སློབ་གྲྭའི་སློབ་གསོ་ནི་སློབ་གསོའི་མ་ལག་གི་གྲུབ་ཆ་གཙོ་བོ་ཞིག་ཡིན་ཞིང་། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་དཔལ་འབྱོར་གོང་དུ་སྤེལ་བར་ངེས་པར་དུ་ཡང་དག་པའི་སློབ་གྲྭའི་སློབ་གསོར་བརྟེན་དགོས་པ་ནི་སྨོས་མེད་ཅིག་རེད། འོན་ཀྱང་སློབ་གསོའི་ལས་དོན་གོང་དུ་སྤེལ་བར་ཡོད་ཚད་སློབ་གྲྭའི་སློབ་གསོ་ཁོ་ནར་བརྟེན་ན་འགྲིག་ཐབས་མེད་པས། ཁྱིམ་ཚང་དང་སྤྱི་ཚོགས་ཀྱིས་གཡས་གཞོགས་གཡོན་འདེགས་བྱེད་དགོས་ཤིང་། ལྷག་པར་དུ་ཁྱིམ་ཚང་གི་སློབ་གསོར་མཐོང་ཆེན་བྱེད་དགོས། སློབ་གསོའི་བརྒྱུད་རིམ་ཡོངས་ལས་ཁྱིམ་ཚང་སློབ་གསོ་ནི་ཆེས་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད་ཅེས་བརྗོད་ཀྱང་མི་འཚམ་པ་མེད། ཁྱིམ་ཚང་སློབ་གསོ་ནི་སློབ་གསོའི་གོམ་པ་དང་པོ་དེ་ཡིན་ཞིང་། སློབ་མ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་རྨང་གཞི་འདིང་ས་ཞིག་ཀྱང་ཡིན། དེར་བརྟེན་དེའི་གནས་བབ་དང་ཕན་འབྲས་ཇི་འདྲ་ཞིག་ཡོད་མིན་ཚང་མས་མཁྱེན་གསལ་རེད།
གཅིག ཁྱིམ་ཚང་སློབ་གསོ་ནི་ཁྱིམ་ཚང་གི་འགན་འཁྲི་གཙོ་བོ་ཞིག་རེད།
ཁྱིམ་ཚང་ནི་སྤྱི་ཚོགས་ཀྱི་རྩ་བའི་གྲུབ་ཆ་ཞིག་ཡིན་ཞིང་། དེར་ཕྱི་རབས་པ་གསོ་སྐྱོང་དང་སློབ་གསོ་གཏོང་བའི་འགན་འཁྲི་ཡོད། ཁྱིམ་བདག་ནི་ཁྱིམ་ཚང་གི་འགན་འཁུར་མཁན་གཙོ་བོ་ཞིག་ཡིན་པས་བུ་ཕྲུག་ལ་སློབ་གསོ་གཏོང་རྒྱུ་དེ་ནི་ཁྱིམ་བདག་གི་དོར་དུ་མེད་པའི་འོས་འགན་ཞིག་ཡིན། ཕ་མ་དང་བུ་ཕྲུག་དབར་དམིགས་བསལ་གྱི་ཁྲག་རྒྱུད་འབྲེལ་བ་ཡོད་པ་དང་ཆུང་དུས་ནས་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད་སྟབས། ཕན་ཚུན་དབར་བརྩེ་སེམས་ཀྱང་ཟབ་མོ་ཞིག་ཆགས་ཡོད། དེས་ན་ཕ་མའི་བྱེད་ལུགས་བྱེད་སྟངས་ཀྱིས་ཕྲུ་གུར་ཤུགས་རྐྱེན་ཆེས་ཆེར་ཐེབས་སྲིད། བྱས་ཙང་ཁྱིམ་བདག་གིས་ངེས་པར་དུ་རང་དཔེ་གཞན་སྟོན་གྱིས་བུ་ཕྲུག་ལ་སློབ་གསོ་གང་ལེགས་བརྒྱབ་ནས་སློབ་གྲྭའི་སློབ་གསོའི་རྨང་གཞི་ལེགས་པོ་ཞིག་འདིང་བར་འབད་བརྩོན་ཧུར་ཐག་བྱེད་དགོས།
