དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཁྱིམ་ཚང་སློབ་གསོ་དང་ཕྲུ་གུ་ཡར་རྒྱས་ཀྱི་འབྲེལ་བའི་སྐོར་ཅུང་ཟད་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗多拉   |     སྤེལ་དུས།  2016-10-24

    གཅིག ཁྱིམ་ཚང་གི་འགན་འཁྲིའི་འདུ་ཤེས་ཟབ་མོ་འཆང་དགོས།

    སྤྱིར་དཔལ་འབྱོར་གོ་ལ་ཅན་དང་། ཆབ་སྲིད་དམངས་གཙོ་ཅན། དུས་རབས་ཆ་འཕྲིན་ཅན་དུ་འགྱུར་བཞིན་བའི་བསྐལ་པ་བཟང་བའི་དུས་ཚོད་འདིར་ཁྱིམ་བདག་ཚོས་བུ་ཕྲུག་ལ་འཆང་བའི་བརྩེ་དུང་དང་། འགན་འཁྲི། སློབ་གསོའི་བྱ་ཐབས་སོགས་གང་ས་སྤྱི་ཐད་ནས་དེ་སྔོན་དང་མི་འདྲ་བར་ཡོད་ཚད་གང་ལེགས་དང་སེམས་ནུས་ཡོད་རྒུ་འདོན་རྩིས་ཡོད་ནའང་། ཁྱིམ་བདག་མང་དག་ཅིག་གིས་རང་གི་ཕྲུ་གུའི་ཁྱད་ཆོས་དང་། གཤིས་ཀ དད་མོས་སོགས་གང་ལའང་རྒྱུས་ལོན་དང་དབྱེ་ཞིབ་མི་བྱེད་པར་ལྐུགས་པ་ཨུ་ཚུགས་ཀྱིས་བཙན་ཤེད་སློབ་གསོ་ཁོ་ན་གཉེར་བས་མཐར་ཕྲུ་གུའི་རིག་པའི་ཀློང་བརྡོལ་རྒྱུ་ལྟ་ཅི། ཐ་ན་ཉག་ཕྲ་བའི་བྱིས་པའི་ལྷད་མེད་ཀྱི་སེམས་ཁམས་ཡོད་ཚད་གློ་བུར་སད་ཀྱིས་བཅོམ་པའི་མྱུ་གུ་ཇི་བཞིན་འབུར་འཇོམས་བྱེད་ཡང་སྲིད།

    དེ་ལྟར་ན་ཕ་མ་མང་དག་ཅིག་གིས་རྒྱུན་དུ་ཕྲུ་གུར་སློབ་སྦྱོང་དང་ལས་ཀའི་ཐད་བརྩོན་འགྲུས་ཁོ་ན་བྱེད་དགོས་པའི་ཚ་འདེད་གཏོང་གི་ཡོད། འོན་ཀྱང་ཕྲུ་གུ་ཉུང་ཤས་ཤིག་གིས་ཕ་མའི་འདོད་དོན་འགྲུབ་ཐུབ་པ་ལས་མང་ཆེ་བས་ཕ་མའི་རེ་བ་མཐོ་བའི་དམིགས་ཚད་དེར་མི་སླེབས་པའམ་ཐ་ན་རེ་བ་ཆུད་ཟོས་སུ་འགྲོ་གི་ཡོད། དེ་ལྟར་ཡོང་དོན་ནི་ཕ་མའི་སློབ་གསོ་དང་བྱ་ཐབས་ཐད་ཞན་ཆ་ངེས་ཅན་ལྡན་ཡོད་པས་རེད། ཚ་འདེད་གཏོང་ཚད་ལ་འབྲས་བཟང་ཐོབ་པའི་ངེས་པ་མེད་ལ། དེ་ལས་ལྡོག་སྟེ་ནོར་འཁྲུལ་གྱི་ཚ་འདེད་གཏོང་ཐབས་ལ་དམིགས་ཡུལ་ལས་ལྡོག་པའི་འབྲས་བུ་ཐོན་སྲིད་ལ། དེ་ལྟ་བུའི་ཧ་ཅང་མང་ཞིང་མཐོ་བའི་རེ་བས་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུ་ལྟ་ཞོག དེ་ནི་ཕྲུ་གུའི་བསམ་བློའི་བཀག་རྒྱ་ཞིག་ཏུ་འགྱུར་གྱིན་ཡོད་པས། ཕྲུ་གུར་བཀག་རྒྱ་དེ་ལས་ཐར་འདོད་དང་ཁུར་པོ་དེ་ཕབ་འདོད་ཀྱི་བློ་ཞིག་རང་བཞིན་དུ་སྐྱེས་ནས། དེ་ལས་གཡོལ་གང་ཐུབ་བྱེད་པ་མ་ཟད། སློབ་སྦྱོང་བྱ་རྒྱུ་དེ་ཕ་མས་རང་ཉིད་ལ་གཉའ་གནོན་གཏོང་བྱེད་ཀྱི་ལག་ཆ་ཞིག་ཏུ་ངོས་འཛིན་བྱེད་ལ། དེ་ལྟར་མི་འདོད་པའི་བློ་ཡུན་རིང་སྐྱེས་ཚེ་སློབ་སྦྱོང་ལ་ཞེན་པ་ལོག་གི་ཡོད་པས། འདི་གར་གུས་མོས་ཁྱིམ་ཚང་སློབ་གསོ་དང་ཕྲུ་གུ་ཡར་རྒྱས་ཀྱི་འབྲེལ་བའི་སྐོར་ཅུང་ཟད་གླེང་བར་བྱ་སྟེ།

