་བརྒྱ་ཆ་དགུ་བཅུ་ཡན་ཆེད་ལས་སློབ་གྲྭའི་སློབ་གསོའི་འོག་འཚར་ལོངས་བྱུང་བ་ཞིག་ཡིན། སློབ་གྲྭའི་སློབ་གསོའི་སྤུས་ཚད་ལེགས་ཉེས་ནི་མདོར་བསྡུས་ནས་བཤད་ན། སློབ་ཁྲིད་དང་དོ་དམ་གྱི་སྤུས་ཚད་ལ་རག་ལུས་ཡོད་ཅིང་། དེའང་དགེ་བའི་བཤེས་གཉེན་རྣམ་པ་ནི་བླ་ན་མེད་པའི་བཀའ་དྲིན་ཅན་དང་། བླ་ན་མེད་པའི་གཟི་བརྗིད་ཅན་ཡིན་རུང་བླ་ན་མེད་པའི་རེ་བ་བའང་ཡོད་པས། ཁོང་རྣམ་པས་རང་དཔེ་གཞན་སྟོན་གནང་རྒྱུ་ནི་གལ་ཤིན་ཏུ་ཆེ་བར་མཐོང་། ད་དུང་ཤེས་རིག་གི་སློབ་གསོར་མཐོང་ཆེན་བྱེད་པ་ལས་ཀུན་སྤྱོད་ཀྱི་སློབ་གསོར་སྣང་མེད་བྱེད་པ་དང་། ཤེས་བྱར་མཐོང་ཆེན་བྱེད་པ་ལས་རིག་སྟོབས་དང་ནུས་པར་སྣང་མེད་བྱེད་པ། སློབ་ཐོན་འཛིན་གྲྭར་མཐོང་ཆེན་བྱེད་པ་ལས་རྨང་གཞིའི་འཛིན་གྲྭར་སྣང་མེད་བྱེད་པ། དྲན་ཤེས་ལ་མཐོང་ཆེན་བྱེད་པ་ལས་བསམ་བློ་གཏོང་བར་སྣང་མེད་བྱེད་པ། སློབ་ཁྲིད་ཁོ་ནར་མཐོང་ཆེན་བྱེད་པ་ལས་བློ་སྒོ་འབྱེད་རྒྱུར་སྣང་མེད་བྱེད་པ་སོགས་ནི་ངེས་པར་དུ་ལེགས་བཅོས་བྱ་དགོས་པའི་ཞིབ་ཕྲའི་གནད་དོན་ཡིན་པ་མཐོང་ངོ་།
གསུམ་པ། ཁྱིམ་ཚང་གི་སློབ་གསོ།
ཁྱིམ་ཚང་གི་སློབ་གསོ་ནི་སློབ་མ་ཀུན་ལ་མེད་དུ་མི་རུང་བའི་གལ་ཆེའི་སློབ་གསོ་ཞིག་ཡིན་ཞིང་། དེའང་ཐོག་མར་ཁྱིམ་ཚང་གི་སློབ་གསོ་ལེགས་པོ་ཞིག་ཡོང་བར་ཁྱིམ་མི་སྤྱི་དང་། ཁྱད་པར་དུ་ཕ་མ་གཉིས་ཀུན་སྤྱོད་ལེགས་ཤིང་འཆམ་མཐུན་དགོས་པ་སྟེ། ཇི་སྐད་དུ། གང་ཞིག་གསེར་གྱི་རི་ལ་བརྟེན་བྱས་ན། དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་འགྱུར། ཞེས་པ་ལྟར་ཕ་མའི་ཀུན་སྤྱོད་དང་། བྱེད་སྟངས་བྱེད་ལུགས་ཀྱིས་ཕྲུ་གུར་ཤུགས་རྐྱེན་ཆེས་མངོན་གསལ་དོད་པོ་ཐེབས་ཀྱི་ཡོད། མ་གཞི་ཕ་མ་སུ་འདྲ་ཞིག་ཡིན་ནའང་རང་གི་ཕྲུ་གུ་གསོ་སྐྱོང་ལེགས་པོ་ཞིག་བྱེད་འདོད་པ་ནི་གླེང་མེད་ཡིན་ཡང་། ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་འཕྲད་པའི་འོག་ཕྲུ་གུ་གསོ་སྐྱོང་ལེགས་པོ་བྱེད་པར་དཀའ་ངལ་ཇི་སྙེད་ཅིག་འཕྲད་ཀྱི་ཡོད་པ་དེ་དག་ཐག་གཅོད་དང་ཁྱད་བསད་ཇི་ལྟར་བྱེད་དགོས་སམ་ཞེ་ན། བློ་དམན་ཁོ་བོའི་བསམ་པར་འདི་ལྟར་སྙམ་པ་སྟེ། གཅིག་ནས་ཕྲུ་གུར་ཚད་ལས་འདས་པའི་རེ་བ་འདོན་མི་རུང་ཞིང་། ཚད་ལས་འདས་པའི་རེ་བ་བཏོན་ཏེ་རང་གི་ཕྲུ་གུ་གཞན་སུ་ལས་ཀྱང་ལྷག་པ་ཞིག་ཡོང་འདོད་བྱེད་པ་ནི་དོན་དངོས་སུ་རང་གིས་བཟོས་པའི་ཕ་མའི་རྫོགས་རྒྱུ་མེད་པའི་སེམས་ཁྲལ་ཞིག་དང་། ཕྲུ་གུའི་ཐེག་རྒྱུ་མེད་པའི་རྡོག་ཁྲེས་ཤིག་ཡིན། གཉིས་ནས་མ་གཅིག་ལབ་སྒྲོན་གྱིས། འགྲིམས་ཀྱིས་འགྲིམས་དང་ལྷོད་ཀྱིས་ལྷོད། དེ་ལ་ལྟ་བའི་གནད་ཅིག་ཡོད། ཅེས་པ་ལྟར་ཕྲུ་གུར་དོ་དམ་དང་སློབ་གསོ་རྒྱག་རྒྱུ་དམ་དྲགས་རྒྱུ་མེད་ལ་ལྷོད་དྲགས་རྒྱུ་མེད་ཅིང་། དེའང་དམ་དྲགས་ན་ཕྲུ་གུ་སྒྱིད་ལུག་ཏུ་གྱུར་པ་དང་། ལྷོད་དྲགས་ན་ཕྲུ་གུ་ལང་ཤོར་དུ་འགྲོ་སྲིད།
བཞི་པ། སྤྱི་ཚོགས་ཀྱི་སློབ་གསོ།
སྤྱི་ཚོགས་ཀྱི་སློབ་གསོ་ཞེས་པ་ནི་གཞི་རྒྱ་ཤིན་ཏུ་ཆེ་བའི་སློབ་གསོ་ཞིག་ཡིན་ཞིང་། མདོར་བསྡུས་ནས་བཤད་ན། སྤྱི་ཚོགས་ཧྲིལ་པོས་སློབ་གསོར་དོ་ཁུར་དང་རྒྱབ་སྐྱོར་བྱེད་དགོས་པ་དེ་ཡིན། དེའང་སྤྱི་ཚོགས་ཐོག་སྐྱེ་བོ་འདྲ་མིན་སྣ་ཚོགས་ཡོད་པས་སློབ་གསོར་འཛིན་པའི་རྣམ་འགྱུར་ཡང་འདྲ་མིན་སྣ་ཚོགས་ཡོད་པར་མཐོང་བ་སྟེ། སློབ་གསོ་ནི་ལོ་བརྒྱའི་ཇུས་ཆེན་ཞིག་དང་། མི་རིགས་ཤིག་དར་རྒུད་ཇི་ཡོང་གི་འགག་རྩ་ཡིན་པར་ངོས་འཛིན་གཏིང་ཟབ་ཐུབ་སྟེ་ལྷག་བསམ་རྣམ་དག་གིས་སློབ་གསོར་དོ་ཁུར་དང་རྒྱབ་སྐྱོར་བྱེད་མཁན་མང་ཆེ་བ་དང་གཅིག ཁ་ནས་སློབ་གསོ་ནི་གལ་ཆེའི་ནང་གི་གལ་ཆེན་ཞིག་ཡིན་པ་ཆུ་རྒྱུག་རྒྱུག་བཤད་ཀྱང་དོན་དུ་རང་གི་ཕྲུ་གུའམ་གཉེན་ཚན་གྱི་ཕྲུ་གུ་དང་། རང་གི་ཕྲུ་གུའམ་གཉེན་ཚན་ཡིན་པའི་དགེ་རྒན་ལ་དོ་ཁུར་བྱེད་པ་ལས་སྤྱིར་ན་གཞན་དག་ལ་ཇུས་གཏོགས་མི་བྱེད་མཁན་ཉུང་ཤས་ཤིག་དང་གཉིས། རང་གི་ཕྲུ་གུའི་སློབ་སྦྱོང་མི་ལེགས་པ་སོགས་ཀྱི་འགན་ཡོངས་རྫོགས་དགེ་རྒན་ལ་གཡོགས་པ་དང་། སྲིད་ཇུས་ལེགས་ཤིང་ཕྱུག་འགྱུར་གྱི་ཐབས་ལམ་མང་བས་ཡིན་གཅིག་མིན་གཉིས་ཕྲུ་གུ་སློབ་སྦྱོང་ཡག་པོ་དགོས་གལ་མེད་བསམ་མཁན་ཆེས་ཉུང་ཤས་ཤིག་བཅས་ཡོད་པ་དེ་དག་ཕན་ཚུན་བལྟ་བསྡུར་གྱིས་སྤྱི་ཚོགས་ཡོངས་ཀྱིས་སློབ་གསོར་དོ་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་རྒྱ་ཁྱབ་ཏུ་དར་སྤེལ་གཏོང་རྒྱུ་ནི་མིག་སྔའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཞིག་ཡིན་པ་མཐོང་ངོ་།
ལྔ་པ། ལས་རིགས་སློབ་གསོ།
