དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་ཆུང་གི་འཛིན་གྲྭའི་ཀྲུའུ་རེན་ལ་ཚང་དགོས་པའི་ཆ་རྐྱེན་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2016-10-23

    འཛིན་གྲྭ་ཅིག་གི་སློབ་མ་རྣམས་ཁྱིམ་ཚང་གཅིག་ལྟ་བུ་ཡིན་ཞིང་། འཛིན་གྲྭའི་ཀྲུའུ་རེན་ནི་འཛིན་གྲྭ་དེའི་ཁྱིམ་བདག་ཅིག་ཡིན་པས་ན། འཛིན་གྲྭ་དེའི་སློབ་མ་ཡོངས་ཀྱི་ཤེས་བྱ་དང་ཀུན་སྤྱོད་སོགས་ལ་འགན་གཙང་ལེན་གྱིས་འཛིན་གྲྭ་ལེགས་པར་སྐྱོང་རྒྱུ་ནི་ལས་འགན་འབའ་ཞིག་ལགས། དེས་ན་འཛིན་གྲྭའི་ཀྲུའུ་རེན་ལ་ཆ་རྐྱེན་གང་དག་ཚང་དགོས་མིན་དང་། འོད་སྟོང་འབར་བའི་སློབ་གསོའི་ལས་འགན་སྒྲུབ་པའི་བརྒྱུད་རིམ་ཁྲོད་ཕུལ་བྱུང་གི་འཛིན་གྲྭའི་ཀྲུའུ་རེན་ཞིག་ཏུ་ཇི་ལྟར་འགྱུར་དགོས་པའི་ཐད། རང་ཉིད་ཀྱིས་སློབ་ཁྲིད་དང་འཛིན་གྲྭའི་ཀྲུའུ་རེན་ལོ་མང་བྱས་པའི་མྱོང་ཚོར་ལ་བརྟེན་ནས་འཛིན་གྲྭའི་ཀྲུའུ་རེན་ལ་ཆ་རྐྱེན་གང་དག་ཚང་དགོས་ལུགས་གླེང་བར་འདོད་དོ།

    དང་པོ། འཛིན་གྲྭའི་ཀྲུའུ་རེན་ལ་འགན་འཁྲི་ཕྲག་ཏུ་འཁུར་ཐུབ་པའི་འཇོན་ཐང་དགོས་པ།

    སློབ་མའི་བདེ་ཐང་དང་། ཤེས་རིག སེམས་ཁམས་སོགས་བདེ་ཐང་ངང་འཚར་ལོངས་བྱུང་མིན་གཙོ་བོ་ནི། འཛིན་གྲྭའི་འགན་འཁུར་མི་སྣས་རང་འཇིན་གྲྭའི་སློབ་མ་རྣམས་ལ་འགན་འཁུར་གྱི་བརྩེ་སེམས་འཆང་མིན་དང་ལྷག་བསམ་དག་མིན་ལ་རག་ལུས་པ་ནི་སྨོས་མི་དགོས་ལ། དེ་ཡང་ཁོ་ཚོའི་སློབ་སྦྱོང་གི་འཚོ་བའི་ནང་དུས་དང་རྣམ་པ་ཀུན་ཏུ་སློབ་མའི་ཁེ་ཕན་ཡོད་ཚད་རང་གི་འབྲས་བཟང་ཞིག་ཏུ་བརྩིས་ཏེ། སློབ་མར་ཡར་རྒྱས་སྣ་གཅིག་སོང་བ་དེ་ཡང་རང་གི་གཟི་བརྗིད་ཅིག་ཏུ་བརྩིས་ནས་དེའི་ཁྲོད་གནས་པའི་སློབ་མ་མི་རེ་ངོ་རེར་ཉེ་ཕྱོགས་ཀྱི་ལྟ་བ་འདོར་ཞིང་བྱམས་བརྩེའི་འཛུམ་གྱིས་བསུས་ཐོག ཁོ་ཚོའི་སེམས་ཁམས་དང་གཟུགས་གཞི་སོགས་བདེ་ཐང་ངང་འཚར་ལོངས་ཡོང་བར་སེམས་ནུས་ཡོད་རྒུ་འདོན་པ་དང་འབད་པ་ལྷོད་མེད་བྱེད་དགོས་ལ། སློབ་མའི་བདེ་སྡུག་དང་ཁེ་ཕན་ཨང་དང་པོར་བརྩི་བའི་འདུ་ཤེས་བཟང་པོ་ཞིག་ཀྱང་འཇགས་དགོས་པ་ལས། ཁ་བཤད་ཆུ་ཡི་ལྦུ་བ་ལྟ་བུ་བྱ་མི་རུང་བ།