གཉིས། ཁྱིམ་ཚང་སློབ་གསོ་ནི་སློབ་གྲྭའི་སློབ་གསོའི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད།
ཁྱིམ་ཚང་སློབ་གསོ་ནི་མིའི་རིགས་འཇིག་རྟེན་ཁམས་འདིར་སླེབས་རྗེས་ཐོབ་པའི་ཆེས་ཐོག་མའི་སློབ་གསོ་དེ་ཡིན་ཞིང་། ཁྱིམ་ཚང་སློབ་གསོ་ཇི་ལྟར་བརྒྱབ་ཡོད་མེད་དེ་ཐད་ཀར་ཕྲུ་གུ་སློབ་གྲྭར་ཞུགས་མ་ཐག་པའི་ཕྲུ་གུའི་སྦྱངས་འབྲས་ལས་མངོན་བཞིན་ཡོད། སློབ་གྲྭར་ཞུགས་མ་ཐག་པའི་སློབ་མའི་ཁྲོད་ནས་བརྒྱ་ཆ་བཅུ་ཙམ་ཞིག་ལྷན་སྐྱེས་ཀྱི་རིག་སྟོབས་ལྡན་པའི་རྐྱེན་གྱིས་སྤྱང་གྲུང་དོད་ལ་ཤེས་རིག་དང་ལེན་བྱེད་སླ་བ་ཡོད་པ་ཕུད། དེ་མིན་ཚང་མའི་སྦྱངས་འབྲས་ལེགས་ཉེས་གཙོ་བོ་ཁྱིམ་ཚང་གི་སློབ་གསོ་དང་འབྲེལ་བ་དམ་ཟབ་ཡོད། ཁྱིམ་ཚང་སློབ་གསོའི་ཆུ་ཚད་ཇི་འདྲ་ཡོད་མིན་དེས་ཕྲུ་གུའི་རིག་སྟོབས་དང་། ཀུན་སྤྱོད། བྱ་སྤྱོད། གོམས་གཤིས། ནུས་རྩལ་སོགས་ཚང་མའི་ཐད་ནས་མངོན་ཐུབ། སྤྱི་ཚོགས་ཀྱི་ལག་ལེན་ཁྲོད་ནས་ར་སྤྲོད་ཐུབ་པར་གཞིགས་ན། ཁྱིམ་ཚང་སློབ་གསོ་ཡག་པོ་ཐོབ་པའི་སློབ་ཕྲུག་རྣམས་སློབ་གྲྭའི་ནང་སྦྱངས་འབྲས་གཟེངས་སུ་ཐོན་ཞིང་། བློ་གྲོས་དང་། གཟུགས་པོ། ཀུན་སྤྱོད། ནུས་རྩལ་སོགས་ཚང་མའི་ཐད་ འཕེལ་རྒྱས་ཧ་ཅང་མགྱོགས་པོ་འགྲོ་གི་ཡོད། གལ་སྲིད་ཁྱིམ་ཚང་སློབ་གསོ་ལེགས་པོ་ཞིག་ཐོབ་མེད་ཚེ། དེས་སློབ་གྲྭའི་སློབ་གསོའི་ཁྱོན་ཡོངས་ཀྱི་སྤུས་ཚད་ལ་ཤུགས་རྐྱེན་ངན་པ་ཐེབས་ནས་ཕྲུ་གུའི་ཕྱོགས་ཚང་མ་འཕེལ་རྒྱས་འགྲོ་འགོར་བ་དང་། སློབ་སྦྱོང་གི་སྦྱངས་འབྲས་ཆ་མི་སྙོམས་པ་སོགས་ཀྱི་གནས་ཚུལ་ཐོན་ཏེ་རྗེས་ལུས་ཅན་གྱི་སློབ་མ་འབོར་ཆེན་ཞིག་ཐོན་གྱི་ཡོད། དེར་བརྟེན། ཁྱིམ་ཚང་སློབ་གསོ་ནི་སློབ་གྲྭའི་སློབ་གསོ་བདེ་བླག་ངང་སྤེལ་བའི་འགན་ལེན་ཞིག་དང་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན།
