སློབ་ཁྲིད་རྗེས་ཀྱི་བསམ་གཞིག་ཞེས་པ་ནི། དགེ་རྒན་ཞིག་གི་སློབ་ཁྲིད་དངོས་ནང་རང་ཉིད་གཙོ་བོར་འཛིན་པའི་སློབ་ཁྲིད་བྱེད་སྟངས་ལ་བསམ་གཞིག་དང་སྐྱོན་ཆ་ངོས་འཛིན་བྱེད་པའི་དཔང་རྟགས་ཉག་ཅིག་རེད་ལ། སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་ལེགས་པའི་ཆ་རྣམས་དར་སྤེལ་དང་། སྐྱོན་ཆ་ཁག་ལ་མནོ་བསམ། སྒྱུར་བཅོས་བཅས་བྱས་ཏེ། སློབ་ཁྲིད་དང་སློབ་སྦྱོང་མཉམ་འབྲེལ་ཐོག་ནས་སློབ་ཁྲིད་བྱེད་པའི་ནུས་པ་དང་སྤུད་ཚད་གོང་མཐོར་གཏོང་བ་ཞིག་ལ་ཟེར།
མདོར་བསྡུས་ནས་བཤད་ན། གནའ་བོའི་གཏམ་དཔེར“གཞན་ལ་ལྟ་བའི་མིག་ཡོད་ཀྱང་། རང་ལ་ལྟ་བའི་མེ་ལོང་དགོས”ཞེས་པ་ལྟར་སློབ་ཁྲིད་རྗེས་ཀྱི་བསམ་གཞིག་ཅེས་པ་དེ་རྒྱུན་གཏན་སློབ་ཁྲིད་དངོས་ནང་ལྷག་པའི་སྐྱོན་དང་ནོར་འཁྲུལ་དག་འཚོལ་ཞིབ་བྱེད་པའི་མེ་ལོང་ལྟ་བུ་ཞིག་རེད། དེས་སློབ་ཁྲིད་བྱེད་པའི་བརྒྱུདརིམ་ལ་ཚད་ལྡན་གྱི་སྒུལ་ཤུགས་ཐེབས་ནས། དགེ་རྒན་གྱི་བྱང་ཚད་དང་སློབ་གསོ་སློབ་ཁྲིད་ཀྱི་ནུས་པ་སོགས་གོང་མཐོར་འགྲོ་རྒྱུར་དམིགས་བསལ་གྱི་ནུས་པ་ཐོན་དང་ཐོན་བཞིན་ཡོད། དེར་བརྟེན། ད་ཆ་དགེ་རྒན་མང་ཆེ་བས་རང་ཉིད་ཀྱིས་སློབ་གསོ་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ཁྲོད་སློབ་ཁྲིད་རྗེས་ཀྱི་བསམ་གཞིག་ཅེས་པ་དེ་དོ་གལ་ཆེན་པོ་ཞིག་ལ་བརྩི་གི་ཡོད་པ་མ་ཟད། སློབ་ཁྲིད་ཁྲོད་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ལའང་བརྩི་གི་ཡོད།
རང་ཉིད་སློབ་ཁྲིད་ཀྱི་ལས་གནས་འདིར་ལས་ཀ་བྱས་ནས་ད་བར་བགྲང་བྱ་བཅུ་ལྷག་སོང་། དེའི་རིང་སློབ་ཁྲིད་རྗེས་ཀྱི་གནད་དོན་ཁ་ཤས་ལ་བསམ་གཞིག་བྱས་ཡོད་ལ་བྱེད་རིན་ཡོད་པ་ཞིག་ཀྱང་འདུག དེའང་།