    ཁྱིམ་ཚང་སློབ་གསོས་བུ་ཕྲུག་མདུན་ལམ་ལྡན་པ་ཞིག་ཏུ་གསོ་སྐྱོང་བྱེད་པར་གལ་ཆེའི་གནས་བབ་བཟུང་ཡོད། ད་ལྟ་ཁྱིམ་དག་མང་དག་ཅིག་གིས་ཕྲུ་གུར་སློབ་གསོ་གཏོང་རྒྱུ་ནི་སློབ་གྲྭའི་འགན་འཁྲི་འབའ་ཞིག་ཡིན་པར་བསམས་ནས་ཁྱིམ་ཚང་སློབ་གསོའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གསལ་པོ་མེད་པ་དང་ཕྲུ་གུའི་རྣམ་ཀུན་གྱི་བྱ་སྤྱོད་ལ་དོ་སྣང་མི་བྱེད་པར་རྒྱུན་དུ་རང་གི་ཕྲུ་གུ་ལྷ་ལྟར་བསྒོམས་ནས་གཅེས་ལང་དུ་བཏང་བའི་རྐྱེན་གྱིས་གནས་ཚུལ་མང་པོ་ཞིག་ཐོན་དང་ཐོན་མུས་སུ་མཆིས་པ་སྟེ། སློབ་མ་མི་ཉུང་བ་ཞིག་གིས་དགེ་རྒན་གྱི་བཀའ་སྐྱོན་ཕྲན་བུའང་བཟོད་མི་ཐུབ་པར་སློབ་བྱོལ་བྱེད་རྐྱང་བྱེད་པ་དང་། སློབ་མ་ཕན་ཚུན་གྱི་འགལ་ཟླ་ཅུང་ཟད་ལའང་ང་རྒྱལ་དང་ཞེ་སྡང་ཆེས་ཆེར་བྱས་ཏེ་འཁྲུག་ཟིང་སློང་བ། དེ་བཞིན་སྤྱི་པའི་རྒྱུ་ནོར་དང་མི་གཞན་གྱི་དངོས་རྫས་ལ་གཏོར་བཤིག་དང་སེམས་གནག་བྱེད་པའི་རྩུབ་སྤྱོད་དག་ཐད་ཀར་ཁྱིམ་ཚང་གི་སློབ་གསོ་དང་འབྲེལ་བ་མེད་ཅེས་བརྗོད་ཐབས་བྲལ་བ་ཞིག་རེད། དེར་བརྟེན་ཁྱིམ་ཚང་གི་སློབ་གསོ་ནི་སློབ་གསོ་གསུམ་ལས་རྨང་གཞི་ཡིན་ལ། ཕྲུ་གུ་ལམ་དུ་འཇུག་པའི་ཕྱོགས་སྟོན་འཁོར་ལོ་ཡང་ཡིན་པས། ངེས་པར་དུ་འགོ་འཛུགས་ས་དང་རྨང་གཞི་གདིང་ས་དེ་མ་ནོར་མ་འཕྱུགས་པ་ཞིག་དགོས་རྒྱུ་ནི་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་འཇུག་དགོས།

