མི་དབང་ཕོ་ལྷའི་རྟོགས་བརྗོད་ཡིག་སྒྱུར་སྐོར་རགས་ཙམ་གླེང་བ།
གླེང་གཞི།
མི་རིགས་ཤིག་གི་ཤེས་རིག་ནི་མིའི་རིགས་ཡོངས་ཀྱི་བློ་གྲོས་ལས་བྱུང་བས། མིའི་རིགས་ཚང་མར་ལོངས་སུ་སྤྱོད་རྒྱུའི་ཐོབ་ཐང་ཡོད། འཛམ་གླིང་གི་ལྟེ་བར་གནས་པའི་བོད་མི་རིགས་ལ་མཚོན་ན། སྔར་སོང་ལོ་ཟླ་མང་པོའི་ནང་ས་གནས་རིག་གནས་དང་ཉེ་འཁོར་རྒྱལ་ཁབ་དང་མི་རིགས་ཁག་གི་སྔོན་ཐོན་ཤེས་ཡོན་ནང་འདྲེན་བྱས་ཏེ། བོད་རང་གི་ཐུན་མོང་མ་ཡིན་པའི་ཤེས་རིག་ཏུ་གྲུབ་ནས། འཛམ་གླིང་སྐྱེ་འགྲོ་ཀུན་ལ་བསམ་པའི་དཔལ་ཡོན་གྱི་ལེགས་སྐྱེས་འབུལ་བཞིན་ཡོད། དེས་ན་ཤེས་རིག་སྤེལ་རེས་དང་བགྲོ་གླེང་གི་བཀག་རྒྱ་ཆེ་ཤོས་ནི་སྐད་ཡིག་མི་འདྲ་བ་ཡིན་པས། ལོ་ཙཱའི་རིག་གནས་དང་བྱ་བར་དགོས་པ་ཆེན་པོ་ལྡན་ཡོད། དེར་བརྟེན་ང་ཚོས་ཕྱིའི་ཤེས་རིག་ནང་འདྲེན་བྱེད་དགོས་ལ་རང་གི་སྔོན་ཐོན་ཤེས་རིག་ངོ་སྤྲོད་དང་དར་སྤེལ་ཡང་གཏོང་དགོས། མི་དབང་ཕོ་ལྷའི་རྟོགས་བརྗོད་ཀྱི་རྩོམ་ལུས་དང་ཚིག་སྦྱོར། སྲིད་འབྱོར་རིག་གསུམ་གྱི་ནང་དོན་བཅས་ནས་ཡིག་སྒྱུར་གྱི་རིན་ཐང་ཆེན་པོ་ཡོད་པས། དེའི་ཡིག་སྒྱུར་ཐད་ལ་དོ་སྣང་དང་དགེ་མཚན་ལྡན་པ་ཞིག་དགོས་ངེས་རེད། དེའང་དཔྱད་རྩོམ་འདིའི་ནང་གཙོ་བོ་རྟོགས་བརྗོད་དང་རྣམ་ཐར་གྱི་ངོས་འཛིན་དང་། རྟོགས་བརྗོད་ཡིག་སྒྱུར་གྱི་རིན་ཐང་། མི་དབང་ཕོ་ལྷའི་འབྱུང་བརྗོད། མི་དབང་ཕོ་ལྷའི་རྟོགས་བརྗོད་ཀྱི་དཀའ་གནད་ཁག་ལྔ། མི་དབང་ཕོ་ལྷའི་རྟོགས་བརྗོད་བརྩམས་ཆོས་ཀྱི་རྩོམ་པ་པོ་དང་། བརྩམས་ཆོས་དེའི་རྩོམ་ལུས། སྙན་ངག་གི་ལུས་གསུམ་སྟེ་བཅད་ལྷུག་སྤེལ་མ། དེ་དག་ལས་མི་དབང་ཕོ་ལྷའི་རྟོགས་བརྗོད་ཀྱི་རྩོམ་ལུས་ནི་བཅད་ལྷུག་སྤེལ་མ་ཡིན་པས། འཁྲུལ་ནོར་དང་མ་འདང་བའི་ཆ་མང་པོ་ཡོད་སྲིད་པས་སྐྱོན་སྤོངས་དགེ་སྤེལ་དང་བཅས་སྔོན་འགྲོའི་ཚུལ་དུ་སྦྱར་རོ།