1.དགེ་རྒན་གྱི་ལུས་སེམས་གཉིས་ཀར་དཀའ་ངལ་ཇི་ལྟར་འཕྲད་རུང་ངང་རྒྱུད་རིང་པོ་བྱེད་དགོས་པ་ནི་གལ་འགངས་ཤིན་ཏུ་ཆེ། ལྷག་པར་དུ་སློབ་ཚན་འཚོག་སྐབས་སློབ་ཕྲུག་རེ་གཉིས་ཀྱི་སྤྱོད་ཚུལ་ངན་པར་དགེ་རྒན་གྱིས་བསམ་གཞིག་མ་བྱས་པར་འཕྲལ་དུ་ལག་པ་བཀྱག་པའམ་ཡང་ན་ཚིག་རྩུབ་སྨྲ་བ་སོགས་བྱས་ན་ཕྲུ་གུའི་སེམས་ཁམས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ནས་ཁོ་ཚོའི་སློབ་སྦྱོང་གི་སྤྲོ་སྣང་མེད་པར་འགྱུར་ཉེན་ཆེ།
2.དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་སྔ་ཕྱི་བར་གསུམ་དུ་གང་ཐུབ་ཅི་ཐུབ་ཀྱིས་སློབ་ཕྲུག་གི་བསམ་བློའི་འཁྱེར་སོ་དང་། སློབ་ཕྲུག་སོ་སོའི་དགའ་ཕྱོགས། དེ་མིན་སློབ་ཕྲུག་སྒེར་གྱི་འཚོ་བའི་གནས་ཚུལ་ལ་ཉམས་ཞིབ་དང་དབྱེ་ཞིབ་ངེས་ཅན་བྱས་ནས་བསམ་སྤྱོད་མི་མཐུན་པ་དང་ལྟ་བ་མི་གཅིག་པའི་སློབ་ཕྲུག་ལ་སོ་སོའི་ཁྱད་ཆོས་ལྟར་སློབ་ཁྲིད་དང་སློབ་གསོ་རྒྱག་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ།
3.དགེ་རྒན་གྱིས་སློབ་ཚན་འཁྲིད་སྐབས་སློབ་ཕྲུག་ཚང་མར་དོ་སྣང་མང་ཙམ་བྱས་ནས་དགེ་སློབ་འདྲ་མཉམ་གྱི་བསམ་བློ་བརྗེ་རེས་བྱེད་པའི་སློབ་ཁྲིད་ཀྱི་རྣམ་པ་ཞིག་ཆགས་པ་བྱེད་དགོས་ལ་ཁོ་ཚོར་རང་དབང་ཆེས་ཆེར་ལྡན་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། ཁོར་ཡུག་དེའི་ནང་སློབ་ཕྲུག་གི་བསམ་བློའི་འཁྱེར་སོ་སྣ་ཚོགས་ཡོད་པས་དགེ་རྒན་གྱིས་དྲི་བ་འདོན་སྐབས་དྲིས་ལན་ཡང་སྣ་ཚོགས་ཡོང་སྲིད་པར་ལམ་སེང་འགྲིག་མིན་ཐག་མ་བཅད་པར་ངང་རྒྱུད་རིང་པོས་སྔོན་ལ་ཕྲུ་གུའི་བསམ་བློ་གཏོང་སྟངས་ལ་དབྱེ་ཞིབ་བྱེད་དགོས།
4.དགེ་རྒན་ནས་ངེས་པར་དུ་སྲོལ་རྒྱུན་གྱི་སློབ་གསོ་སློབ་ཁྲིད་ཀྱི་བསམ་བློ་ལས་གྲོལ་ཐུབ་པ་བྱས་ཏེ་སློབ་ཕྲུག་བྱེད་པོར་བཟུང་ནས་སློབ་ཁྲིད་དགེ་རྒན་གཞན་དང་ཚན་པ་གཞན། དེ་བཞིན་སྤུན་ཟླའི་སློབ་གྲྭ་ཁག་སོ་སོའི་དགེ་རྒན་གྱི་སློབ་ཁྲིད་བྱ་ཐབས་དང་དོ་དམ་བྱ་ཐབས་ལ་སློབ་སྦྱོང་དང་གྲོས་བསྡུར་གང་ལེགས་བྱས་ནས།“འདྲི་གཞི་གཅིག་ལ་བསམ་ཚུལ་སྣ་ཚོགས་དང་། བསམ་ཚུལ་གཅིག་ལ་འགྱུར་བ་སྣ་ཚོགས། འགྱུར་བ་གཅིག་ལ་དཔེ་གཞི་སྣ་ཚོགས། དཔེ་གཞི་གཅིག་ལ་དྲི་བ་སྣ་ཚོགས”བཅས་ཀྱི་སློབ་ཁྲིད་ཁོར་ཡུག་ལེགས་པོ་ཞིག་ཡོང་ཐབས་བྱེད་དགོས། སློབ་མའི་སེམས་ཁམས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་སྐད་ཡིག་སློབ་སྦྱོང་གི་ཆོས་ཉིད་ལ་བརྩི་སྲུང་བྱས་ཏེ་འོས་འཚམ་གྱི་སློབ་ཁྲིད་ཐབས་ལམ་གདམ་ག་བྱས་ནས་སློབ་ཚན་གྱི་གཙོ་གནད་དང་དཀའ་གནད་ལ་དམིགས་ཏེ་སློབ་ཚན་གྱི་གོ་རིམ་ཁག་བཀོད་སྒྲིག་ལེགས་པོ་བྱེད་དགོས་ལ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་སློབ་མའི་རིག་པ་དྭངས་གསལ་ཡོང་བ་དང་གཙོ་གནད་འབུར་དུ་ཐོན་པ་བྱེད་དགོས།
5.སློབ་ཁྲིད་ཁྲོད་སློབ་ཁྲིད་ཀྱི་ཐབས་ཤེས་དང་རྣམ་འགྱུར་ནི་གལ་འགངས་ཧ་ཅང་ཆེ་བ་ཞིག་ཡིན་ཞིང་། གལ་ཏེ་ནང་དོན་གསོན་ཉམས་མི་ལྡན་པ་དང་སློབ་ཁྲིད་ཀྱི་རྣམ་པ་རྐྱང་པར་གྱུར་ན་སློབ་ཚན་ཉན་དུས་ཉོབ་ནས་ཤེས་ཚད་ཧ་ཅང་ཞན། བྱས་ཙང“རྔ་ལ་དཔག་པའི་ཆམ”ཞེས་པའི་དཔེ་ལྟར། དགེ་རྒན་གྱིས་འཁྲུག་ཆ་དོད་ཅིང་སྤྲོ་སྣང་ལྡན་པའི་སློབ་ཁྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐུབ་ན་སློབ་མས་ཀྱང་དགེ་རྒན་རང་ཉིད་ཀྱི་འགྲོས་དང་བསྟུན་ནས་གཞོགས་འདེགས་བྱེད་སྲིད། ད་དུང་སློབ་ཁྲིད་བྱེད་རིང་ངང་རྒྱུད་མེད་པར་སྐྱོན་བརྗོད་ཁོ་ན་བྱེད་པ་དང་སློབ་ཚན་དུས་ཐོག་ཏུ་མི་གྲོལ་བ་སོགས་ཀྱི་གོམས་གཤིས་ངན་པས་སློབ་ཕྲུག་ལ་སུན་སྣང་ཚད་མེད་སྐྱེ་སྲིད། དེ་ལྟར་ཡུན་རིང་སོང་ན་སློབ་ཕྲུག་གིས་དགེ་རྒན་དེར་སུན་སྣང་དང་ཞེན་པ་གཏིང་ནས་ལོག་སྟེ་སློབ་ཚན་ཉན་འདོད་ཀྱི་དགའ་སྣང་མེད་པར་འགྱུར་ངེས་རེད། སློབ་མར་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་དང་དགའ་སེམས་མེད་པར་སློབ་ཁྲིད་ཀྱི་སྤུད་ཚད་ལེགས་པོ་ཞིག་ཡོང་རེ་བྱེད་པ་ནི་ཉིན་མོའི་རྨི་ལམ་གྱི་དཔེར་འགྱུར་སྲིད། དེར་བརྟེན་ང་ཚོས་དུས་རྒྱུན་ནས་སློབ་མ་དང་འབྲེལ་བ་དམ་ཟབ་བྱས་ཏེ་སློབ་མའི་གཞི་རྩའི་གནས་ཚུལ་རྒྱུས་མངའ་ལོན་པ་དང་སློབ་མས་ལྷད་མེད་དགའ་སྣང་བྱེད་འདོད་པའི་སློབ་ཁྲིད་ཀྱི་ཐབས་ཤེས་དང་བརྒྱུད་རིམ་བཟང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ནི་གལ་ཆེ། སྐད་སྒྲགས་ཡོད་པའི་སེམས་ཁམས་རིག་པ་མཁས་ཅན་ཕི་ཡཱ་ཅེ་ཡིས“ལས་དོན་ཞིག་ལ་གྲུབ་འབྲས་ངེས་གཏན་ཐོབ་འདོད་ན། ཐོག་མར་ལས་དོན་དེར་དགའ་ཞེན་སྐྱེ་དགོས་པ་ནི་དོར་ཐབས་མེད་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན”ཞེས་གསུངས་པ་བཞིན་ནོ།
6.སློབ་མས་སློབ་ཚན་ཉན་ཐབས་སྐོར། སློབ་མའི་སློབ་སྦྱོང་གི་སྦྱངས་འབྲས་ལེགས་ཉེས་ནི་སློབ་ཚན་གྱི་ཚོགས་ཐུན་ནང་སློབ་མས་ལུས་ངག་ཡིད་གསུམ་བཀོལ་ནས་སློབ་ཁྲིད་ཉན་མིན་ལ་ཐུག་ཡོད། དེ་ཡང་སློབ་ཚན་གྱི་ཚོགས་ཐུན་གཅིག་ནང་སྤུས་ཚད་ལྡན་པའི་སློབ་ཁྲིད་ཞིག་ཉན་དགོས་ན། དང་ཐོག་སློབ་མ་རང་ཉིད་ཀྱི་སེམས་དེ་སྣོད་ཀྱི་སྐྱོན་གསུམ་པོའི་དྲི་མ་དང་བྲལ་བ་ཞིག་དགོས། གཞུང་ལས། རབ་ཏུ་དམའ་བའི་བསྟན་ལ་འདུག དུལ་བའི་དཔལ་ནི་རྣམ་པར་སྐྱེད། ཚིག་གི་བདུད་རྩི་འཐུང་བཞིན་དུ། རིམ་འགྲོ་སྐྱེད་དེ་རབ་ཉོན་ཅིག་ཅེས་གསུངས་པ་ལྟར་སློབ་ཚན་ཉན་སྐབས་དང་ཐོག་སེམས་ཞེ་སྡང་དང་། ང་རྒྱལ་། ཕྲ་དོག་སོགས་ཀྱི་སྐྱོན་དང་དྲི་མས་མ་འགོས་པར་སེམས་རྣལ་དུ་ཕབ་སྟེ་ཉན་དགོས་པའི་རྨང་གཞིའི་ཐོག་སློབ་ཚན་ཉན་སྐབས་དོན་མེད་ཀྱི་གཏམ་ཤབ་ཤུབ་སྨྲ་བའི་ངག་མ་གུས་པ་དང་། ཕར་ལྟ་ཚུར་ལྟ་དང་རྐང་བརྐྱངས་ལག་བརྐྱངས་བྱེད་པའི་ལུས་མ་གུས་པ། དགེ་རྒན་ལ་མ་གུས་པ་དང་ཤེས་བྱ་ལ་མི་དགའ་བའི་ཡིད་མ་གུས་པའི་སྐྱོན་རྣམས་སྤངས་ནས་སྒོ་གསུམ་གུས་པ་ཆེན་པོས་སློབ་ཁྲིད་ཉན་གྱིན་དུ་བསམ་གཞིག་བྱེད་དགོས་པ་གལ་ཆེའོ།
(ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་སློབ་འབྲིང་གི་སྐལ་བཟང་མཚོ་མོ)