འཛིན་གྲྭའི་ཀྲུའུ་རེན་གྱི་ལས་ཀ་ནི་སློབ་གྲྭའི་ནང་རྙོག་དྲ་ཚ་ཤོས་དང་ལས་ཀ་ཙག་ཙིག་མང་ཤོས་ཀྱི་བྱ་བ་ཞིག་རེད། འཛིན་གྲྭའི་ཀྲུའུ་རེན་གྱི་ལས་ཀ་ཡག་པོབྱུང་མིན་དེ་འཛིན་གྲྭའི་དོ་དམ་ནུས་པ་དང་སློབ་མ་སྐྱོན་བྲལ་ངང་འཚར་ལོངས་ཐུབ་མིན་དང་ཐད་ཀར་འབྲེལ་བ་ཡོད་པས། འཛིན་གྲྭའི་ཀྲུའུ་རེན་གྱི་ལས་ཀར་ཕྱོགས་གང་ས་ཅི་ཐད་ནས་བླང་བྱ་མཐོ་པོ་བཏོན་དགོས། གང་ལགས་ཤེ་ན། དེ་ཡང་། “གང་ཞིག་གསེར་གྱི་རི་ལ་བསྙེས་གྱུར་ན། དེ་ཡི་འདབས་ཆགས་ཐམས་ཅད་གསེར་དུ་གྱུར”ཞེས་པའི་དཔེ་ལྟར་འཛིན་གྲྭའི་ཀྲུའུ་རེན་གྱིས་སློབ་མའི་བསམ་སྤྱོད་ལ་ཐེབས་པའི་ཤུགས་རྐྱེན་ནི་སློབ་ཚན་གཞན་གྱི་དགེ་རྒན་དང་བསྡུར་ཐབས་བྲལ་ཞིང་། ལྷག་པར་དུ་སློབ་ཆུང་གི་འཛིན་གྲྭའི་ཀྲུའུ་རེན་ཞིག་གིས་གཡོ་ལྷད་ཀྱི་གཡའ་དང་བྲལ་ཞིང་བློ་རིག་གི་གཤོག་རྩལ་རྒྱས་བཞིན་པའི་བྱིས་པ་ཚོར་གོམས་གཤིས་བཟང་པོ་ཞིག་འཇགས་པ་བྱེད་པར་ནུས་པ་ཆེན་པོ་ཐོན་བཞིན་ཡོད་པས། འཛིན་གྲྭའི་ཀྲུའུ་རེན་གྱི་ངོས་ནས་སེམས་ནུས་ཡོད་རྒུས་སློབ་གསོ་སློབ་ཁྲིད་ཀྱི་ལས་ཀར་གཞོལ་བ་དང་ཞིབ་ཚགས་ནན་ཏན་བྱེད་དགོས་པ་ཕུད། ད་དུང་སློབ་མའི་སེམས་ཁམས་ལ་བརྟེན་ནས་བྱ་ཐབས་སྣ་མང་སྤྱད་དེ་འཛིན་གྲྭར་དོ་དམ་བྱེད་དགོས་ཤིང་། གཤམ་དུ་གུས་མོས་ལོ་མང་རིང་འཛིན་གྲྭའི་ཀྲུའུ་རེན་བྱས་པའི་མྱོང་བར་བརྟེན་ནས་སློབ་ཆུང་གི་འཛིན་གྲྭའི་ཀྲུའུ་རེན་གྱིས་འཛིན་གྲྭར་དོ་དམ་ཇི་ལྟར་བྱེད་དགོས་པའི་ཐད་རང་ཉིད་ཀྱི་བསམ་ཚུལ་ཕྲན་ཙམ་བརྗོད་པར་བྱའོ།
དང་པོ། སློབ་མ་བྱམས་ཀྱིས་སྐྱོང་དགོས།