    གཉིས་པ། སློབ་མར་ཤ་དང་རུས་པ་ལྟ་བུའི་བརྩེ་སེམས་འཆང་དགོས།

    འཛིན་གྲྭའི་ཀྲུའུ་རེན་ཞིག་གི་ངོས་ནས་བཤད་ན། རང་གི་འཁྲིད་ཡུལ་སློབ་མ་རྣམས་ལ་ཤ་ནས་བཅད་པའི་བུ་ཕྲུག་ལྟ་བུའི་ལྟ་སྟངས་འཛིན་ནས་སློབ་མ་ཚང་མའི་བདེ་སྡུག་ཡོད་ཚད་ལ་དུས་དང་རྣམ་པ་ཀུན་ཏུ་བསམ་ཤེས་དང་ཐུགས་ཁུར་གྱི་ལྷག་བསམ་ཆུ་བོའི་རྒྱུན་བཞིན་བསྐྱངས་ཚེ། ད་གཟོད་གཞི་ནས་ཕུལ་དུ་བྱུང་བའི་འཛིན་གྲྭའི་ཀྲུའུ་རེན་ཞིག་ཏུ་འགྱུར་རྒྱུ་ནི་གདོན་མི་ཟ་བའོ། བྱ་བ་དེ་སྒྲུབ་པའི་བརྒྱུད་རིམ་ནང་རྙོག་འཛིང་དང་དཀའ་ངལ་ཇི་སྙེད་ཅིག་འཕྲད་ངེས་པས་དེ་བས་ན་ང་ཚོས་རྙོག་འཛིང་གི་དོགས་གནད་སེལ་ཆེད། བློ་ཞིབ་མོས་ལེགས་པར་དཔྱད་ནས་ཁོང་ཚོར་སྲུང་སྐྱོབ་དང་བརྩི་བཀུར་ཞུ་བའི་རྨང་གཞིའི་ཐོག གདེང་འཇོག་བཟང་པོ་བྱེད་དགོས་པ་ལས། དེ་ལས་ལྡོག་སྟེ་སློབ་མའི་ནོར་འཁྲུལ་ཆུང་ཆུང་ཞིག་ལ་དམའ་འབེབས་དང་། སྡིགས་མོ། གཤེ་གཤེ་གཏོང་བ་སོགས་བྱས་ན་ཐང་དཀར་རྒོད་པོའི་འདབ་གཤོག་ལ་རྨས་སྐྱོན་འཕོགས་ནས་ནམ་འཕང་གཅོད་མི་ཐུབ་པ་ལྟར། སློབ་མའི་མདུན་སྐྱོད་ཀྱི་ལམ་བུར་འགོག་རྐྱེན་ངན་པ་བཟོ་སྲིད་པས་ང་ཚོས་སློབ་མར་བྱམས་སེམས་ཀྱི་གཤོག་ཟུང་བརྐྱངས་ཏེ་དམངས་གཙོ་དང་དྲང་བདེན་གྱི་ལམ་བུར་ཞུགས་ནས་མ་རིག་པའི་མུན་པ་མཐའ་དག་སེལ་ཐུབ་པའི་ཕྱོགས་སུ་འབད་དེ་སློབ་མ་བྱམས་ཀྱིས་སྐྱོང་དགོས་སོ།

