ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་10ཚེས་18ཉིན་གློག་འཕྲིན་འབྱོར་གསལ། “དབུགས་ཚང་སྨན་ཁང་གི་དབུགས་ཚང་ལས་ཆ་རྐྱེན་ཡག་པ་འདུག དུས་ཚོད་ཡོད་ཚེ་དབུགས་རྔུབ་པར་འགྲོ་གི་ཡིན”ཞེས་དབུགས་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་བརྔུབས་ཟིན་པའི་ལྷ་ས་གྲོང་ཁྱེར་གྱི་གྲོང་མི་ཐུའོ་ལགས་ཀྱིས་གསར་འགོད་པར་བཤད།
དེ་ནི་བོད་ཀྱི“གསར་གཏོད་གཉིས”ཀྱི་གྲུབ་འབྲས་འགྲེམས་ཚོཌ་ཐོག་མངོན་པ་ཞིག་ཡིན་ཞིང་། བོད་ཀྱི“དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད་པའི་བྱེད་སྒོའི་གཟའ་འཁོར”ཚེས་18ཉིན་ལྷ་སར་མཇུག་འགྲིལ་བ་རེད། དེའི་གོང་ཉིན་བདུན་རིང་། བོད་ཀྱི“གསར་གཏོད་གཉིས”ཀྱི་གྲུབ་འབྲས་དེ་དག་བོད་རང་སྐྱོང་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་པ་དང་། ཐོན་ལས་དང་རིག་གཞུང་གླེང་སྟེགས་གཉིས་སྔ་རྗེས་སུ་བོད་ལྗོངས་སློབ་ཆེན་དང་ལྷ་ས་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ་དུ་སྤེལ་ནས་བྱ་གཞག་གསར་གཏོད་ཀྱི་རྣམ་པ་བོད་དུ་རགས་ཙམ་ཆགས་ཡོད།
“དེ་ནི་ཀུང་སིས་རང་བདག་ཞིབ་སྤེལ་བྱས་པའི་དབུགས་རྔུབ་ས་ཞིག་རེད”ཅེས་དབྱང་མོ་རྒྱལ་སྤྱིའི་མཐོ་གསར་ལག་རྩལ(པེ་ཅིང)མ་རྐང་ཚད་ཡོད་ཀུང་སིའི་འགན་ཁུར་བ་ཀྲའོ་གཡོད་ཧྥེ་ཡིས་འགྲེམས་ཚོགས་ཐོག་ཡོད་པའི་དབུགས་ཚང་ལ་མཛུབ་མོ་བཙུགས་ནས་བཤད་པ་དང་། ཁོང་གིས་ས་མཐོའི་མི་དམངས་ལ་དབུགས་མི་འདང་བའི་དབང་གིས་གཟུགས་པོ་མི་བདེ་བའི་གནད་དོན་ཉུང་དུ་གཏོང་ཆེད། ང་ཚོས་སླད་ཕྱིན་བོད་ཀྱི་རྫོང་དང་གྲོང་ཁྱེར་གཙོ་བོ་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་དབུགས་ཚང་གི་ཞབས་ཞུའི་ས་ཚིགས་འཛུགས་རྩིས་ཡོད”ཅེས་བཤད།
མཐོ་གསར་ལག་རྩལ་ས་མཐོར་ཁྱབ་གདལ་བཏང་བ་དེ“གསར་གཏོད་གཉིས་ཀྱི་གཟའ་འཁོར”གྱི་བཀྲག་མདངས་འཚེར་ཤོས་སུ་གྱུར་ནས། རྩ་གསུམ་བསྐྱར་སྐྲུན་ལག་རྩལ་དང་VRམིག་ཤེལ་སོགས་སྔོན་ཐོན་ལག་རྩལ་དེ་དག་འགྲེམས་ཚོགས་ཀྱི་ལྟད་མོ་བས་མྱོང་རོལ་བྱེད་མང་ཤོས་སུ་གྱུར།
བོད་ལྗོངས་ཚན་རྩལ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་གྲུབ་འབྲས་འགྲེམས་ཚོགས་ལ་ཁྱོན་ཚན་པ་51ཞུགས་པའི་ཁྲོད་མཐོ་གསར་ལག་རྩལ་གྱི་ཁེ་ལས་16དང་མཐོ་སློབ་ཀྱི་ཚན་རིག་ཞིབ་འཇུག་སུའོ་5ཚུད་ཡོད་པ་དང་། མཐོ་གསར་ལག་རྩལ་ཁྲོམ་རས་ཁྱབ་གདལ་བཏང་བའི་ཉམས་མྱོང་ལས་བོད་རང་གི་མངོན་འགྱུར་བར་དཔེ་སྟོན་གྱི་ནུས་པ་འདོན་