སློབ་གསོ་བ་ཆེ་མོ་མ་ཁྭ་ལེན་ཁེས“བྱམས་སེམས་ནི་སློབ་གསོའི་རྨང་གཞི་ཡིན་པས། བྱམས་སེམས་མེད་ན་སློབ་གསོ་ཡང་མེད”ཅེས་གསུངས་ལ། གང་ཟག་གཙོ་བོར་འཛིན་པའི་སེམས་ཁམས་རིག་པ་བ་ལོ་ཅེ་སི་ཡིས་ཀྱང“མི་ཆོས་དང་མཐུན་པའི་ཁོར་ཡུག་གིས་དེ་དང་འབྲེལ་བའི་གང་ཟག་ཐམས་ཅད་ལ་སྤྲོ་སྣང་གི་མྱོང་བ་འཛད་མེད་སྦྱིན་ཐུབ་པ་ཙམ་མ་ཟད། དེ་ལས་དོན་སྙིང་ཆེ་བའི་སློབ་གཉེར་གྱི་སྒུལ་ཤུགས་འཕེལ་སྲིད”ཅེས་གསུངས་པ་བཞིན། བྱམས་སེམས་ཀྱིས་ཕྱུག་པའི་སློབ་གསོའི་ཐབས་ལམ་ནི་འཛིན་གྲྭའི་ཀྲུའུ་རེན་གྱི་བྱ་བའི་འགོ་འཛུགས་ས་དང་དོན་ལ་འབབ་སའང་རེད། དེས་ན། འཛིན་གྲྭའི་ཀྲུའུ་རེན་གྱིས་སློབ་མའི་རིག་པ་དང་ཀུན་སྤྱོད་དམ། སྦྱངས་འབྲས་སོགས་ཡག་ཉེས་ལ་མི་བལྟོས་པར་སློབ་མ་ཀུན་ལ་བཏང་སྙོམས་ཀྱི་ལྟ་སྟངས་འཛིན་པ་དང་བྱམས་སེམས་འཆང་བ། ངང་རྒྱུད་རིང་བ་བཅས་ཀྱི་སྒོ་ནས་འཛིན་གྲྭ་དེའི་ལས་དོན་རྣམས་ལེགས་པར་སྒྲུབ་དགོས་པ་ནི་ཤིན་ཏུ་གལ་ཆེ་བར་སྙམ། གང་ལགས་ཤེ་ན། སློབ་མ་སོ་སོའི་རང་གཤིས་མི་འདྲ་བས་བསམ་བློའི་འཁྱེར་བཟོ་དང་བྱེད་ལུགས་བྱེད་སྟངས་མི་འདྲ་བ་དང་། སློབ་མས་ནོར་བ་དང་འཁྲུལ་བ་སོགས་བྱུང་ཚེ། བཟོད་སྒོམ་དང་བསམ་ཤེས་བྱེད་དགོས་ལ། སློབ་ཕྲུག་སོ་སོའི་རྒྱུད་ལ་ལྡན་པའི་ལེགས་ཆ་དང་དགེ་མཚན་སྔོག་འདོན་དང་དར་སྤེལ་གང་ལེགས་བྱེད་དགོས། དེ་ལྟར་བྱས་ན། སློབ་གསོའི་ཁོར་ཡུག་བཟང་པོ་བསྐྲུན་ཐུབ་ལ། སློབ་མས་དགེ་རྒན་ལ་ཡིད་ཆེས་དང་ཁས་ལེན་གྱི་བསམ་པའང་བཅངས་སྲིད་པས། སློབ་གསོའི་ནུས་པའང་ངམ་ངམ་ཤུགས་སུ་ཐོན་ཡོང་། “གང་ཞིག་བཤེས་གཉེན་ཕྱོགས་ལ་གུས་གྱུར་ན། དེ་ཡི་གནས་ལུགས་ཕྱོགས་ལའང་ཡིད་ཆེས་ཐོབ”ཅེས་པའི་ལེགས་བཤད་བཞིན་བྱམས་སེམས་ཀྱིས་ཕྱུག་པའི་ཁོར་ཡུག་ཁྲོད། ད་གཟོད་སློབ་མས་རང་འགུལ་ངང་འཛིན་གྲྭའི་ཀྲུའུ་རེན་གྱི་སློབ་སྟོན་དང་སྐྱོན་བརྗོད་སེམས་ཀྱི་གཏིང་ལ་བཞག་ནས་དང་ལེན་བྱེད་སྲིད།
གཉིས་པ། དམིགས་ཚད་དང་ལམ་སྲོལ་བཟོ་དགོས།