    གསུམ་པ། ཁྱིམ་བདག་དང་འབྲེལ་གཏུག་ཟམ་མི་ཆད་པར་བྱེད་དགོས་པ།

    ཟ་ལུགས་འགྲོ་ལུགས་སྡོད་ལུགས་ཨ་མས་སློབ་ཅེས་པ་ལྟར་ཕྲུ་གུའི་འགྲོ་འདུག་གི་འཚོ་བ་ནི་ཁྱིམ་ཚང་དང་ཁ་འབྲལ་ཐབས་མེད་ལ། ཕ་མ་ནི་བྱིས་པའི་དགེ་རྒན་དང་པོ་དང་བློ་སྒོ་ཐོག་མར་འབྱེད་མཁན་དེ་ཡང་ཁྱིམ་ཚང་གི་སློབ་གསོ་ལགས། དེར་བརྟེན་ཁྱིམ་བདག་གི་བྱ་སྤྱོད་ལས་བྱིས་པར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་གསལ་པོ་མཚོན། ཁྱིམ་བདག་སོ་སོས་རང་གི་བུ་ཕྲུག་ལ་ལྡན་པའི་དགེ་མཚན་ལ་གཟེངས་སུ་བསྟོད་ནས། དགེ་མཚན་འདོན་སྤེལ་ཡར་ཐོན་ལ་སྐུལ་ལྕག་གཏོང་དགོས་པ་ལས། བུ་ཕྲུག་གི་ཞན་ཆ་ཁོ་ན་བགྲངས་ཏེ་དགེ་མཚན་གྱི་ཆ་རྣམས་ཁས་ལེན་མ་བྱས་ཚེ་ལྡོག་ཕྱོགས་ཀྱི་ནུས་པ་ཞིག་ཐོན་ནས། ཕྲུ་གུར་སྤྱི་ཚོགས་དང་ཁྱིམ་ཚང་ལ་ཡིད་ཆེས་དང་གདེང་ཚོད་མེད་པའི་བློ་ཞིག་ངང་ངམ་ཤུགས་སུ་སྐྱེས་ལ་རང་བརྩི་རང་མཐོང་གི་སེམས་ཤུགས་ཆག་ནས་ངན་ལམ་དུ་འགྲོ་བའི་ཉེན་ཁ་ཆེ་བ་སོགས་གེགས་རྐྱེན་མང་པོ་འཕྲད་པའི་གནས་ཚུལ་ཐོན་དང་ཐོན་བཞིན་ཡོད། ཁྱིམ་བདག་ཁག་གཅིག་གིས་དངུལ་ཡོད་ན་བྱ་བ་གང་ཡང་སྒྲུབ་ཐུབ་པའི་ལྟ་བ་བཟུང་སྟེ་ཕྲུ་གུ་བྱམས་ཐལ་དུ་གཏོང་བའི་སྣང་ཚུལ་དེ་ནི་བྱིས་པ་ཉེན་ཁའི་གཡང་སར་འདེད་པ་དང་གཅིག་མཚུངས་ལགས། ཁྱིམ་ཚང་གི་སློབ་གསོ་ལས་ཕྲུ་གུའི་ཀུན་སྤྱོད་ཟུར་བལྟས་ལེབ་མཐོང་ཡིན་པས། ང་ཚོས་སློབ་མའི་སེམས་ཁམས་དང་བྱ་སྤྱོད་ཀྱི་འགྱུར་བ་དེ་དག་བྱིས་པ་རང་ཉིད་ཁོ་ནའི་ནོར་འཁྲུལ་ཞིག་ཏུ་མི་བརྩི་བར་ཁོང་ཚོའི་ཁྱིམ་བདག་དང་འབྲེལ་ལམ་བཙུགས་ཏེ་ཕྲུ་གུའི་སེམས་ཁམས་ལ་ཤུགས་རྐྱེན་ངན་པ་ཕོག་སླ་བའི་བྱ་བའི་རིགས་ཐོན་ཡོད་མེད་དང་། དེ་དང་འབྲེལ་བའི་སྤྱི་ཚོགས་ཐོག་མི་སྣ་ཇི་ལྟ་བུ་དང་མཉམ་དུ་འགྲོགས་མིན་སོགས་གང་ས་ཅི་ཐད་ནས་རྒྱུས་ལོན་དང་འཚོལ་བསྡུ་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་སློབ་མའི་གཟུགས་པོ་དང་ཤེས་རིག སེམས་ཁམས་སོགས་བདེ་ཐང་ངང་འཚར་ལོངས་ཡོང་བར་ནུས་པ་ཆེན་པོ་འདོན་དགོས་པ་ནི་ཤིན་ཏུ་གལ་ཆེའོ།

