སློབ་གསོའི་དམིགས་ཡུལ་ནི་མི་རྣམས་ཀྱི་ཀུན་སྤྱོད་དང་། ཤེས་རིག གཟུགས་པོ་བཅས་བདེ་ཐང་ངང་འཚར་ལོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་བཞི་སྐྲུན་ཐུབ་པའི་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཡིན། འཇར་མན་གྱི་སློབ་གསོ་རིག་པ་མཁས་ཅན་ཧེའར་པ་ཐེ་ཡིས་སློབ་གསོའི་ཚད་མཐོའི་དམིགས་ཡུལ་ནི“ཀུན་སྤྱོད”ཡིན་ཞེས་གསུངས། དེར་བརྟེན་ང་ཚོས་ཕྱོགས་ལྷུང་གི་སློབ་ཁྲིད་ཐབས་ལམ་ལས་འགལ་ཏེ་སློབ་ཁྲིད་གསར་པའི་སྣེ་ཁྲིད་འོག་སློབ་གསོའི་ལས་འགུལ་སྤེལ་རྒྱུ་ནི་ཤིན་ཏུ་ནས་དགོས་གལ་ཆེ་སྙམ།
གཅིག རྩིས་རིག་སློབ་ཁྲིད་བྱ་ཐབས་དེ་བྱང་ཚད་སློབ་གསོར་བསྒྱུར་དགོས།
སློབ་མའི་རང་ཚུགས་དང་། མཉམ་ལས། འཚོལ་དཔྱད་ཀྱི་སློབ་སྦྱོང་བྱེད་ཚུལ་སྐུལ་སྤེལ་གཏོང་དགོས། སློབ་ཕྲུག་གི་ཡིག་རྒྱུགས་གྲུབ་འབྲས་གལ་ཆེན་ཡིན་ལ། ཁོང་ཚོའི་ཀུན་སྤྱོད་དང་། གཟུགས་པོ། འཇོན་ཐང་བཅས་གསོ་སྐྱོང་བྱ་རྒྱུ་ནི་དེ་བས་གལ་ཆེ། དེར་བརྟེན། སློབ་གསོ་བ་ཚོས་ལོ་རིམ་དྲུག་པའི་སློབ་ཚན་བཀོད་སྒྲིག་བྱེད་སྐབས་ཡིག་རྒྱུགས་སྤྲོད་དགོས་མེད་པའི་སློབ་ཚན་རྣམས་ཀྱང་རེའུ་མིག་ནང་བཀོད་སྒྲིག་བྱེད་དགོས་ལ། གཙོ་གནད་སློབ་ཚན་དང་གཅིག་མཚུངས་ཀྱིས་ཚུགས་ཐུབ་པ་དགོས། དགེ་རྒན་གྱིས་ཀྱང་རི་མོའི་སློབ་ཚན་དང་། གླུ་གཞས། ལུས་རྩལ། གློག་ཀླད་སོགས་ཀྱི་སློབ་ཁྲིད་བྱེད་སྒོ་སྤེལ་རྒྱུ་ནི་གལ་ཆེན་ཞིག་རེད་ལ་ལྷོད་གཡེང་སུ་གཏན་ནས་གཏོང་མི་རུང་། སློབ་གྲྭའི་སློབ་སྤྱི་ཚོས་ཀྱང་སློབ་ཚན་གཙོ་བོ་དང་ཕལ་པ་ལ་དབྱེར་མེད་ཀྱི་ལྟ་སྟངས་འཛིན་དགོས་པ་དང་། སློབ་ཁྲིད་ཀྱི་རེ་བ་ཡང་ནན་ཏན་བྱ་དགོས་པ་དེ་ཡིན། གཞན་ཡང་སློབ་ཕྱིའི་སྦྱང་གཞི་དང་ཁྱིམ་སྦྱོང་སོགས་ཀྱང་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་འོས་འཚམ་བྱེད་དགོས། རྒན་ལགས་ཚོས་སློབ་ཁྲིད་དང་དངོས་ཡོད་འཚོ་བའི་ནང་དོན་ཟུང་འབྲེལ་བྱས་ཏེ་སློབ་ཕྲུག་གི་ཤེས་བྱ་དེ་དོན་དངོས་འཚོ་བའི་ནང་ལག་ལེན་བྱ་རྒྱུ་ཤེས་སུ་བཅུག་ནས། སློབ་ཕྲུག་ལ་སྤྲོ་ནང་ལྡན་པའི་བག་ཆགས་བཟང་པོ་ཞིག་འཇགས་པ་བྱས་ན་ཕན་འབྲས་བཟང་པོ་ཞིག་ཐོན་རྒྱུར་ཐེ་ཚོམ་མེད།
རང་ཚུགས་ཀྱི་སློབ་སྦྱོང་ནི། སྦྱང་བྱའི་དོན་ལ་སློབ་སྦྱོང་བྱེད་པའི་དམིགས་ཚད་གསལ་པོ་ཡོད་པ་དང་། སློབ་སྦྱོང་གི་ནང་དོན་དང་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནས་རང་འགུལ་གྱིས་སྦྱོང་འདོད་བསམ་བློ་ཡོད་པའི་སློབ་སྦྱོང་གི་ཐབས་ཤེས་ཤིག་ཡིན། དེ་ཡང་སློབ་ཕྲུག་འཕྲུལ་འཁོར་ལྟ་བུར་འཛིན་པའི་བསམ་བློ་མི་འཁྱེར་བར་སློབ་སྦྱོང་དུས་ཚོད་བཀོད་སྒྲིག་འོས་འཚམ་བྱེད་པ་དང་སློབ་སྦྱོང་གི་ཁུར་པོ་ཇེ་ཡང་དུ་བཏང་ནས། སློབ་མ་སོ་སོའི་དགའ་མོས་གང་ཡིན་པ་དེར་བརྩི་བཀུར་དང་མཐོང་ཆེན་བྱེད་པ་ལས་བཀག་སྡོམ་བྱ་མི་རུང་། དེར་བརྟེན་ང་ཚོས་སློབ་ཕྲུག་ལ་རང་དབང་མེད་པར་ཨུ་ཚུགས་ཀྱིས་སྦྱོང་དུ་མི་འཇུག་པ་དང་། རང་འགུལ་ངང་སྦྱོང་སྤྱོད་སྤེལ་གསུམ་ཐུབ་པའི་མི་སྣ་གསོ་སྐྱོང་གི་སློབ་གསོ་གཏོང་ཐབས་ལ་འབད་དགོས་པ་དང་། སློབ་ཁྲིད་སྐབས་སློབ་མའི་གཙོ་གཞིའམ་ལྟེ་བའི་ནུས་པ་སྤྱད་དེ། རང་འགུལ་གྱི་གྲབས་སྦྱོང་བྱེད་པ་དང་། སྤྲོ་ནང་ལྡན་པའི་ངང་གནད་དོན་ལ་བསམ་གཞིག་དང་། སློབ་གཞི་ལས་བསྟན་པའི་བླང་དོར་གྱི་གནད་ཕྱིན་ཅི་མ་ལོག་པར་རང་རྟོགས་ཀྱིས་རྟོགས་ཐུབ་པ་བྱེད་དགོས། དཔེར་ན། བོངས་ཚད་འཇལ་བྱེད་ཀྱི་སློབ་ཁྲིད་སྐབས། དང་ཐོག་དགེ་རྒན་གྱིས་སློབ་སྦྱོང་ཡོ་ཆས་གྲ་སྒྲིག་བྱེད་དགོས་ཏེ། དེ་ཡང་སོ་སོར་གཤོང་ཚད་ཧའོ་ཧྲེང་500ལོན་པའི་ཆུ་སྣོད་དང་། ཧྥེན་སྨི་ལྷམ་པ་1ལོན་པའི་གཤོང་ཚད་སྣོད། ཧྲེང་1ལོན་པའི་གཤོང་ཚད་སྣོད། ཆུ་སྙིགས་ཀྱི་སྣོད་གཅིག་བཅས་གྲ་སྒྲིག་བྱེད་དགོས། རེ་བར། སློབ་ཕྲུག་མཉམ་ལས་བྱས་ཏེ་ཚང་མས་ལག་པ་འགུལ་ནས་ཧྲེང་དང་། ཧའོ་ཧྲེང་། ཧྥེན་སྨི་ལྷམ་པ། ལིའི་སྨི་ལྷམ་པ་སོ་སོའི་བར་གྱི་འབྲེལ་བ་ལ་འཚོལ་ཞིབ་བྱེད་དུ་བཅུག་རྗེས། སློབ་མ་སོ་སོས་ཤེས་པའི་དོན་དེ་ཕན་ཚུན་གསལ་བཤད་བྱ་རྒྱུ་ཡིན་ཞེས་ཀུན་སློང་བྱས་ན་ཁོང་ཚོར་སྤྲོ་བ་དང་དགའ་མོས་ཆེས་ཆེར་སྐྱེས་ཤིང་། རྩིས་རིག་སློབ་ཚན་དེ་སྦྱོང་འདོད་ཀྱི་བློ་རབ་ཏུ་འཕེལ་བ་ཙམ་མ་ཟད་ཤེས་པའི་ནང་དོན་དེ་ཡང་བརྗེད་པར་དཀའ་བ་ཞིག་ཆགས།
གལ་ཏེ་སློབ་ཁང་ནང་གི་འགྲན་རྩོད་དེ་མཉམ་ལས་སུ་འགྱུར་བ་ཡིན་ན། རྗེས་སུ་ལུས་པའི་སློབ་མའི་ཁ་གྲངས་ཉུང་དུ་སོང་བ་དང་སློབ་ཕྲུག་ཕན་ཚུན་ཡང་གཅིག་ཕན་གཅིག་རོགས་ངང་སྐུལ་འདེད་གཏོང་ཐུབ་ཀྱི་ཡོད། མཉམ་ལས་སློབ་སྦྱོང་ཞེས་པ་ནི། སློབ་སྦྱོང་བྱེད་པའི་སྒྲིག་འཛུགས་ཀྱི་རྣམ་པར་བལྟོས་ནས་བརྗོད་པ་ཞིག་ཡིན་ཏེ། སློབ་ཕྲུག་གི་ཚོགས་ཆུང་ངམ་ཚོགས་པའི་ཐུན་མོང་གི་སློབ་སྦྱོང་ལས་འགན་ལེགས་སྒྲུབ་ཡོང་ཕྱིར། སློབ་མ་སོ་སོར་ཁག་བགོས་ཀྱི་ལས་འགན་ཡོད་ཅིང་གཅིག་ཕན་གཅིག་རོགས་ཀྱི་སློབ་སྦྱོང་བྱ་ཐབས་ཤིག་ཡིན། དེས་སློབ་ཕྲུག་གི་སྤྱོད་ཤེས་ལུས་གསུམ་གོང་འཕེལ་འགྲོ་བར་ཕན་ནུས་ཆེའོ།
འཚོལ་དཔྱད་ཀྱི་སློབ་སྦྱོང་ནི། སློབ་ཚན་གྱི་ནང་དོན་དང་སྤྱི་ཚོགས་ཀྱི་ལག་ལེན་དངོས་ཀྱི་ནང་ནས་ཞིབ་འཇུག་བྱ་གཞི་གདམ་ག་བྱས་ཏེ། སློབ་ཁྲིད་བྱེད་པའི་ནང་ཚན་རིག་གི་དཀའ་གནད་ལ་ཞིབ་འཇུག་བྱེད་པ་ལྟར་གྱི་ཁོར་ཡུག་ཅིག་བསྐྲུན་ཐོག སློབ་ཕྲུག་གིས་རང་རྟོགས་ངང་གནད་དོན་འདོན་པ་དང་། ཚོད་ལྟ་བྱེད་པ། འབྲེལ་ཡོད་ཆ་འཕྲིན་དང་ཡིག་ཆ་འཚོལ་བ་སོགས་འཚོལ་དཔྱད་ཀྱི་བྱེད་སྒོ་སྤེལ་ནས། ཤེས་བྱ་དང་ནུས་པར་སྦྱོང་བརྡར་ཐེབས་པ་དང་། ཚོར་འདུ་དང་རྣམ་འགྱུར་འཕེལ་རྒྱས་འགྲོ་བ། ལྷག་དོན་དུ་བསམ་གཞིག་དང་གསར་གཏོད་ཀྱི་ནུས་པ་གོང་འཕེལ་གཏོང་བར་ཞིབ་འཇུག་བྱེད་པའི་སློབ་སྦྱོང་གི་ཐབས་ཤེས་སམ་སློབ་སྦྱོང་གི་བརྒྱུད་རིམ་ཞིག་ཡིན། དེ་ཡང་། དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་དང་ཐོག་སློབ་ཆུང་སློབ་མའི་ལོ་ནའི་ཁྱད་ཆོས་དང་བསྟུན་ནས། གནད་དོན་རགས་བསྡུས་སམ་ཆུང་ངུ་ནས་འགོ་བཙུགས་ཏེ། དོགས་པ་སློང་བ་དང་། དབྱེ་ཞིབ་བྱེད་པ། བསམ་ཚུལ་སྤེལ་རེས་བྱེད་པ་སོགས་འཚོལ་དཔྱད་ཀྱི་རྨང་གཞི་ཡོད་པའི་ཐོག་ནས་སློབ་ཕྲུག་གི་གནད་དོན་ཐག་གཅོད་ནུས་པ་གསོ་སྐྱོང་བྱེད་དགོས། དཔེར་ན། འཇར་པན་གྱི་དགེ་རྒན་ཚོས་སྒྱུར་རྩིས་བགོ་སྲོལ་སློབ་ཁྲིད་བྱེད་སྐབས། སྒྱུར་རྩིས་དགུ་མཐའ་ནང་གྲངས་ཕན་ཚུན་སྒྱུར་བར་བྱས་པ་དེ་ལ། སྒྱུར་རྩིས་ཀྱི་དོན་སྙིང་ཐོག་ནས་གོ་བ་ལོན་པའམ་འབྲས་བུ་ཐོན་པ་མ་བྱས་པར། སྦྱངས་ཟིན་པའི་རིག་པ་བེད་སྤྱད་དེ་སློབ་མའི་བློ་སྒོ་འབྱེད་ཀྱི་ཡོད།
གཉིས། དགེ་རྒན་གྱི་སྤྱི་ཚོགས་གནས་བབ་དང་ཆེད་ལས་ཀྱི་ནུས་རྩལ་མཉམ་དུ་མཐོ་རུ་གཏོང་དགོས།
(1)སྤྱི་ཚོགས་ཀྱི་འཕེལ་རྒྱས་ནི་སློབ་གསོར་ཐུག་པ་དང་། སློབ་གསོའི་འཕེལ་རྒྱས་ནི་དགེ་རྒན་ལ་ཐུག་ཡོད། དེར་བརྟེན་དགེ་རྒན་གྱི་ལས་རིགས་ནི་ཧ་ཅང་གཟི་བརྗིད་ལྡན་ལ། སྤྱི་ཚོགས་ནང་གནས་བབ་ངེས་ཅན་ཞིག་བཟུང་ཡོད་པ་ཚང་མས་ཤེས་གསལ་རེད། ཀའོར་ཅིས་གལ་སྲིད་དགེ་རྒན་གྱི་གལ་ཆེན་རང་བཞིན་དང་དཀའ་ཚེགས་ཆེ་བའི་ཕྱག་ལས་ལ་སྔོན་དཔག་ཡག་པོ་བྱ་མི་ཐུབ་ཚེ། གཞུང་དྲང་ཞིང་གོ་ཆོད་པའི་སློབ་གསོའི་ལས་ཀ་གཉེར་མཁན་དག་གིས་སོ་སོའི་རླབས་ཆེ་བའི་ཕྱག་ལས་བསྒྱུར་ཏེ། གླ་ཕོགས་མཐོ་བའི་ལས་ཀ་ཙག་ཙིག་ལ་བློ་ཁ་ཕྱོགས་ངེས་རེད་ཅེས་གསུངས། དེ་ལྟར་སྤྱི་ཚོགས་འཕེལ་རྒྱས་འགྲོ་དགོས་ན་ངེས་པར་དུ་ཤེས་ལྡན་མི་སྣ་སྐྱོང་དགོས། ཤེས་ལྡན་མི་སྣ་སྐྱོང་བར་སློབ་གསོར་བརྟེན་དགོས། སློབ་གསོ་སྤེལ་བར་དགེ་རྒན་ལ་བརྟེན་དགོས། དེས་ན་སྤྱི་ཚོགས་ཁྱོན་ཡོངས་ནས་སློབ་གསོ་དང་དགེ་རྒན་ལ་མཐོང་ཆེན་བྱེད་དགོས།
(2)དེང་དུས་རང་ལྗོངས་ཀྱི་ལོ་རིམ་དྲུག་པའི་སློབ་ཕྲུག་ནི་ཡིག་རྒྱུགས་སློབ་ཚན་ལྔ(རྒྱ་ཡིག བོད་ཡིག རྩིས་རིག རང་བྱུང་། དབྱིན་ཡིག)སློབ་ཁྲིད་བྱེད་བཞིན་ཡོད་པ་མ་ཟད། སློབ་ཁྲིད་ཀྱི་བྱ་ཐབས་དེ་ཡང་བཤད་ཁྲིད་རྐྱང་པ་ཡིན། དེ་ཡང་དགེ་རྒན་གྱི་ཤོད་རྐྱང་དང་སློབ་ཕྲུག་གི་ཉན་རྐྱང་བྱེད་པའམ་ཐ་ན་སློབ་ཕྲུག་གི་ཀླད་པར་ལས་ཀ་རྩ་བ་ནས་མེད་པར་རིམ་བཞིན་ཀླད་པ་བསྒུལ་བར་འཚེར་བའི་སྒྱིད་ལུག་ཅན་དུ་འགྱུར་བ་བཅས་དགེ་རྒན་གྱི་སྨྲ་ལྕེ་ངལ་བ་ཙམ་ལས་སློབ་ཕྲུག་མང་ཆེ་བ་གོ་མེད་ཚོར་མེད་དུ་སྡོད་པ་སོགས་ཀྱི་སྐྱོན་ལྷག དེ་ལྟར་གྱི་བྱ་བ་ལས་སློབ་ཕྲུག་གི་གཟུགས་གཞི་དང་། བསམ་གཞིག་གི་ནུས་པ། རིག་པའི་བློ་སྒོ འཇོན་ཐང་། མཐོང་ཐོས་གང་སར་ཚོད་འཛིན་བྱེད་ཀྱི་ཡོད། དགེ་རྒན་རང་ཉིད་ལ་ཡང་ད་ཡོད་ཀྱི་རྨང་གཞིའི་ཐོག་ཚེ་གང་རིང་དུ་སྔོན་ཐོན་གྱི་ཤེས་རིག་སྦྱོང་སྤྱོད་ཐུབ་རྒྱུ་ནི་རྨང་གཞིའི་ནང་གི་རྨང་གཞི་ཡིན། དེར་བརྟེན། ང་ཚོས་དགེ་རྒན་ལ་རེ་བ་ནན་པོ་བཏོན་ཏེ། ཚང་མས་མ་མཐར་ཡང་གློག་ཀླད་ཐོག་ནས་སློབ་ཁྲིད་བྱ་བ་སྤེལ་ཐུབ་པ་ཙམ་མ་ཟད་མཉམ་ལས་སློབ་ཁྲིད་བྱ་ཐབས་སྤྱོད་ཤེས་པའི་བྱང་ཚད། བསླབ་ཚན་གསར་པའི་དོན་སྙིང་དང་བྱ་ཐབས་སྤེལ་བའི་དགོས་པ་གང་ཡིན་གསལ་པོ་རྟོགས་ཐུབ་པ་ཞིག་དགོས་ལ། སློབ་ཁྲིད་བྱེད་སྐབས་སློབ་གཞིའི་ནང་དོན་དང་སློབ་ཕྲུག་གི་གནས་ཚུལ་ལ་གཞིགས་ནས་སློབ་ཁྲིད་ཀྱི་ཐབས་ཤེས་གསར་གཏོད་བྱེད་དགོས་པའི་བྱང་ཚད་ལྡན་དགོས། ལྷག་པར་དུ་སློབ་མའི་རང་ཚུགས་ཀྱི་སློབ་སྦྱོང་བྱེད་པའི་གོམས་གཤིས་དང་། མཉམ་ལས་ཀྱི་ནུས་པ་སོགས་ལ་བརྟེན་ནས་ཕན་ཚུན་སྐུལ་འདེད་དང་ཤུགས་རྐྱེན་ཐེབས་པ་སོགས་ཀྱི་བྱ་ལས་སློབ་ཆུང་སློབ་ཁྲིད་ནང་ཚང་མས་ལག་ལེན་ལྟར་ཐུབ་པའི་བྱང་ཚད། སྔ་དུས་སུ་སློབ་མར་ཆུ་བུམ་པ་གང་སྦྱིན་དགོས་ན་དགེ་རྒན་ལ་ཆུ་ཟོམ་གང་དགོས་གསུངས་པ་དེའང་། དགེ་རྒན་ལ་ནམ་ཡང་འགྱུར་མེད་ཀྱི་ཆུ་ཟོམ་གང་གི་གཏན་ནས་མི་འགྲིག་པར། སྲོལ་རྒྱུན་རིག་གནས་ཀྱི་ལེགས་ཆ་རྒྱུན་འཛིན། རིག་ཚན་གསར་པ་དང་མི་རིགས་གཞན་གྱི་སྙིང་བཅུད་དང་ལེན་ཐུབ་པའི་གསོན་ཤུགས་ཀྱི་བྱང་ཚད་བཅས་ལྡན་ཐུབ་པ་ཞིག་བྱུང་ན། ང་ཚོའི་མ་འོངས་པ་ནི་རེ་བ་ལྡན་པའི་ལྗོན་པ་ཞིག་དང་མཚུངས་ལ། ང་ཚོའི་སློབ་གསོ་དེ་ཡང་དོན་སྙིང་ལྡན་པ་ཞིག་ཆགས་ཐུབ།
མདོར་ན། རང་ལྗོངས་སུ་སློབ་ཁྲིད་གསར་པའི་ཐབས་ལམ་ཡོངས་སུ་དར་སྤེལ་དང་། དོན་དངོས་སློབ་ཁྲིད་ཐོག་བེད་སྤྱོད་བྱས་ཏེ། སློབ་ཕྲུག་གི་སློབ་སྦྱོང་ཁུར་པོ་ཇེ་ཡང་དུ་བཏང་ཐོག ཀུན་སྤྱོད་དང་། ཤེས་རིག གཟུགས་པོ། འཇོན་ཐང་། དགའ་མོས་བཅས་གོང་འཕེལ་གཏོང་རྒྱུ་གཙོར་བཟུང་གི་སློབ་གསོར་མཐོང་ཆེན་བྱས་ཏེ། རྒྱལ་ཁབ་དང་མི་རིགས་ལ་ཞབས་འདེགས་ཞུ་ཐུབ་པའི་མི་སྣ་གསོ་སྐྱོང་བྱེད་ཐུབ་པ་དགོས།
(ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་གྱི་དགེ་རྒན་བློ་བཟང་ཕུན་ཚོགས)