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་གི་ལྷག་དོན་ནི་ད་ཐེངས་ཀྱི“གསར་གཏོད་གཉིས་ཀྱི་གཟའ་འཁོར”བྱེད་སྒོའི་མངོན་འགྱུར་བའི་འཐུས་མི་དཀྱུས་མ་ཞིག་རེད། འདི་ལོའི་ཟླ་བདུན་པར་ཁོང་གིས་རང་ཉིད་ཀྱི་སྒང་ཕན་མི་རིགས་སྲོལ་རྒྱུན་ལག་ཤེས་བཟོ་ལས་ཚད་ཡོད་ཀུང་སི་ལྷ་སའི་ཚན་རྩལ་གསར་གཏོད་ཁུལ་དུ་སྤོས་ཤིང་། “ང་ཚོར་ལྷ་ས་ནས་ལས་སྟེགས་ཆེན་པོ་ཞིག་རག་བྱུང་། ཚན་རྩལ་གསར་གཏོད་བར་ཁྱམས་དང་སྦྲེལ་མཐུད་བྱས་པའི་ཐོན་ཁུངས་ལས་ང་ཚོའི་གདན་ཞུ་དང་ཕྱིར་ཚོང་བྱེད་པའི་ཐབས་ལམ་རྒྱ་ཆེར་ཕྱིན་སོང”ཞེས་ལྷག་དོན་གྱིས་གསར་འགོད་པར་བཤད།
ཚེས་16ཉིན་སྤེལ་བའི“གསར་གཏོད་གཉིས་ཀྱི་གཟའ་འཁོར”གྱི་གླེང་སྟེགས་ཐོག བོད་ཀྱི་གསར་གཏོད་དང་བྱ་གཞག་གསར་གཏོད་ལ་སྒུལ་ཤུགས་ཀྱི་ནུས་པ་ཐོན་པའི་ལྷ་སར་ལས་རིགས་ཁག་གི་རིགས་གཅིག་མཁས་ཅན་གྱི་ཁས་ལེན་གང་ལེགས་ཐོབ་པ་དང་པེ་ཅིང་ལག་རྩལ་ཁྲོམ་ར་མཐུན་ཚོགས་ལྷ་ས་ཡན་ལག་ཉིང་ལག་སྒྲིག་གཞིའི་དྲུང་ཆེ་སུན་ཧུང་ཅུན་གྱིས“རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་དང་བྱ་གཞག་གསར་གཏོད་ཀྱི་རྣམ་པ་རགས་ཙམ་ཆགས་པ་དང་། དེ་བཞིན་འབྲེལ་ཡོད་སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དེས། ས་བབ་མཐོ་བའི་ལྷ་ས་སླད་ཕྱིན་གསར་གཏོད་དང་བྱ་གཞག་གསར་གཏོད་ཀྱི་ས་ཆ་ཞིག་ཏུ་འགྱུར་རེ་ཡོད”ཅེས་བཤད།
ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར“གསར་གཏོད་གཉིས་ཀྱི་དཔེ་མཚོན”གཏོད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ལྷ་སས《ལྷ་ས་གྲོང་ཁྱེར་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་གསར་གཏོད་དང་བྱ་གཞག་གསར་གཏོད་རྟེན་གཞིའི་གྲོང་ཁྱེར་གྱི་དཔེ་སྟོན་ལས་ཀའི་ཇུས་གཞི》འདོན་རྒྱུ་ཡིན་ཞིང་། “སླད་ཕྱིན་ལྷ་སས་ས་མཐོའི་ས་གཙང་སྣོད་བཅུད་དང་། ཁྱད་ལྡན་རིག་གནས་ཡུལ་སྐོར། བོད་ལུགས་གསོ་རིགས་དང་བོད་སྨན་སོགས་ཐོན་ལས་ལ་གཞི་ཚུགས་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་བྱ་གཞག་གསར་གཏོད་དང་གསར་གཏོད་རྣམ་པ་འཚོལ་ཞིབ་བྱ་རྒྱུ་ཡིན”ཞེས་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།
ཚེས་12ནས་18ཉིན་བར། སྐབས་གཉིས་པའི་རྒྱལ་ཡོངས་ཀྱི“གསར་གཏོད་གཉིས་ཀྱི་གཟའ་འཁོར”གྱི་བྱེད་སྒོ་ཧྲེན་ཀྲེན་ཏུ་སྤེལ་བ་དང་། འདི་ལོ་ལྷ་ས་ཐོག་མར་རྒྱལ་ཡོངས་ཀྱི“གསར་གཏོད་གཉིས་ཀྱི་གཟའ་འཁོར”བྱེད་སྒོའི་བོད་ལྗོངས་ཡན་ལག་ཚོགས་རར་བྱས་ནས་བྱེད་སྒོ་དེ་སྤེལ་བ་རེད།