    བཞི་པ། ཚད་ལྡན་ནུས་ཡོད་ཀྱི་སྒོ་ནས་དོ་དམ་བྱེད་དགོས་པ།

    འཛིན་གྲྭའི་ཀྲུའུ་རེན་ཞིག་གི་ངོས་ནས་བཤད་ན། འཛིན་གྲྭའི་བསམ་པའི་དཔལ་ཡོན་དར་སྤེལ་དང་སྤྱོད་ལམ་ལེགས་ཉེས་གང་བྱུང་མིན་གྱི་རྒྱུ་རྐྱེན་དེ་ཐད་ཀར་འཛིན་གྲྭའི་ཀྲུའུ་རེན་གྱི་དོ་དམ་ནུས་པར་རག་ལས་ཡོད། སློབ་མའི་མི་གཤིས་ལ་བརྩི་བཀུར་དང་མོས་པ་དགའ་ཕྱོགས་དང་ཁྱད་ཆོས་སོགས་ལ་དྲང་གཞག་མཉམ་འཇོག་གི་ལྟ་སྟངས་འཛིན་དགོས་པ་དང་སྦྲགས། སློབ་མ་འགའ་རེ་ནི་སྤྱོད་ངན་གཤིས་རྩུབ་སོགས་ཀྱི་ཁྱད་ཆོས་མཐོང་དུས་སྡུག་པའི་སྒང་ལ་རྡོག་བརྫིས་ལྟ་བུ་མ་བྱས་པར། དོན་དངོས་དང་མཐུན་པའི་བརྡར་ཤ་གཅོད་པ་དང་དོན་དང་མཐུན་པའི་སློབ་གསོ་བརྒྱབ་ནས་སློབ་མ་རང་ཉིད་ཀྱི་ནོར་འཁྲུལ་ཡོ་བསྲང་བྱེད་དུ་བཅུག་ནས་འཛིན་གྲྭའི་མཉམ་སྡེབ་ཀྱི་འཚོ་བར་དགའ་ཞེན་དང་གཟི་བརྗིད་ལ་རྩོད་ལེན་བྱེད་མཁན་གྱི་སློབ་མ་བཟང་པོ་ཞིག་ཆགས་ཐུབ་པའི་ཕྱོགས་སུ་གསོ་སྐྱོང་བྱེད་དགོས།