གཅིག རྟོགས་བརྗོད་ཡིག་སྒྱུར་གྱི་གོ་དོན་དང་མི་དབང་ཕོ་ལྷའི་འབྱུང་བ་བཤད་པ།
རྟོགས་བརྗོད་ཅེས་པ་ནི་གཙོ་བོ་སྲིད་ཕྱོགས་ཀྱི་འགན་ནུས་ཡོད་པའི་མི་སྣ་གྲགས་ཆེ་བ་འགའི་མཛད་པ་དང་འབྲེལ། མི་སྣ་དེའི་འཚར་ལོངས་བརྒྱུད་རིམ་དང་སྤྱི་ཚོགས་འཕོ་འགྱུར་གྱི་གནས་སྟངས་བརྗོད་པ་ཞིག་ཡིན། འདི་ཡང་རྣམ་ཐར་དང་ཁྱད་པར་ཡོད་དེ། རྣམ་ཐར་ནི་གཙོ་བོ་ཐར་པ་དང་ཐམས་ཅད་མཁྱེན་པ་འཐོབ་བྱའི་གཙོ་བོར་གཞིར་བཞག་ནས། སྐྱེས་བུ་དམ་པ་གང་དེས་ཆོས་ཕྱོགས་ཀྱི་མཛད་པ་འཕྲིན་ལས་དང་། ཐོས་བསམ་སྒོམ་གསུམ་མཐིལ་ཕྱིན་བྱས་ཏེ། རྟོགས་པ་མཐོན་པོར་གཤེགས་པའི་བརྒྱུད་རིམ་བརྗོད་པ་ཞིག་ཡིན། སྤྱིར་མཁས་པའི་དབང་པོ་འཕྲིན་ལས་ཆོས་གྲགས་མཆོག་གིས་ཡིག་སྒྱུར་ཅེས་པ་ནི་སྐད་དང་ཡིག་རིགས་གཅིག་ནས་བསྟན་པའི་བསམ་པའི་དོན་དང་བརྗོད་པའི་ཉམས་འགྱུར་བཅས་དེ་དམ་པ་མཐར་ཕྱིན་པ་དང་། འོས་ཤིང་འཚམ་པའི་སྒོ་ནས་སྐད་དང་ཡིག་རིགས་གཞན་ཞིག་ཏུ་ཇི་བཞིན་ཕབ་སྒྱུར་གྱི་གསར་གཏོད་ལྡན་པའི་བྱེད་སྒོ་དེ་ལ་ཟེར་ཞེས་གསུངས། དེས་ན་རྟོགས་བརྗོད་ཡིག་སྒྱུར་ནི། དུས་མཚམས་ག་གེ་མོའི་སྲིད་འབྱོར་རིག་གསུམ་གྱི་ནང་གཙོ་ཤུགས་ཀྱི་ནུས་པ་ཐོན་ནས། དུས་སྐབས་དེ་ཙམ་མ་ཟད་ཕྱིས་འབྱུང་གི་སྲིད་འབྱོར་རིག་གསུམ་ལ་བཟང་ཕྱོགས་ཀྱི་ནུས་པ་ཐོན་པའི་མི་སྣའི་འབྱུང་བརྗོད་གཞིར་བཞག་སྟེ། མི་རིགས་གཞན་གྱི་སྐད་ཡིག་ལམ་ནས་ཇི་བཞིན་ཕབ་སྒྱུར་བྱེད་པའི་བྱ་བ་ཞིག་ལ་བརྗོད། མི་དབང་ཕོ་ལྷ་ནི་བོད་ཀྱི་ལོ་རྒྱུས་ཐོག་གལ་ཆེའི་མི་སྣ་ཞིག་ཡིན་ཞིང་། ཆིང་རྒྱལ་རབས་ཀྱི་གོང་མའི་ཆོ་ལོ་ཐོབ་མྱོང་ལ་བོད་ས་གནས་ཀྱི་བཀའ་བློན་ཡང་གནང་མྱོང་ཡོད། ཁོང་ནི་སྤྱི་ལོ་1689ལོར་སྐུ་འཁྲུངས་པ་དང་1747ལོར་དགོངས་པ་རྫོགས། ཁོང་གིས་སྲིད་སྐྱོང་བའི་སྐུ་ཚེའི་རིང་། ཆིང་རྒྱལ་རབས་དང་སོག་པོ་སོགས་དབར་གྱི་གནས་ཚུལ་དང་། བོད་ཀྱི་བརྟན་ལྷིང་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། མི་དབང་ཕོ་ལྷའི་རྟོགས་བརྗོད་ཀྱི་རྩོམ་པ་པོ་ནི་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་ཡིན་ཞིང་། དེབ་འདིའི་ནང་གཙོ་བོ་མི་དབང་ཕོ་ལྷའི་ཁྱིམ་གཞིས་དང་། གཞོན་དུས། གཉེན་སྒྲིག དཔོན་གནས་ལེན་པ། ལྷ་གཙང་ཧན་གྱི་ཕམ་ཉེས་དང་། ནང་འཁྲུག རྒན་དུས་སོགས་ཀྱི་ཚེ་གང་པོའི་འཕོ་འགྱུར་དང་། སྐབས་དེའི་བོད་ཀྱི་གནས་སྟངས་སོགས་ཀྱིས་མཚོན་པའི་ལོ་རྒྱུས་དཔྱད་གཞི་གལ་ཆེན་ཞིག་ཡིན་ལ། ཕྱི་རབས་པ་ཚོས་སྔར་སོང་མེས་པོའི་ལོ་ཟླ་དང་། མི་རིགས་ཀྱི་དར་རྒུད་ལ་དཔྱད་རྟོགས་བྱེད་པའི་གལ་ཆེའི་བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་ཡིན། འདི་ནི་ཀྲུང་ཧྭ་མེས་རྒྱལ་གྱི་ཤེས་རིག་བང་མཛོད་ཁྲོད་ཆེས་འོད་སྟོང་འབར་བའི་ནོར་བུ་ཆུ་ཤེལ་ཞིག་ཀྱང་ཡིན།
གཉིས། མི་དབང་ཕོ་ལྷའི་རྟོགས་བརྗོད་ཀྱི་ཡིག་སྒྱུར་གྱི་རིན་ཐང་དང་དཀའ་གནད་བཤད་པ།
ཡིག་སྒྱུར་ནི་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་གྱི་འཚོ་བ་ལས་འབྱུང་ཞིང་། མིའི་རིགས་ཀྱི་འབྱུང་འགྱུར་ལ་ནུས་པ་གལ་ཆེན་ཐོན་པའི་རིག་གནས་ཤིག་ཡིན། མི་དབང་ཕོ་ལྷའི་རྟོགས་བརྗོད་ནི་རྟོགས་བརྗོད་རྩོམ་རིག་གི་ཁོངས་སུ་གཏོགས་ཤིང་། སྒྱུ་རྩལ་གྱི་བརྩམས་ཆོས་ཕུལ་དུ་བྱུང་བ་ཞིག་ཡིན། བོད་ལ་ཆ་མཚོན་ན་མི་དབང་ཕོ་ལྷའི་རྟོགས་བརྗོད་ནི་ཤེས་ལྡན་མི་སྣ་ཚོས་ངེས་པར་དུ་ཤེས་རྟོགས་དང་ལྟ་ཀློག་བྱ་རྒྱུའི་བརྩམས་བྱ་གལ་ཆེན་ཞིག་ཀྱང་ཡིན། གང་ཡིན་ཞེ་ན། ང་ཚོས་བོད་ཀྱི་སྔར་སོང་ལོ་ཟླ་དང་སྲིད་འབྱོར་རིག་གསུམ་ལ་ཤེས་རྟོགས་ཐུབ་ཅིང་། མིང་བརྡ་རིག་གནས་དང་། ལོ་རྒྱུས་ཀྱི་འབྱུང་འཕེལ། ཆོས་སྲིད་ཀྱི་རིག་གནས། རྩོམ་རིག་བརྩམས་ཆོས་སོགས་ལ་རྒྱུས་ལོན་དང་ངོ་སྤྲོད་བྱེད་པར་གལ་ཆེའི་རིན་ཐང་ལྡན་ཡོད། དེས་ན་མི་དབང་ཕོ་ལྷའི་བརྩམས་ཆོས་ཡིག་སྒྱུར་ལ་དུས་རབས་དང་མཐུན་པའི་རིན་ཐང་དང་། ལོ་རྒྱུས་ཀྱི་རིན་ཐང་། རིག་གནས་ཀྱི་རིན་ཐང་། ཆ་འཕྲིན་གྱི་རིན་ཐང་སོགས་ལྡན་ཡོད། མི་དབང་ཕོ་ལྷའི་རྟོགས་བརྗོད་ཀྱི་ཡིག་སྒྱུར་ཁྲོད་འཕྲད་སྲིད་པའི་དཀའ་གནད་གཙོ་བོ་ལྔ་ཡོད་དེ། (1)བོད་ཀྱི་རིག་གནས་དང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ལ་རྒྱུས་མངའ་ཡོད་པ། འདི་ནི་གཙོ་བོ་མ་ཡིག་གི་བསྟན་དོན་གསལ་རྟོགས་ཐུབ་རྒྱུར་ཐད་ཀའི་འབྲེལ་བ་ཡོད། མ་ཡིག་གི་རྩོམ་པ་པོ་གང་དེས་རང་མི་རིགས་ཀྱི་ཁྱད་ཆོས་སམ་རང་བཞིན་ལྡན་པའི་བརྩམས་ཆོས་བརྩམས་ཚེ། མི་རིགས་གང་དེའི་རིག་གནས་ལ་རྨང་གཞིའམ་རྒྱབ་རྟེན་བྱས་ཐོག་ལེགས་གྲུབ་བྱེད་དགོས་པས། མ་ཡིག་གི་རིག་གནས་གང་དེའི་རིགས་པའི་གཞུང་ལུགས་ལ་ངེས་ཤེས་འདྲོངས་པ་བྱས་ནས་དེར་གོ་བ་ཟབ་མོ་ཞིག་ལོན་པ་བྱེད་རྒྱུ་ནི་ལོ་ཙཱ་བ་ཞིག་གིས་མ་ཡིག་གི་བསྟན་དོན་གསལ་རྟོགས་བྱེད་པར་མེད་དུ་མི་རུང་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན། དེའང་ལོ་ཙཱའི་མཁས་དབང་རྒན་འཕྲིན་ལས་ཆོས་གྲགས་ཀྱིས་མ་ཡིག་དང་འབྲེལ་བ་ཡོད་པའི་རིགས་པའི་གཞུང་ལུགས་ཀྱི་གོ་དོན་ངེས་ཤེས་འདྲོངས་པ་བྱས་ནས་བསྟན་དོན་གསལ་རྟོགས་བྱེད་དགོས་ཞེས་གསུངས་པ་ཇི་བཞིན་དུ། མི་དབང་ཕོ་ལྷའི་རྟོགས་བརྗོད་ཡིག་སྒྱུར་ལའང་གོང་གསལ་གྱི་སྔོན་འགྲོ་འདི་གལ་ཆེའོ། (2)བོད་མིའི་ཡུལ་སྲོལ་གོམས་གཤིས་དང་སེམས་ཁམས་ལ་རྒྱུས་མངའ་ཡོད་པ། དེ་ཡང་མ་ཡིག་གི་བསྟན་དོན་གསལ་རྟོགས་ཡག་པོ་ཡོང་ཆེད། ལོ་ཙཱ་བ་ཚོས་བསྒྱུར་བྱའི་མ་རྩོམ་གང་དེའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་ཤེས་རྟོགས་ཡག་པོ་བྱེད་དགོས། ལོ་ཙཱའི་མཁས་དབང་རྒན་འཕྲིན་ལས་ཆོས་གྲགས་ཀྱིས་རྒྱ་བོད་རིག་གནས་མི་གཅིག་པ་དང་། ཡུལ་གྱི་གོམས་སྲོལ་མི་མཐུན་པའི་རྐྱེན་ལས་བྱུང་བའི་བརྡ་དོན་སྤྲོད་ལུགས་མི་མཐུན་པའི་རིགས་བོད་མིའི་ཡུལ་སྲོལ་དང་བསྟུན་གང་ཐུབ་ཏུ་བསྒྱུར་བ་ནི་ཐོས་བསམ་སྐྱེ་བོ་རྣམས་ཀྱིས་གོ་དོན་རྟོགས་སླ་བའི་ཕྱིར་ཞེས་གསུངས་པ་བཞིན་ནོ། (3)ལོ་རྒྱུས་རིག་གནས་དང་བོད་སིལ་བུའི་ལོ་རྒྱུས་ཀྱི་གནས་སྟངས་དང་འཕེལ་ཕྱོགས་ལ་རྒྱུས་མངའ་ཡོད་པ། འདི་ཡང་ཆོས་འབྱུང་དང་། རྣམ་ཐར། རྟོགས་བརྗོད་ལྟ་བུ་ལ་མཚོན་ན། ལོ་རྒྱུས་ཀྱི་གནས་སྟངས་དང་འཕེལ་རིམ། དོན་རྐྱེན་དང་མི་སྣ་གལ་ཆེ་བ་སོགས་ཀྱི་གནས་ཚུལ་མང་པོ་བརྗོད་ཡོད་པས། ཡིག་སྒྱུར་བྱེད་པའི་ཚེ། མ་ཡིག་གང་དེའི་བརྗོད་གཞིར་གྱུར་པའི་ལོ་རྒྱུས་ཀྱི་དངོས་དོན་ལ་ཤེས་རྟོགས་གསལ་པོ་བྱས་ཏེ། ཇི་མ་ཇི་བཞིན་ཕབ་སྒྱུར་བྱེད་དགོས། འདིའང་རྒན་འཕྲིན་ལས་ཆོས་གྲགས་ཀྱི་སྐབས་འགར་བསྒྱུར་བྱའི་མ་ཡིག་ཏུ་བརྗོད་དོན་བསྡུས་བཤད་བྱས་པའམ་ཤུགས་སུ་བསྟན་པ་དག་གི་གོ་དོན་མ་འཁྲུལ་བའི་ཕྱིར། བརྗོད་བྱའི་གཞི་རྟེན་དུ་གྱུར་པའི་དངོས་དོན་ཞིབ་རྟོགས་བྱེད་དགོས་པ་དང་། བསྒྱུར་བྱའི་མ་ཡིག་དང་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་རིགས་ལྟ་ཀློག་གིས་མ་ཡིག་ཏུ་གང་བཤད་དེ་རྟོགས་པ་བྱས་ན་ད་གཟོད་བསྒྱུར་དོན་གནད་ལ་འཕྲོས་པ་ཡོང་ཐུབ་ཅེས་གསུངས་པ་ནི་ཤིན་ཏུ་བདེན་ནོ། (4)བོད་ཀྱི་གནའ་ཡིག་དང་བརྡ་རྙིང་ལ་རྒྱུས་མངའ་ཡོད་པ། དེ་ནི་ཡིག་སྒྱུར་བྱེད་པའི་ཁྲོད་ཀྱི་ལས་རིམ་གལ་ཆེན་ཞིག་ཡིན་ཏེ། དོན་ནི་ཚིག་གི་འཁར་བ་ལ་བརྟན་ཕྱིར། དོན་གྱི་གོ་བ་རྙེད་པ་ལ་ཚིག་བརྡ་འཕྲོད་པ་དགོས། དེའང་རྒན་དོར་ཞི་གདོང་དྲུག་སྙེམས་བློས་མཛད་པའི་བརྡ་སྤྲོད་རིག་པའི་དོན་འགྲེལ་ལས། སྤྱིར་སྒྲ་དང་ཐ་སྙད་གང་ལ་ཡང་སྤྱིར་བཏང་གི་མཚོན་དོན་དང་། གནས་སྐབས་ཀྱི་མཚོན་དོན་གཉིས་རེ་ཡོད། སྤྱིར་བཏང་གི་མཚོན་དོན་ནི་དག་ཡིག་བརྡ་གྲོལ་ཚིག་མཛོད་སོགས་ཀྱི་སྟེང་ནས་ཤེས་ཐུབ་ཀྱང་གནས་སྐབས་ཀྱི་མཚོན་དོན་ནི་ཚིག་སྦྱོར་སྟེང་དུ་ངེས་དགོས་པ་ཡིན། དེ་ཡང་ཚིག་གི་གོང་འོག་དང་ཚིག་གྲོགས། གནས་སྐབས་ཀྱི་བརྗོད་འདོད་ཀྱི་བློ་སོགས་ལ་བརྟེན་ནས་ཤེས་དགོས་ཞེས་གསུངས་པ་ལྟར། ལོ་ཙཱ་བ་ཚོས་ཡིག་སྒྱུར་སྐབས་མིང་བརྡ་ཚིག་སོགས་ཀྱི་བཀག་རྒྱ་སེལ་བ་གལ་ཆེའོ། (5)བོད་ཀྱི་བརྡ་སྤྲོད་རིག་གནས་དང་སྙན་ངག་རིག་གནས་ལ་རྒྱུས་མངའ་ཡོད་པ། དེའང་དཔལ་མགོན་འཕགས་པ་མགོན་པོ་ཀླུ་སྒྲུབ་ཀྱིས། ཐ་སྙད་ལ་ནི་མ་བརྟེན་པར། ། དམ་པའི་དོན་ནི་རྟོགས་མི་ཐུབ། ། ཅེས་གསུངས་པ་ལྟར་མ་ཡིག་གང་དེའི་བརྗོད་བྱའི་དོན་རྟོགས་པ་ལ་བརྗོད་བྱེད་ཚིག་ལ་རག་ལུས་ཤིང་། མིང་ཚིག་བརྗོད་པས་བརྗོད་དོན་མཚོན་པར་བརྡ་སྤྲོད་རིག་པ་ལ་བརྟེན་དགོས་པས། མ་ཡིག་གི་གོ་དོན་གསལ་རྟོགས་ཡོང་ཆེད་བརྡ་སྤྲོད་རིག་པར་སྦྱངས་པ་མཐར་ཕྱིན་དགོས། དེའང་མི་དབང་ཕོ་ལྷའི་རྟོགས་བརྗོད་ནང་སྙན་ངག་གི་ཆ་མང་པོ་ཡོད་པས། ལོ་ཙཱ་བ་གང་དེས་བོད་ཀྱི་སྲོལ་རྒྱུན་སྙན་ངག་ལ་སྦྱངས་པ་དང་ཤེས་རྟོགས་ངེས་ཅན་དགོས་སོ།
གསུམ། མི་དབང་ཕོ་ལྷའི་རྟོགས་བརྗོད་ཀྱི་རྩོམ་ལུས་དང་ཡིག་སྒྱུར་ཐབས་ལམ་བཤད་པ།
རྗོད་བྱེད་ཀྱི་ཚིག་རྣ་བར་སྙན་ཞིང་སྦྱོར་བའི་འགྲོས་ལ་ཕུགས་པའི་ཐོག་ནས་སྐབས་བབས་ཀྱི་བརྗོད་བྱའི་དོན་ཁ་གསལ་གནད་ལ་འཕྲོས་ཐུབ་པའི་བྱེད་ལས་ལྡན་པ་ཞིག་ལ་སྙན་ངག་ཟེར་ཞིང་། དེས་རྩོམ་རིག་སྤྱི་ཁོངས་ལ་གོ་བ་ལེན་ན་ཆོག མི་རྣམས་ཀྱི་ནང་བསམ་པའི་བརྗོད་འདོད་དང་རྣམ་དཔྱོད་ལས་འཁྲུངས་པའི་ཤེས་རིག་ཡིག་ཐོག་ནས་མཚོན་ཚུལ་ཇི་ལྟ་བུ་ཡིན་ཞེ་ན། སྙན་ངག་མཁས་དབང་རྒན་རྡོ་མགོན་གསང་བདག་རྡོ་རྗེས་མཛད་པའི་སྙན་ངག་ལེགས་བཤད་གཏེར་འབུམ་ལས། ལུས་ནི་རེ་ཞིག་འདོད་པ་ཡི། ། དོན་གྱི་རྣམ་བཅད་ཚིག་གི་ཕྲེང་། ། དེ་ཡང་ཚིག་བཅད་ལྷུག་པ་དང་། ། སྤེལ་མ་རྣམ་གསུམ་ཉིད་དུ་གནས། ། ཞེས་གསུངས་ཏེ། སྨྲ་བ་པོའི་བརྗོད་འདོད་ཀྱིས་ཀུན་ནས་བླངས་པའི་བརྗོད་བྱ་གང་ཡིན་པ་དེ། འདོད་པའི་དོན་གྱིས་རྣམ་པར་བཅད་དེ། འདོད་དོན་སྟོན་བྱེད་དུ་མཁོ་བ་རྣམས་བླངས་ཤིང་། མི་མཁོ་བ་རྣམས་དོར་ནས་རྗོད་བྱེད་ཚིག་གི་ཕྲེང་བར་ལེགས་པར་སྤེལ་བ་ཞིག་ཡིན་ལ། དེ་ཡང་ཚིགས་སུ་བཅད་པ་དང་། ལྷུག་པ། སྤེལ་མ་སྟེ་རྣམ་པ་གསུམ་གང་རུང་དུ་གནས་པ་ཞིག་གོ ། ཞེས་གསུངས་པ་བཞིན་དུ་བརྗོད་འདོད་ཀྱི་དོན་རྣམས་ཡིག་ཐོག་ཏུ་མཚོན་པར་ཐབས་ལམ་གསུམ་དུ་ཤེས་པར་བྱའོ། དེས་ན། མི་དབང་ཕོ་ལྷའི་རྟོགས་བརྗོད་དེ་ལ་ཡང་རྩོམ་ལུས་འདི་གསུམ་ལས་མ་འདས་སོ། དེའང་མི་དབང་ཕོ་ལྷའི་རྟོགས་བརྗོད་ཀྱི་རྩོམ་ལུས་ནི་བཅད་ལྷུག་སྤེལ་མ་ཡིན། དེ་ཡང་ཚིགས་སུ་བཅད་པ་དང་ཚིགས་སུ་མ་བཅད་པར་ཚིག་ལྷུག་དུ་བརྗོད་པ་གཉིས་སྤེལ་ནས་བརྗོད་དོན་མཚོན་ཐབས་བྱེད་པ་ཤིག་ལ་གོ དེ་བསྟུན་གྱི་ཡིག་སྒྱུར་ཐབས་ལམ་བཤད་པ་ལ་བཅད་ལྷུག་སྤེལ་མའི་རྩོམ་ལུས་འདི། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་རྩོམ་ལུས་ཤིག་ཡིན། དེ་ཡང་ཚིག་རྒྱན་རིག་པའི་སྒོ་འབྱེད་ལས། ལུས་ནི་བརྗོད་པར་འདོད་པ་ཡི། ། དོན་གྱི་རྣམ་བཅད་ཚིག་གི་ཕྲེང་། ། ཞེས་གསུངས་པ་ལྟར། རྩོམ་ཡིག་གི་ལུས་ནི་རྩོམ་པ་པོས་རང་གི་སྐབས་བབས་ཀྱི་བརྗོད་དོན་མཚོན་པར་བྱེད་པའི་ལག་ཆ་ཞིག་ཡིན་པས། དོན་གྱི་གནས་རྣམས་རྗོད་བྱེད་ཚིག་གི་ཕྲེང་བར་བཀོད་པ་ཞིག་ལ་གོ་བ་ཡིན། དེའང་སྙན་ངག་ཡིག་སྒྱུར་བྱེད་སྐབས་བརྗོད་བྱའི་དོན་དང་། རྗོད་བྱེད་ཚིག་ཉམས། རྩོམ་པ་པོའི་འདུ་ཤེས་སོགས་མ་ཡིག་གི་རིན་ཐང་མ་ཉམས་པའི་ཐོག་བུ་ཡིག་ཏུ་མཚོན་པ་དགོས། དེའང་རྒྱ་བོད་ཡིག་སྒྱུར་སློབ་དེབ་བློ་གསལ་མིག་སྒྲོན་ལས། ཚིགས་བཅད་དང་། ཚིག་ལྷུག