གོང་དུ་ཞུས་པ་བཞིན་བྱམས་སེམས་ནི་སློབ་གསོའི་མ་མ་ལྟ་བུ་ཡིན་པས། སློབ་གསོའི་བརྒྱུད་རིམ་ཁྲོད་ཐོན་པའི་ནུས་པ་ནི་ངོ་མ་སྨྲ་བསམ་བརྗོད་ལས་འདས། འོན་ཀྱང་མི་ཚེའི་ལམ་བུའི་སྟེང་འཇུག་མ་ཐག་པའི་ལས་དང་པོ་བའི་བྱིས་པ་སེམས་མེད་ཅིག་ལ་རྩ་དོན་དང་ཆ་རྐྱེན་གང་ཡང་མེད་པར་སློབ་མའི་འདོད་པ་བསྟུན་ཐབས་ཁོ་ན་དང་བཟོད་སྒོམ་ཁོ་ན་བྱས་ནས་དགོས་ངེས་ཀྱི་སྒྲིག་སྲོལ་དང་ལམ་ལུགས་ཀྱི་ཚོད་འཛིན་དང་བཀག་སྡོམ་མ་བྱས་ན་འགྲིག་ཐབས་མེད། དུས་རབས་གསར་པའི་སློབ་གསོར་དེ་དང་མཐུན་པའི་ཚད་ལྡན་དང་ལུགས་མཐུན་གྱི་དོ་དམ་དམིགས་ཚད་དགོས་ཤིང་། འཛིན་གྲྭའི་དོ་དམ་ལའང་དེ་ལས་མ་འདས། དེར་བརྟེན་འཛིན་གྲྭའི་དོ་དམ་ལ་ལས་ཆོད་དེ་བས་ཆེ་བ་དང་ཕན་འབྲས་དེ་བས་ལེགས་པ་ཞིག་ཐོན་དགོས་ན། ངེས་པར་དུ་འཛིན་གྲྭ་ཡོངས་ཀྱི་འཕེལ་རྒྱས་དམིགས་ཚད་བཟོ་དགོས་ལ་སློབ་མ་སྒེར་གྱི་ཡར་རྒྱས་ཀྱི་དམིགས་ཚད་ཀྱང་བཟོ་དགོས་ཤིང་། དེའི་ནང་སློབ་མའི་སློབ་གཉེར་དང་། སྒྲིག་ལམ། གཙང་སྦྲ་འཕྲོད་བསྟེན་སོགས་ཕྱོགས་མང་པོར་བླང་བྱ་བཏོན་ནས་སྒྲིག་ཁྲིམས་ཁ་གསལ་དང་ལམ་ལུགས་འཐུས་ཚང་བཟོ་དགོས། མི་སྒེར་གྱི་འབད་བརྩོན་དམིགས་ཚད་དང་འཛིན་གྲྭ་ཐུན་མོང་གི་འབད་བརྩོན་དམིགས་ཚད་གཅིག་མཐུན་བྱུང་ན། ད་གཟོད་འཛིན་གྲྭར་ཡར་བརྩོན་མདུན་སྐྱོད་ཀྱི་གོམས་སྲོལ་བཟང་པོ་ཞིག་ཆགས་སྲིད། འཛིན་གྲྭའི་དམིགས་ཚད་མངོན་འགྱུར་བྱེད་དགོས་ན། ཞིབ་ཕྲའི་སྒྲིག་སྲོལ་དང་སྤྱི་ཆིངས་བཟོ་དགོས་ལ་ལག་ལེན་ཡང་ནན་པོ་བསྟར་དགོས། ལྷག་པར་དུ་ཐུན་མོང་གི་སྤྱི་ཆིངས་དེ་ཞིབ་ཕྲ་དང། དོན་དངོས་དང་འཚམས་པ་དགོས་ལ་ལག་ལེན་དངོས་ནང་དོན་འཁྱོལ་བྱེད་བདེ་པོ་ཡོང་བ་བྱེད་དགོས། དཔེར་ན་ཉིན་རེའི་འཆར་ཅན་གྱི་བླང་བྱ་དང་ལས་རེས་ཀྱི་ལས་བགོས། འཛིན་གྲྭའི་ལས་བྱེད་པའི་འགན་འཁྲི་སོགས་ཁ་གསལ་བཟོས་ནས་བྱ་སྤྱོད་ཚང་མར་གཞི་འཛིན་ས་དང་ཚད་འཇལ་ས་ཡོད་པ་བྱས་ནས། འཛིན་གྲྭའི་དོ་དམ་གྱི་ལས་ཆོད་ཆེ་རུ་བཏང་ནས་འཛིན་གྲྭའི་ལས་ཀ་དག་གོ་རིམ་ལྡན་ཞིང་ལུགས་མཐུན་གྱི་ལམ་དུ་འདྲེན་དགོས།
གཞན་ཡང་འཛིན་གྲྭའི་སྒྲིག་སྲོལ་ནང་ད་དུང་སློབ་ཕྲུག་ཕན་ཚུན་འགྲན་རྩོད་ཀྱི་ནང་དོན་ཡང་བཟོ་དགོས་ཤིང་། དེ་ནི་སློབ་ཕྲུག་ལ་ངར་ཤུགས་སློང་བའི་ཐབས་མཆོག་ཅིག་རེད། དཔེར་ན་སྦྱོང་གཞི་ལེགས་གྲུབ་ཡག་ཞན་ལ་གཞིགས་ནས་མེ་ཏོག་དམར་པོའི་བྱ་དགའ་སྤྲོད་པ་དང་གཙང་སྦྲ་ཡག་ཉེས་ལ་བལྟས་ནས་སྐར་གྲངས་རྒྱག་པ་སོགས་ལ་བརྟེན་ནས་སློབ་མའི་ངར་ཤུགས་འཕེལ་བ་བྱེད་དགོས། དེ་ལྟར་བྱས་ན་སློབ་མ་སོ་སོའི་བྱ་སྤྱོད་ལ་སྣེ་ཁྲིད་དང་མིག་ལྟོས་ཀྱི་ནུས་པ་ཐོན་སྲིད་ལ། རང་ཉིད་ལ་ངེས་ཤེས་ཤིག་རྙེད་ནས་ཡར་བརྩོན་གྱི་ལམ་བུར་མདུན་སྐྱོད་ཀྱི་སྒུལ་ཤུགས་སྐྱེ་ཐུབ། གཞན་ཡང་འགྲན་རྩོད་ཐབས་ལམ་འདི་ཉིད་སློབ་མ་སོ་སོའི་ལེགས་ཆ་དང་ཁྱད་ཆོས་མི་འདྲ་བར་གཞིགས་ནས་གང་ལ་དེ་འཚམས་དང་གོམ་གང་མདུན་སྤོས་ཀྱིས་དམིགས་འདུན་དང་ཉེ་བཅར་བྱས་ན་ཕན་འབྲས་རིམ་བཞིན་ཐོན་འོང་།
གསུམ་པ། སློབ་མའི་ཁྱིམ་བདག་དང་འབྲེལ་འདྲིས་མང་ཙམ་བྱེད་དགོས།
སློབ་མ་སྐྱོན་བྲལ་ངང་འཚར་དགོས་ན། སློབ་གྲྭ་ཙམ་མ་ཟད། ཁྱིམ་ཚང་དང་སྤྱི་ཚོགས་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས། གལ་སྲིད་དེར་མཐུན་རྐྱེན་གཅིག་མ་འཛོམས་ན། སློབ་མ་སྐྱོན་བྲལ་ངང་འཚར་ཐབས་བྲལ། ལྷག་པར་དུ་ཁྱིམ་ཚང་ནི་བྱིས་པའི་སློབ་གྲྭ་ཐོག་མ་དེ་ཡིན་ལ་ཁྱིམ་བདག་ནི་བྱིས་པའི་དགེ་རྒན་དང་པོ་དེའང་ཡིན་པས། བྱིས་པ་བདེ་བླག་ངང་འཚར་རྒྱུ་ནི་ཁྱིམ་ཚང་དབར་ཐད་ཀའི་འབྲེལ་བ་ཡོད་ཅིང་། ནམ་ཞག