    ལྔ་པ། འཇོན་ཐང་ཅན་གྱི་འཛིན་གྲྭའི་ལས་བྱེད་མི་སྣ་གསོ་སྐྱོང་བྱེད་པ།

    འཛིན་གྲྭ་ཞིག་སྤྱོད་ཡོན་གཉིས་ལྡན་ཞིག་ཏུ་འགྱུར་མིན་ནི་འཛིན་གྲྭའི་ཀྲུའུ་རེན་ཁོ་ནར་རགས་མ་ལུས་པར། འཛིན་གྲྭ་དེའི་ལས་བྱེད་མི་སྣ་འདེམས་ཤེས་མིན་ལའང་རགས་ལུས་ཡོད་པ་ནི་སྨོས་མི་དགོས། འཛིན་གྲྭའི་ལས་བྱེད་མི་སྣ་ནི་འཛིན་གྲྭའི་ཀྲུའུ་རེན་གྱི་དཔུང་རོགས་གཙོ་བོ་ཞིག་ཡིན་པ་ན་དེས་ཐུན་མོང་ལ་དགའ་ཞེན་དང་སློབ་གྲོགས་ལ་ཤ་ཚ་ཡོད་པའི་བྱ་བའི་ཕྱོགས་སུ་གདོང་མཆོང་ཐུབ་པ་དང་ཆུང་སར་རང་གཞན་གཉིས་ཀར་ཕན་པའི་ཐག་གཅོད་བྱེད་པ་ལྟ་བུ་སྒེར་སེམས་མེད་པར་སློབ་མ་བྱིངས་ཀྱི་གདེང་འཇོག་ཚད་ལྡན་ཡོད་པའི་མི་སྣ་བཟང་པོ་ཞིག་གསོ་སྐྱོང་ཐུབ་ན། གཅིག་ནས་འཛིན་གྲྭའི་ཀྲུའུ་རེན་གྱི་བྱ་བའི་ཁུར་པོ་ཡང་དུ་གཏོང་ཐུབ་ལ། གཉིས་ནས་དགེ་སློབ་དབར་གྱི་བསམ་བློ་བརྗེ་རེས་ལའང་ཕན་ཐོགས་ཆེན་པོ་ཡོང་ཐུབ། དེར་བརྟེན་སྤྱོད་ཡོན་གཉིས་ལྡན་གྱི་འཛིན་གྲྭའི་ལས་བྱེད་མི་སྣ་གསོ་སྐྱོང་ཐུབ་པའི་ཕྱོགས་སུ་འབུངས་དགོས་སོ།

    དྲུག་པ། སྤྱོད་ཡོན་ཞན་པའི་སློབ་མར་མཛུབ་སྟོན་དང་སྣེ་ཁྲིད་མང་ཙམ་བྱེད་དགོས་པ།

    འཇིག་རྟེན་གཏམ་དཔེར། མཛུབ་མོ་ལྔ་པོར་རིང་ཐུང་ཡོད་ཅེས་པའི་དཔེ་ལྟར་སློབ་མ་སོ་སོའི་སྤྱོད་ཡོན་ལའང་ལེགས་ཞན་གྱི་ཁྱད་པར་ཡོད་པ་ནི་སྨོས་མི་དགོས་པ་ཞིག་རེད། དེ་ཡང་སློབ་གསོའི་བྱ་བའི་ཁྲོད་སློབ་མའི་ཞན་ཆ་ཁོ་ན་དམིགས་སུ་མི་འཛིན་པར་དུས་དང་རྣམ་པ་ཀུན་ཏུ་དམིགས་བསལ་གྱི་ལྟ་སྐྱོང་བྱས་ཏེ། འཇིན་གྲྭའི་ཕུལ་བྱུང་གི་སློབ་མ་དང་གྲོགས་འགྲིག་ཏུ་འཇུག་པ་དང་སློབ་ཁྲིད་བརྒྱུད་རིམ་ཁྲོད་དྲི་བར་ལན་འདེབས་པའི་གོ་སྐབས་མང་ཙམ་མཁོ་འདོན་དང་འཛིན་གྲྭའི་བྱེད་སྒོར་གནད་དོན་ཆེ་ཆུང་གང་ལའང་བཞུགས་སུ་འཇུག་དགོས་པ་དང་སྦྲགས། བྱེད་སྒོའི་བྱེད་པ་པོ་གཙོ་བོར་འཛིན་ཞིང་དུས་རྒྱུན་དུ་ཁོ་པའི་བསམ་ཚུལ་བརྗེ་རེས་ཀྱི་གཏམ་གླེང་བྱེད་སྒོ་གང་མང་སྤེལ་བ་སོགས་བྱས་ན། ད་གཟོད་གཞི་ནས་ཡིད་ཆེས་ཀྱིས་གང་བའི་སློབ་མ་བཟང་པོ་ཞིག་ཏུ་འགྱུར་རྒྱུར་གདོན་མི་ཟའོ། གལ་ཏེ་སེམས་ཤུགས་ལ་འགྱུར་བ་མ་བྱུང་ཚེ། སླར་ཡང་འོས་འཚམ་གྱི་གོ་སྐབས་བཙལ་བ་དང་ཐབས་ལམ་གཞན་ཞིག་འཚོལ་ཞིབ་བྱས་ཏེ། སློབ་མ་དེ་དག་ལ་དམིགས་ནས་ཁྱིམ་ཚང་དུ་འཚམས་འདྲི་དང་ཁྱིམ་བདག་ལ་སློབ་མའི་གནས་ཚུལ་ཞུ་བ་དང་མཉམ་དུ་གནད་དོན་འཚོལ་ཞིབ་བྱས་ནས་གནད་ལ་འཁེལ་བའི་སྒོ་ནས་སློབ་གསོ་གཏོང་བ་དང་། སློབ་གྲྭ་དང་ཁྱིམ་བདག་གི་ལྟ་སྐུལ་འོག་ཐུགས་ཁུར་དང་བརྩེ་སེམས་གང་མང་བཅངས་ཚེ། རིམ་བཞིན་རང་གིས་རང་ལ་མཐོང་ཆེན་དང་སློབ་སྦྱོང་བྱེད་འདོད་ཀྱི་སེམས་ཤུགས་ཆེ་རུ་འགྲོ་བ་མ་ཟད། འཛིན་གྲྭའི་ཐུན་མོང་གི་ལས་དོན་ཁག་ལེགས་སུ་འགྲོ་རྒྱུ་ནི་སྨོས་མི་དགོས་པ་ཞིག་གོ