    གཉིས། ཕྲུ་གུར་ཕུགས་བསམ་གླེང་ནས་ངར་ཤུགས་འཕེལ་བ་བྱེད་དགོས།

    ཕུགས་བསམ་ནི་མི་ཚེའི་དམིགས་པ་མངོན་དུ་འགྱུར་བའི་སྐུལ་སློང་ཡིན་ལ། ཡང་དག་པའི་ཕུགས་བསམ་ནི་མི་ཚེའི་ཕྱོགས་སྟོན་དང་ཡར་རྒྱས་ཀྱི་སྟོབས་ཤུགས་ཤིག་ཏུ་འགྱུར་གྱི་ཡོད། ཕ་མས་ཕྲུ་གུ་རང་ཉིད་ཀྱི་ཁྱད་ཆོས་དང་མཐུན་ཞིང་འདོད་པར་ཡོད་པའི་ཕུགས་བསམ་ལ་ཁས་ལེན་གང་ལེགས་དང་ཡང་ན་ཕྲུ་གུར་ཕ་མས་མཛུབ་སྟོན་བྱས་ཏེ་ཕུགས་བསམ་འཛུགས་རོགས་བྱེད་དགོས། ཕྲུ་གུའི་ཕུགས་བསམ་དེ་ཡང་ཕྲུ་གུ་སོ་སོའི་ཁྱད་ཆོས་དང་དམིགས་བསལ་གྱི་ནུས་རྩལ་ལ་བརྟེན་ནས་འཛུགས་དགོས་ལ་ཕྲུ་གུ་རང་ཉིད་ཀྱི་འདུན་པ་དང་ཡང་མཐུན་དགོས། ཕྲུ་གུར་མངའ་བའི་ཕུགས་བསམ་ལ་ཕ་མས་མཆོག་དམན་གྱི་དབྱེ་བ་འབྱེད་རྒྱུ་མེད་ལ། མངོན་འགྱུར་ཐུབ་པའི་ཡིད་ཆེས་ཀྱང་ལྡན་དགོས། མ་ཟད་དུས་རྒྱུན་ནས་ཕྲུ་གུར་གཟི་བརྗིད་ལྡན་པའི་ཕུགས་བསམ་དེའི་སྐོར་གང་མང་གླེང་ནས་དགའ་ཞེན་གྱི་བསམ་པ་ཤུགས་ཆེན་སྐྱེ་རུ་འཇུག་དགོས།དེ་ལྟར་བྱུང་ཚེ་དེའི་སྐོར་དང་ཡང་ན་དེ་དང་འབྲེལ་བ་ཡོད་པའི་གནད་དོན་གླེང་བར་ཕྲུ་གུས་སུན་སྣང་རྩ་བ་ནས་བྱེད་མི་སྲིད།

    གསུམ། ཕྲུ་གུར་དམིགས་ཚད་བཟོས་ནས་ངར་ཤུགས་འཕེལ་བ་བྱེད་དགོས།

    དམིགས་ཚད་མེད་ལ་ལག་ལེན་དངོས་ཀྱི་འབད་བརྩོན་མེད་པའི་ཕུགས་བསམ་ནི་དོན་དངོས་དང་མི་མཐུན་པའི་སྟོང་བསམ་ཞིག་རེད། དེར་བརྟེན་ཕ་མས་ཕྲུ་གུར་རིང་ན་ལོ་རེ་དང་ཐུང་ན་ཟླ་རེའི་ནང་དམིགས་ཚད་ངེས་གཏན་བཟོས་ནས་ཕྲུ་གུའི་ཕུགས་བསམ་གྱི་ཕྱིར་འབད་པ་བྱེད་འདོད་པའི་བསམ་པ་རྒྱུན་འཁྱོངས་ཡོང་བར་རོགས་རམ་བྱེད་དགོས་པ་མ་ཟད། ཕྲུ་གུས་དམིགས་ཚད་ནང་ཡོད་པའི་ལས་འགན་རེ་རེ་འགྲུབ་དུས་ཕ་མས་ཕྲུ་གུར་བསྟོད་བསྔགས་དང་ཁོང་ཚོའི་འཇོན་ནུས་ལ་ཁས་ལེན་གང་ལེགས་བྱེད་དགོས། མ་ཚད་ཕྲུ་གུ་སོ་སོའི་གཤིས་ཀ་དང་མཐུན་ཞིང་དཀའ་སྤྱད་འབད་འཐབ་བྱེད་པའི་ནུས་པ་དང་འཚམ་པའི་དམིགས་ཚད་འདོན་དགོས་པ་ལས་འགྲུབ་ཐབས་བྲལ་བའི་དམིགས་ཚད་ཧ་ཅང་མཐོ་པོ་འདོན་མི་རུང་། ངེས་གཏན་གྱི་དམིགས་ཚད་མེད་ཚེ་དེའི་ཆེད་འབད་བརྩོན་བྱེད་པའི་སེམས་ཤུགས་སྐྱེས་མི་ཐུབ་ལ། ཕྲུ་གུར་ཡར་རྒྱས་གཏོང་བའི་བསམ་བློ་དེ་བས་ཀྱང་ཡོད་མི་སྲིད་ལ། ཕྲུ་གུར་དམིགས་ཚད་འོས་ཤིང་འཚམ་པ་ཞིག་བྱུང་ན་དེ་ནི་ཡར་རྒྱས་ཀྱི་སྐུལ་ལྕག་ཡག་ཤོས་ཤིག་ཀྱང་ཡིན་སྲིད།