ལས་རིགས་སློབ་གསོ་ནི་མིག་སྔར་རྒྱལ་ཡོངས་སུ་ལས་ཞུགས་དང་ལས་ཞུགས་འཕར་མ་ཐག་གཅོད་བྱེད་པའི་ཐབས་ལམ་མེད་དུ་མི་རུང་བ་ཞིག་ཡིན་ཡང་། ད་དུང་བློ་མཐུན་ཉུང་ཤས་ཤིག་གིས་ལས་རིགས་སློབ་གསོར་འཛིན་པའི་ངོས་འཛིན་མག་མོག་ཏུ་གྱུར་པས་ལས་རིགས་སློབ་གསོ་ནི་རིམ་པ་ཅུང་དམའ་ཙམ་མམ་ཅུང་ཞན་པའི་སློབ་གསོ་ཞིག་མིན་ནམ་སྙམ་པའི་དགོས་མེད་ཀྱི་དོགས་པ་ཞིག་བྱེད་བཞིན་ཡོད་ལ། གཏམ་གླེང་གང་བྱུང་ཡང་སྤེལ་གྱི་ཡོད། དེས་ན་ཁོ་བོ་ནི་ལས་རིགས་སློབ་གསོའི་དགེ་མིང་འཛིན་པ་ཞིག་ཡིན་པས་འདིར་ཆེད་དུ་ལས་རིགས་སློབ་གསོའི་དགོས་གལ་དང་། དོན་སྙིང་། ཁྱད་ཆོས་སོགས་ཞིབ་འཇུག་རགས་ཙམ་བྱས་པའི་མྱོང་ཚོར་ཆུ་བརྒྱ་ཟམ་འདུས་ཀྱིས་ཞུས་ན། གཅིག་ནས་ལས་རིགས་སློབ་གསོ་ནི་སྣ་མང་ཕུན་སུམ་ཚོགས་པའི་སློབ་གསོ་ཞིག་ཡིན་པ་ལས་རིམ་པ་ཅུང་དམའ་བའི་སློབ་གསོ་གཏན་ནས་མིན་པ་མ་ཟད། ཧ་ཅང་དགོས་གལ་ཆེ་བའི་སློབ་གསོ་ཞིག་ཡིན་ཞིང་། ལས་རིགས་སློབ་གསོ་ནི་རིག་གནས་མ་ བསླབ་པར་ལག་རྩལ་ཁོ་ན་སློབ་པའི་སློབ་གསོ་ཞིག་གཏན་ནས་མིན། གཉིས་ནས་ལས་རིགས་སློབ་གསོ་ནི་ལས་ཞུགས་དང་ལས་ཞུགས་འཕར་མ་ཐག་གཅོད་བྱེད་པའི་ཐབས་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡིན་ཏེ། ལས་རིགས་སློབ་གསོའི་ནང་སྲོལ་རྒྱུན་གྱི་མི་རིགས་ལག་རྩལ་དང་། དེང་རབས་ཀྱི་འཕྲུལ་ཆས་ལག་རྩལ་སོགས་སློབ་སྦྱོང་བྱེད་ཀྱི་ཡོད་པ་དེ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་། འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དགོས་མཁོ་གལ་ཆེན་ཞིག་ཡིན། དེའང་མི་ཚང་མས་རིག་གནས་རྐྱང་པ་སྦྱངས་ན་ཟས་གོས་ཕུན་སུམ་ཚོགས་པའི་བདེ་སྐྱིད་ཀྱི་འཚོ་བ་ཇི་ལྟར་ཡོང་ངམ། རྒྱལ་ཡོངས་དང་ལྷན་དུ་འབྱོར་འབྲིང་སྤྱི་ཚོགས་སུ་ཇི་ལྟར་སླེབས་སམ། དབུལ་སྒྲོལ་འགག་སྒྲོལ་ཇི་ལྟར་བྱེད་དམ་། དེ་དག་ཚང་མ་དོན་དངོས་ཡིན་པ་ཚང་མས་མཁྱེན་གསལ་ལྟར་རོ། གསུམ་ནས་ལས་རིགས་སློབ་གསོ་ནི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐབས་ལམ་ཧ་ཅང་ཡག་པོ་ཞིག་ཡིན་པ་དཔེར་ན། མིག་སྔར་ཀྲུང་དབྱང་དང་སྤུན་ཟླའི་ཞིང་ཆེན་ཁག་གིས་བོད་གསར་འཛུགས་སྐྲུན་བྱ་ཆེད་གྲོན་དངུལ་འབོར་ཆེན་གནང་གི་ཡོད་ཀྱང་རང་ཅག་བོད་ཀྱི་ཞིང་འབྲོག་མང་ཚོགས་ཚོའི་དེང་རབས་ཅན་གྱི་འཛུགས་སྐྲུན་རྣམ་གྲངས་འགན་ལེན་བྱེད་པའི་ལག་རྩལ་དམན་པས་གཙང་པོའི་ཕ་རིར་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བའི་ནོར་བུ་ཡོད་ཀྱང་། གཙང་པོ་དེ་ཕ་མཐར་གཅོད་མི་ནུས་པའམ་གཅོད་ཐུབ་ཀྱི་མེད་པ་ལྟ་བུར་གྱུར་གྱི་ཡོད།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