    མདོར་ན། སློབ་གྲྭ་ནི་ཤེས་ལྡན་པ་སྐྱེད་སྲིང་བྱེད་སའི་གནས་མཆོག་ཅིག་ཡིན་ལ་དགེ་རྒན་ནི་སློབ་མའི་མ་རིག་མུན་པ་སེལ་མཁན་དང་སློབ་མའི་མི་གཤིས་སྐྱོང་མཁན་ཡིན་པ་དང་། འཛིན་གྲྭའི་ཀྲུའུ་རེན་ནི་འཛིན་གྲྭའི་ལས་དོན་ལ་སྤྱིའི་བཀོད་འདོམས་བྱེད་མཁན་དང་སློབ་མ་ཡོངས་ཀྱི་བསམ་སྦྱོར་ལ་མཛུབ་སྟོན་བྱེད་མཁན་ཞིག་ཡིན་པར་བརྟེན། འཛིན་གྲྭའི་ཀྲུའུ་རེན་ངོས་ནས་བརྗོད་ན། དུས་དང་རྣམ་པ་ཀུན་ཏུ་བསམ་པའི་ཀུན་སློང་ཡང་དག་པའི་ངང་སློབ་མའི་སེམས་ཁམས་རྒྱུས་ལོན་པ་བྱས་ནས་བཙན་ཤུགས་ཆེ་དྲགས་པའི་སློབ་གསོ་གཏོང་ཐབས་རིང་དུ་སྤངས་ཏེ་ཕྲུ་གུའི་སེམས་ཁམས་དང་འོས་ཤིང་འཚམ་པའི་ངང་ནས་ལུས་ངག་ཡིད་གསུམ་རྣམ་པར་དག་པའི་སྒོ་ནས་སློབ་མ་རྣམས་ལེགས་ཉེས་སྤང་བླང་གི་བྱ་བར་འཇུག་པར་སྤྲོ་བ་ཞིག་ཏུ་གསོ་སྐྱོང་བྱ་རྒྱུར་འབད་བརྩོན་བྱེད་དགོས་སོ།

    (ལྷ་ས་པེ་ཅིང་སློབ་ཆུང་། ཚེ་རིང་ཆུང་བདག)

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།