    བཞི། ཕ་མའི་ཤུགས་རྐྱེན་ལ་བརྟེན་ནས་ངར་ཤུགས་འཕེལ་བ་བྱེད་དགོས།

    ཕ་མ་ནི་ཕྲུ་གུ་དང་འགྲོགས་ཡུན་རིང་ཤོས་ཀྱི་མི་ཡིན་པས་ན། ཕ་མའི་རང་གཤིས་དང་། འཇིག་རྟེན་གྱི་ལྟ་བ། དེ་བཞིན་རྒྱུན་གཏན་གྱི་བྱེད་སྟངས་བྱེད་ལུགས་རེ་རེས་ཕྲུ་གུའི་སེམས་ལ་བག་ཆགས་དང་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་མ་ཟད། ཕྲུ་གུས་དེ་མིག་དཔེར་བཟུང་ནས་ལད་ཟློས་དང་སློབ་སྦྱོང་བྱེད་ཀྱི་ཡོད། ཀྲུང་གོ་མི་དམངས་སློབ་གྲྭ་ཆེ་མོའི་དགེ་རྒན་ཆེན་མོ་བ་ཧྲ་ལན་ཞང་གིས“ཕ་མའི་སློབ་གསོ་གཏོང་སྟངས་ཀྱིས་ཐད་ཀར་ཕྲུ་གུའི་རང་གཤིས་ཐག་གཅོད་ཐུབ་ཀྱི་ཡོད། ཕ་མས་བུ་ཕྲུག་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ནང་ཕྱོགས་གཅིག་ནས་ཕ་མ་རང་ཉིད་ཀྱི་རང་གཤིས་མངོན་པར་བྱེད་ཀྱི་ཡོད་ལ། ཕྱོགས་གཞན་ཞིག་ནས་སྣང་མེད་ངང་བུ་ཕྲུག་གི་རང་གཤིས་སྐྱེད་སྲིང་བྱེད་ཀྱི་ཡོད”ཅེས་གསུངས་ཡོད་པས། ཕ་མས་རང་ཉིད་ཀྱི་རྒྱུན་གཏན་གྱི་བྱ་སྤྱོད་ལ་དོ་སྣང་ཆེན་པོ་བྱས་ནས་རང་ཉིད་ཕྲུ་གུའི་མིག་དཔེ་བཟང་པོ་ཞིག་ཏུ་འགྱུར་བ་བྱེད་དགོས། ཕ་མ་མང་དག་ཅིག་གིས་ཕྲུ་གུ་ནི་བསམ་གཞིག་གི་ནུས་པ་ཞན་པ་དང་ཕ་མའི་བྱེད་སྟངས་བྱེད་ལུགས་ལ་སྣང་འཇོག་མི་བྱེད་མཁན་ཞིག་ལ་ངོས་བཟུང་ནས། ཕྲུ་གུའི་བྱེད་སྟངས་བྱེད་ལུགས་ལ་ལྟ་སྐུལ་དང་མཛུབ་སྟོན་བྱེད་པ་ལས། ཕ་མ་རང་ཉིད་ཀྱི་བྱེད་ལུགས་བྱེད་སྟངས་ལ་དོ་སྣང་དང་དེས་ཕྲུ་གུར་བཞག་པའི་བག་ཆགས་ལ་སྣང་འཇོག་བྱེད་ཀྱི་མེད། དེར་བརྟེན་ཕ་མས་དུས་རྒྱུན་ནས་རང་ཉིད་ཀྱིས་ལས་ཀ་གང་ཞིག་བྱས་ཀྱང་ཧུར་བརྩོན་མཐའ་འཁྱོངས་དང་། ཁ་བཤད་ལག་ལེན་དུ་འཁྱོལ་བ། དེ་བཞིན་ཡར་རྒྱས་ཀྱི་བསམ་པ་ལྡན་པ་དང་རང་ཉིད་ཀྱི་བྱ་གཞག་ལ་གྲུབ་འབྲས་གང་རུང་གཏོད་ཐུབ་པ་བྱེད་དགོས། དེ་ལྟར་བྱས་ན་ཕྲུ་གུས་རང་ཉིད་ཀྱི་ཕ་མ་སོ་སོའི་སྤོབས་པར་འཛིན་ལ། མིག་དཔེ་བཟང་པོ་ཞིག་ཏུ་བཟུང་ཞིང་། ཕ་མར་སློབ་སྦྱོང་དང་ཕ་མའི་རྗེས་འཛིན་གྱི་བསམ་པ་ངང་ངམ་དུ་སྐྱེ་སྲིད། དེར་བརྟེན་ཕ་མས་དྲང་ཕྱོགས་ཀྱི་རྣམ་པ་དང་ཡང་དག་པའི་བྱ་སྤྱོད་ལ་བརྟེན་ནས་མིག་དཔེ་བཟང་པོ་བསྟན་ཏེ་ཕྲུ་གུའི་ཡིད་ཆེས་ཐོབ་པ་དང་ཕྲུ་གུར་སེམས་ཤུགས་སྐྱེས་ཐུབ་པ་བྱེད་དགོས།

    ལྔ། ཕྲུ་གུར་སེམས་ཁུར་བྱས་ནས་ངར་ཤུགས་འཕེལ་བ་བྱེད་དགོས།

    མི་སུ་འདྲཞིག་ཡིན་རུང་རང་ཉིད་ཀྱི་བྱེ་སྟངས་བྱེད་ལུགས་གཞན་གྱི་སྣང་འཇོག་དང་རང་ཉིད་ཀྱི་གྲུབ་འབྲས་ལ་གཞན་གྱི་གདེང་འཇོག་ཐོབ་ན། སེམས་ལ་དགའ་བ་སྐྱེ་ཞིང་མུ་མཐུད་འབད་འཐབ་བྱེད་པའི་ཆོད་སེམས་ངམ་གྱིས་སྐྱེ་ཡི་ཡོད། ཕྲུ་གུར་སྣང་འཇོག་དང་གདེང་འཇོག་བྱ་རྒྱུ་ནི་སློབ་གསོའི་བྱ་ཐབས་གཙོ་བོ་ཞིག་ཡིན་པས། སློབ་གྲྭའི་ནང་ཁྱབ་གདལ་རྒྱ་ཆེར་གཏོང་གི་ཡོད། དེ་མཚུངས་ཁྱིམ་ཚང་དུ་ཕ་མས་ཕྲུ་གུའི་སློབ་སྦྱོང་དང་། འཚོ་བ། སེམས་ཁམས་སོགས་ལ་དོ་ཁུར་དང་སྣང་འཇོག་རྒྱུན་ཆད་མེད་པར་བྱེད་དགོས། འོན་ཀྱང་དོ་ཁུར་བྱེད་སྐབས་དུས་ཚོད་དང་ཁོར་ཡུག་གི་དབྱེ་བ་མེད་པར་བློ་འདྲི་དང་ཚ་འདེད་ཁོ་ན་བཏང་ཚེ་ཕན་འབྲས་ཐོན་རྒྱུ་ལྟ་ཞོག་དེ་ལས་ལྡོག་སྟེ་སུན་སྣང་སྐྱེ་སྲིད། ཕྲུ་གུ་ལོ་ན་ཕྲ་ཡང་རང་ཉིད་ལ་དབང་བའི་ཐུན་མོང་མ་ཡིན་པའི་འཇིག་རྟེན་ལྟ་བ་ཞིག་ཡོད་པས་ལྟ་བ་དེ་ཕ་མས་ཁས་ལེན་དང་བཅོས་སྒྲིག་བྱེད་རོགས་བྱེད་དགོས། དུས་རྒྱུན་དུ་ཕྲུ་གུ་དང་གཏམ་གླེང་མང་ཙམ་བྱས་ནས་ཕྲུ་གུའི་བསམ་འདུན་དང་། འཇིག་རྟེན་ལྟ་བ། མི་ཚེའི་ལྟ་བ། དགའ་སྐྱོ་ཆགས་སྡང་གི་འདུ་ཤེས་སོགས་ཉན་འཇོག་བྱེད་དགོས་པ་མ་ཟད། ཕ་མ་རང་ཉིད་ཀྱི་བསམ་ཚུལ་དང་ལྟ་བ་ཡང་ཕྲུ་གུར་གླེང་ནས་ཕྲུ་གུས་ཕ་མའི་བསམ་འདུན་དང་དགོངས་ཚུལ་རྟོགས་པ་བྱེད་དགོས། བསམ་འདུན་ཕན་ཚུན་བརྗེ་རེས་བྱས་ཚེ་ཁོ་ཚོས་ཕ་མའི་དགོངས་ཚུལ་དང་ཕ་མའི་དཀའ་ངལ་རྟོགས་ནས་ཧུར་བརྩོན་བྱ་རྒྱུའི་སེམས་ཤུགས་སྐྱེ་ཐུབ།

    དྲུག དཔེ་བསྟན་ནས་ངར་ཤུགས་འཕེལ་བ་བྱེད་དགོས།

    དཔའ་བོ་དང་མཁས་པར་དགའ་ཞེན་དང་དེ་ལྟ་བུའི་མི་སྣར་འགྱུར་འདོད་ཀྱི་འདུན་པ་ནི་སྤྱིར་ཕྲུ་གུ་ཚང་མར་ཡོད་པས། མི་སྣ་དེ་ཚོས་སྤྱི་ཚོགས་ལ་བཞག་པའི་བག་ཆགས་བཟང་པོ་བློ་ལ་བཟུང་ནས་ཁོང་ཚོའི་དཀའ་ངལ་ལ་མི་སྐྲག་པའི་རང་གཤིས་ལ་སློབ་སྦྱོང་བྱེད་པའི་འདུན་པ་དེ་ཕྲུ་གུའི་ཡར་རྒྱས་ཀྱི་སྐུལ་སློང་དང་ཡར་བརྩོན་གྱི་སེམས་ཤུགས་ཤིག་ཏུ་འགྱུར་གྱི་ཡོད། དེར་བརྟེན་ཕ་མས་ཕྲུ་གུས་དད་གུས་བྱེད་པའི་མི་སྣའི་ལོ་རྒྱུས་དང་མཛད་རྗེས་རྒྱུས་ལོན་ཡོང་བ་བྱས་ནས། ཁོང་ཚོའི་མེ་ཚེའི་རིན་ཐང་གི་ལྟ་བ་དང་། དཀའ་སྤྱད་འབད་བརྩོན་གྱི་རང་གཤིས། མི་རིགས་དང་སྤྱི་ཚོགས་ལ་བཞག་པའི་བླ་ན་མེད་པའི་མཛད་རྗེས་སོགས་ཕྲུ་གུར་ངོ་སྤྲོད་བྱས་ནས་ཕྲུ་གུར་ཁོང་ཚོ་བཞིན་དྲང་ཞིང་ཞུམ་པ་མེད་པའི་རང་གཤིས་སྐྱེད་གང་ཐུབ་བྱེད་དགོས། གཞན་ཡང་རྒྱུན་གཏན་གྱི་འཚོ་བ་དངོས་ནང་གི་ཕུལ་བྱུང་མི་སྣ་དང་ཉེ་འཁོར་དུ་ཡོད་པའི་སློབ་སྦྱོང་དང་ཀུན་སྤྱོད་ལེགས་པའི་སློབ་ཕྲུག་བཟང་པོ་མིག་དཔེར་བསྟན་ནས་སྐུལ་མ་བྱེད་པ་ལས་ཕ་མས་རང་གི་ཕྲུ་གུའི་སྐྱོན་ཆ་གླེང་ནས་ཕྲུ་གུ་གཞན་གྱི་དགེ་མཚན་དང་བསྡུར་བ་བྱ་མི་རུང་། རང་གི་ཕྲུ་གུའི་ཞན་ཆ་ཁོ་ན་གླེང་ཚེ་ཕྲུ་གུར་སེམས་ཤུགས་སྐྱེ་རྒྱུ་ཕར་བཞག དེ་བས་སེམས་ལ་སྡུག་བསྔལ་དང་སོ་སོ་རང་ཉིད་ལ་སྣང་ཆུང་བཏང་ནས་ཡར་རྒྱས་ཀྱི་སེམས་ཤུགས་ཉམས་ཞན་དུ་འགྲོ་སྲིད།

    བདུན། གོ་སྐབས་བསྐྲུན་ནས་ངར་ཤུགས་འཕེལ་བ་བྱེད་དགོས།

    རྒྱུན་དུ་ཕ་མས་ཕྲུ་གུར་སྤྱི་ཚོགས་དང་སློབ་གྲྭའི་བྱེད་སྒོ་སྣ་ཚོགས་ལ་ཞུགས་རྒྱུའི་སྐུལ་མ་གཏོང་བ་ལས་གོ་སྐབས་ལྷོད་གཡེང་གཏོང་མི་རུང་། བུ་ཕྲུག་འཚར་ལོངས་ཡོང་བའི་བརྒྱུད་རིམ་ནང་སོ་སོའི་འཇོན་ནུས་འདོན་པའི་གོ་སྐབས་ཡོང་སྲིད་པས། ཕྲུ་གུ་རང་ཉིད་ཀྱིས་སོ་སོས་འཇོན་པའི་ལས་ཀ་བྱེད་པ་དང་གོ་སྐབས་གང་རུང་བརྩོན་ལེན་བྱས་པར་ཕ་མས་རྒྱབ་སྐྱོར་དང་མོས་མཐུན་བྱེད་དགོས་ལ། ཕ་མས་ཀྱང་གོ་སྐབས་དེ་འདྲ་བརྩོན་ལེན་དང་ཕྲུ་གུར་སྙིང་སྟོབས་སྦྱིན་པ་དང་སྐུལ་མ་གཏོང་དགོས། དེ་ལྟ་བུའི་གོ་སྐབས་དམ་འཛིན་ལ་དངོས་སུ་ཞུགས་ཚེ། ཕྲུ་གུའི་བློ་རིག་དང་ལྷག་པར་དུ་བློ་སྟོབས་འཕེལ་རྒྱུར་ཕན་པ་ཧ་ཅང་ཆེན་པོ་ཡོད།