གསུམ། ཁྱིམ་ཚང་སློབ་གསོ་ནི་རྨང་གཞིའི་སློབ་གསོ་ཞིག་རེད།
སྤྱིར་སློབ་གསོའི་མ་ལག་ནི་སྤྱི་ཚོགས་དང་། སློབ་གྲྭ ཁྱིམ་ཚང་བཅས་ཕྱོགས་གསུམ་ལས་གྲུབ་པ་ཞིག་ཡིན། དེའི་ཁྲོད་ཁྱིམ་ཚང་གི་སློབ་གསོ་ནི་མི་ཞིག་གི་མི་ཚེའི་ནང་གི་རྨང་གཞིའི་སློབ་གསོ་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་སློབ་གསོ་ཡིན་གཤིས། དང་ཐོག་ཁྱིམ་བདག་གིས་བུ་ཕྲུག་ལ་དུས་རྒྱུན་ནས་བཟའ་སྟངས། འགྲོ་ སྟངས། སྡོད་སྟངས་སོགས་ནས་འགོ་བཙུགས་ཏེ་ཕྲུ་གུར་ཆུང་བྱིས་པའི་དུས་ནས་གོམས་གཤིས་བཟང་པོ་འཇགས་པའི་སློབ་གསོ་རྒྱག་དགོས་པ་དང་། ལྷག་པར་ཏུ་མི་གཞན་ལ་བརྩི་བཀུར་བྱེད་པའི་སློབ་གསོ་སྐྱོན་རྒྱུ་ནི་དེ་བས་གལ་འགངས་ཆེའོ། ད་དུང་ནམ་རྒྱུན་འཚོ་བའི་ཁྲོད་རང་ཉིད་ཀྱི་བུ་ཕྲུག་ལ་ཁྲིམས་མཐུན་གྱི་སློབ་གསོ་གང་ལེགས་བརྒྱབ་སྟེ་ཁོ་ཚོའི་བསམ་བློར་ཁྲིམས་ལུགས་ཀྱི་ལྟ་བ་ཡང་དག་པ་འཛུགས་དགོས་ཤིང་། དོན་དུ་འདི་ནི་ཁྱིམ་བདག་མི་རེ་ངོ་རེའི་འགན་འཁྲི་ཡིན་པ་ནི་སྨོས་མི་དགོས་པ་ཞིག་རེད།
བཞི། ཁྱིམ་ཚང་སློབ་གསོ་ནི་སློབ་ཕྲུག་གི་སྟོབས་ཤུགས་ཀྱི་འབྱུང་རྩ་རེད།
ཁྱིམ་ཚང་གི་སློབ་གསོ་ནི་ཕྲུ་གུ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་འགག་གནད་ཅིག་རེད། དེས་ན། ཁྱིམ་བདག་ནས་ཕྲུ་གུར་ཡང་དག་པའི་མི་ཚེའི་ལྟ་བ་འཛུགས་ཐུབ་ཆེད། དུས་རྒྱུན་འཚོ་བའི་ནང་དཀའ་ངལ་ཅི་འདྲ་ཞིག་ཕྲད་ཀྱང་། འཛུམ་གྱིས་བསུ་དགོས་ཚུལ་སློབ་དགོས་ཤིང་། གལ་སྲིད་དེ་ལྟར་མ་བྱུང་ཚེ་ཁོང་ཚོས་དཀའ་ངལ་ཕྲན་ཙམ་འཕྲད་རྗེས་ཡིད་ཐང་ཆད་དེ་དཀའ་ངལ་ལས་སྒྲོལ་ཐབས་མི་བྱེད། དེའི་དབང་གིས་སྦྱང་ཚན་སོགས་དུས་ཐོག་ཏུ་འབྲི་མི་ཐུབ་པར་བརྟེན། རང་དང་འདྲ་མཉམ་གྱི་སློབ་མའི་ཁྲོད་དུ་དཔའ་ཞུམ་པའི་གནས་སུ་གྱར་ངེས། གལ་སྲིད་དེ་ལྟར་ཕམ་ཁ་ཐེངས་འགའ་བྱུང་ཚེ། སེམས་ཁམས་ལ་གནོན་ཤུགས་རབ་དང་རིམ་པ་བྱུང་ནས་མཐར་གཞན་གྱིས་འཕྱ་བའི་ཡུལ་དུ་གྱུར་ནས་ཁོང་ཚོའི་འཚར་ལོངས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད། དེར་བརྟེན་ཁྱིམ་བདག་ནས་དཔའ་ངར་ཞུམ་མེད་དང་སྙིང་རུས་ཆེན་པོས་དཀའ་ངལ་ལས་རྣམ་པར་རྒྱལ་བའི་སློབ་གསོ་གནང་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཞིག་ཡིན་ངེས་རེད།
ལྔ། ཁྱིམ་ཚང་སློབ་གསོ་ནི་སྤྱི་ཚོགས་བདེ་འཇགས་ཀྱི་འགན་ལེན་ཞིག་རེད།
གཞོན་ནུ་ལོ་ཆུང་གི་མི་འབོར་གྱིས་རྒྱལ་ཡོངས་མི་འབོར་གྱི་གཉིས་ཆ་གཅིག་ཙམ་བཟུང་ཞིང་། ཁོང་ཚོ་ནི་དུས་རབས་ཉེར་གཅིག་གི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་གཙོ་ཤུགས་དམག་ལྟ་བུ་རེད། ཁོ་ཚོའི་བསམ་བློའི་བྱང་ཚད་དང་ཤེས་རིག་གི་ཆུ་ཚད་ཇི་ལྟར་ཡོད་མིན་དེས་སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་ཇི་འདྲར་སླེབས་ཐུབ་མིན་གཏན་འཁེལ་བྱེད་ཐུབ། ཉེ་བའི་ལོ་ཤས་ནང་། གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་ཉེས་གསོག་གི་གྱོད་གཞི་རིམ་བཞིན་མང་དུ་འགྲོ་བ་དེ་ནི་ཁྱིམ་ཚང་སློབ་གསོ་ཡག་པོ་བཏང་མེད་པ་དང་འབྲེལ་བ་དམ་ཟབ་ཡོད། ཉེས་གསོག་གཞོན་ནུ་མང་པོ་ཞིག་ལ་ཁྱིམ་ཚང་སློབ་གསོ་ཡག་པོ་ཐོབ་མེད་པ་དང་། ཡིག་རྨོངས་དང་ཕྱེད་ཡིག་རྨོངས་ཡིན་ལ། ད་དུང་ཕ་མ་ཁ་བྲལ་བའམ་ཕ་མ་མེད་པས་ང་ཚོས་ཁྱིམ་ཚང་དེ་དུས་ནམ་ཡང་བདེ་སྐྱིད་དང་འཆམ་མཐུན་ཡོང་བ་བྱས་ནས་ཕྲུ་གུ་འཚར་ལོངས་ཡོང་རྒྱུར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས། བུ་ཕྲུག་ལ་སློབ་གསོ་ལེགས་པོ་བརྒྱབ་ཚེ། སྤྱི་ཚོགས་རིང་ལུགས་ཀྱི་ཕ་ཡུལ་གསར་པ་སྐྲུན་མཁན་ཞིག་ལ་འགྱུར་རྒྱུ་གདོན་མི་ཟའོ།