བཅད་ལྷུག་སྤེལ་མ་གང་རུང་གི་ལམ་ནས་འབྲི་སྲོལ་ཡོད་པ་དེ་ཡིན། སྤྱིར་བཏང་གི་མ་ཡིག་གི་རྩོམ་ལུས་ཇི་མ་ཇི་བཞིན་བསྒྱུར་མི་ཐུབ་ན་ཡང་མ་ཡིག་དང་འདྲ་མཚུངས་ཙམ་ཞིག་ཡོང་བ་བྱ་དགོས། རྒྱུ་མཚན་ནི་སྙན་ངག་ལ་མཚོན་ན་རྩོམ་ལུས་ནི་ཧ་ཅང་གལ་ཆེན་ཞིག་ཡིན་པ་དང་། དེའི་ནང་དུ་ཡང་ནང་དོན་མི་ཉུང་བ་ཞིག་འདུས་ཡོད། དེར་བརྟེན། མ་ཡིག་ཚིགས་བཅད་ཀྱི་ལམ་ནས་བྲིས་པ་ཞིག་ཡིན་ན་འགྱུར་ཡིག་གི་ཚིག་བཅད་དུ་བསྒྱུར་བ་དང་། མ་ཡིག་ཚིག་རིང་ཐུང་མི་མཉམ་པའི་རང་མོས་སྙན་ངག་གི་ལམ་ནས་བྲིས་ཡོད་ན་འགྱུར་ཡིག་ཀྱང་དེ་ལྟར་རང་མོས་སྙན་ངག་གི་ལམ་ནས་བསྒྱུར་ན་ལེགས་ཞེས་གསུངས་པ་ལྟར། མི་དབང་ཕོ་ལྷའི་རྟོགས་བརྗོད་ཀྱི་རྩོམ་ལུས་ནི་བཅད་ལྷུག་སྤེལ་མ་ཡིན་པས། འགྱུར་ཡིག་ཏུ་བཅད་ལྷུག་སྤེལ་མའི་རྩོམ་ལུས་མ་ཉམས་པར་བསྒྱུར་དགོས་སོ། སྙན་ངག་ཡིག་སྒྱུར་གྱི་ལམ་ནས་མཚོན་ན་མཐའ་གཅིག་ཏུ་ངེས་པ་ཞིག་མེད་ཅིང་། གཙོ་བོ་བརྗོད་བྱའི་དོན་ལ་གཞིགས་དགོས་པར་སྣང་། དེའང་མི་དབང་ཕོ་ལྷའི་རྟོགས་བརྗོད་ལ་མཚོན་ན། གཙོ་བོ་སྲིད་འཛིན་མི་སྣ་ཞིག་གི་ལོ་རྒྱུས་བྱུང་བ་བརྗོད་པ་ཡིན་པས། ཇི་བཞིན་བརྗོད་པའི་རྒྱན་མང་པོ་སྤྱད་ཡོད། དེར་བརྟེན། བུ་ཡིག་ཏུ་ཕབ་སྒྱུར་བྱེད་སྐབས་དོན་གྱི་གོ་བ་གཙོ་བོར་བཟུང་ནས་རྩོམ་ལུས་ཇི་བཞིན་མ་ཉམས་དོན་སྒྱུར་གྱི་ཐབས་ལམ་སྤྱད་ན་ལེགས་པར་སེམས་སོ།
(བོད་ལྗོངས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཕུར་བུ་གཡུ་སྒྲོན)
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