་ཀུན་ཏུ་ཁྱིམ་བདག་གི་གཏམ་གླེང་དང་བྱ་སྤྱོད་ཚང་མས་ཕྲུ་གུའི་བློ་ངོར་བག་ཆགས་ཟབ་མོ་འཇོག་བཞིན་ཡོད། གཞན་ཡང་། ཕྲུ་གུ་སོ་སོའི་ཁྱིམ་བདག་གི་བྱང་ཚད་དང་སློབ་གསོར་འཛིན་པའི་ལྟ་བ་དང་ཐབས་ལམ་མི་འདྲ་བའི་དབང་གིས་ཕྲུ་གུའི་རང་གཤིས་ཀྱང་མི་འདྲ་བ་ཡོང་གི་ཡོད་ལ། སློབ་སྦྱོང་གི་རྣམ་འགྱུར་དང་གོམས་འདྲིས་ཀྱང་རིམ་གྱིས་མི་འདྲ་བ་ཆགས་ཀྱི་ཡོད་པས། འདི་ལས་ཁྱིམ་བདག་ཚོས་ཕྲུ་གུའི་མདུན་དུ་རང་ཉིད་ཀྱི་གཏམ་སྤྱོད་ལ་དོ་སྣང་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་པ་ང་ཚོས་ཟུར་བལྟས་ལེབ་མཐོང་ངོ་།
ད་དུང་ཁྱིམ་ཚང་གི་སློབ་གསོ་ལམ་ལྷོངས་མ་བྱུང་བའི་བྱིས་པ་ཞིག་ཡིན་ཚེ། སློབ་གྲྭའི་སློབ་གསོ་ཡང་སྤྱིར་ན་ལེགས་པོ་ཡོང་མི་ཐུབ་ལ། སློབ་གསོའི་ཕན་འབྲས་ཀྱང་ཐོན་མི་ཐུབ། ཁྱིམ་བདག་འགའ་རེས་རྟག་ཏུ་ཕྲུ་གུའི་སློབ་གསོ་དེ་སློབ་གྲྭ་ཁོ་ནའི་ལས་འགན་དུ་སེམས་ནས་ཁྱིམ་ཚང་སློབ་གསོར་སྣང་ཆུང་བྱེད་བཞིན་པ་ལས་རང་ཉིད་ཀྱི་ཕྲུ་གུའི་ཀུན་སྤྱོད་དང་སྦྱངས་འབྲས་སོགས་གཞན་གྱི་རྗེས་སུ་ལུས་ཀྱི་ཡོད་ལ། གནད་དོན་མང་པོ་ཐོན་བཞིན་ཡོད། གལ་ཏེ་ཚང་མས་གཡས་གཞོགས་གཡོན་འདེགས་དང་། ལྷག་པར་དུ་འཛིན་གྲྭའི་ཀྲུའུ་རེན་གྱི་ལས་ཀར་ཁྱིམ་བདག་གི་རོགས་སྐྱོར་ཡག་པོ་བྱུང་ན། ད་གཟོད་ཕྲུ་གུ་བདེ་ཐང་ངང་འཚར་རྒྱུར་འགན་ལེན་ཐུབ། དེར་བརྟེན་འཛིན་གྲྭའི་ཀྲུའུ་རེན་གྱིས་ཁྱིམ་བདག་དང་འབྲེལ་ལམ་ཟབ་མོ་བཙུགས་ནས་དུས་ཐོག་ཏུ་ཁྱིམ་བདག་ལ་འབྲེལ་བ་བྱེད་པ་དང་། ཕྲུ་གུའི་ཁྱིམ་ཚང་ལ་རྒྱུས་མངའ་གཏིང་ཟབ་ལོན་པ་བྱས་ན། གཞི་ནས་འཛིན་གྲྭའི་དོ་དམ་ལས་ཀ་དེ་དམིགས་འབེན་ཡོད་ལ་གདེང་ཚོད་ཡོད་པའི་ངང་སྤེལ་ཐུབ་བོ།
(ལྷ་ས་ཁྲེང་ཀོན་ཆུས་ཧེའེ་ཏན་སློབ་ཆུང་གི་ཟླ་འོད་ཀྱིས)