    བརྒྱད། བསྟོད་བསྔགས་བཏང་ནས་ངར་ཤུགས་འཕེལ་བ་བྱེད་དགོས།

    བསྟོད་བསྔགས་དང་བྱ་དགར་དགའ་བ་ནི་མིའི་རང་གཤིས་ཡིན། དེ་ཡང་ཨ་རིའི་སེམས་ཁམས་རིག་པ་མཁས་ཅན་དགེ་རྒན་ཆེན་མོ་ཝུའེ་ལན་ཀྲའན་མུ་སིས“རང་ཉིད་ལ་བསྟོད་བསྔགས་ཐོབ་རེ་བྱེད་པ་དེ་ནི་མིའི་འདུན་པ་ངོ་མ་དེ་རེད”ཅེས་གསུངས་ཡོད། ང་ཚོས་རྒྱུན་དུ་མཐོང་བའི་ཁྱིམ་ཚང་གི་སློབ་གསོ་དང་བྱེད་ཐབས་ལ་ཕ་མས་ཕྲུ་གུར་མི་འདང་བ་དང་མི་འགྲིག་པའི་གཏམ་ཁོ་ན་གླེང་བ་ལས་ཕྲུ་གུའི་མདུན་དུ་ཁོ་ཚོར་བསྟོད་བསྔགས་གཏོང་བ་ནི་ཧ་ཅང་དཀོན་པོ་རེད། རྒྱུན་དུ་ཕྲུ་གུར་ཆེ་ཆུང་ལ་མ་ལྟོས་པའི་གྲུབ་འབྲས་ཐོབ་སྐབས་ཕ་མས་བསྟོད་བསྔགས་མང་ཙམ་གཏོང་དགོས། སློབ་གསོ་མཁས་ཅན་སུན་ཡུན་ཞའོ་ཡིས“བུ་ཕྲུག་བཟང་པོ་ནི་བསྟོད་བསྔགས་བཏང་བ་ལས་བྱུང་། ཕ་མས་རྒྱུན་གཏན་ནས་བུ་ཕྲུག་གི་དགེ་མཚན་ལ་དོ་སྣང་བྱེད་དགོས་པ་དང་། བུ་ཕྲུག་གི་བྱེད་སྟངས་ཡག་པོ་མཐོང་ཚེ་དུས་ཐོག་ཏུ་བསྟོད་བསྔགས་གཏོང་དགོས”ཞེས་གསུངས་ཡོད། དེ་ལྟར་བསྟོད་བསྔགས་བཏང་ཚེ། ཕྲུ་གུས་རང་ལ་ཐོབ་པའི་གྲུབ་འབྲས་དང་ལས་བཟང་པོ་བྱས་པར་ཕ་མས་མཐོང་ཆེན་བྱེད་པ་དང་རང་ཉིད་ལ་ཡང་གཞན་ལས་མི་དམན་པའི་ནུས་པ་ལྡན་པར་ཡིད་ཆེས་ནས། དེ་བས་བརྩོན་པ་བྱེད་རྒྱུའི་སེམས་ཤུགས་སྐྱེ་སྲིད། གཞན་ཡང་སྐབས་རེ་ཕྲུ་གུར་དཀའ་ངལ་འཕྲད་པ་དང་། ཕམ་ཉེས་བྱུང་བ། ཡང་ན་ཐབས་ཤེས་དབུལ་བར་གྱུར་ཚེ་བསམ་བློའི་སློབ་གསོ་དང་བྱ་སྤྱོད་ངོ་མའི་ཐོག་ནས་རོགས་རམ་བྱེད་དགོས། གདེང་འཇོག་དང་། ཡིད་ཆེས། བསྟོད་བསྔགས་དང་རོགས་རམ་ནི་ཕྲུ་གུར་སེམས་ཤུགས་སྐྱེ་བའི་ཐབས་མཆོག་ཏུ་གྱུར་པ་ཞིག་རེད། ལྷག་པར་དུ་བུ་ཕྲུག་ལ་ཕམ་ཉེས་དང་ནོར་འཁྲུལ་བྱུང་བའི་ཚེ། ཕ་མས་ཕྲུ་གུ་དང་མཉམ་དུ་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་ནས། སླར་ཡང་གྲུབ་འབྲས་ཐོབ་རྒྱུར་སྐུལ་མ་བཏང་ནས། ཕྲུ་གུའི་སེམས་ཤུགས་མ་ཉམས་པ་དང་སེམས་ལ་རྨ་ཁ་མ་བཟོས་པ་བྱེད་དགོས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།