དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བསླབ་གཞི་གསར་བཅོས་ལ་ངོས་འཛིན་བྱ་ཚུལ་སྐོར་རགས་ཙམ་གླེང་བ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2016-10-19

    སྤྱི་ཚོགས་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བ་དང་དུས་མཚུངས། སློབ་གསོའི་གནས་བབ་དང་ལམ་ལུགས་ཀྱང་འཕེལ་རྒྱས་འགྲོ་བའི་དགོས་མཁོ་དང་བསྟུན་ནས། རང་ལྗོངས་ཀྱི་རྨང་གཞིའི་སློབ་གསོར་བསླབ་གཞི་གསར་པའི་སྒྱུར་བཅོས་ཀྱི་མཐོ་རླབས་ཤིག་འཕྱུར་བཞིན་ཡོད་པ་དེ། གོང་རིམ་སློབ་གསོ་ཚན་པ་དང་གཤམ་འོག་དགེ་རྒན་ཚང་མའི་གླེང་བརྗོད་གཙོ་བོར་གྱུར་ཡོད། འོན་ཀྱང་བསླབ་གཞི་གསར་བཅོས་ཀྱི་དམིགས་ཡུལ་གང་ཡིན་དང་། ཚད་གཞི་ཇི་འདྲ་ཡིན་པ། གོ་དོན་གང་འདྲ་ཡིན་པ་སོགས་ཀྱི་གནད་དོན་ལ་ང་ཚོས་བསམ་གཞིག་ནན་པོ་བྱ་དགོས་པ་མ་ཟད། ཡུན་རིང་ཞིབ་འཇུག་ཀྱང་བྱེད་དགོས་པ་ནི་སྨོས་མེད་ཅིག་རེད། དེས་ན་གཤམ་དུ་ཁོ་བོས་རང་ཉིད་ཀྱིས་ཡུན་རིང་སློབ་ཁྲིད་བྱས་པའི་མྱོང་བ་དངོས་ལ་གཞིགས་ཏེ་བསླབ་གཞི་གསར་བཅོས་ཐད་ཀྱི་ལྟ་ཚུལ་ཕྲན་བུ་གླེང་བར་འདོད་པས། རྒྱ་ཆེའི་མཁྱེན་ལྡན་པ་རྣམས་ནས་བླང་དོར་ཡོད་པ་ཞུ།

    དང་པོ། བསླབ་གཞི་གསར་བཅོས་ཀྱི་དགོས་པ་དང་གལ་ཆེའི་རང་བཞིན།

    སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་གཞི་འཛུགས་སྐྱོང་དང་དེང་རབས་ཅན་མངོན་འགྱུར་བྱེད་པར་རྒྱལ་དམངས་ཀྱི་བྱང་ཚད་གོང་མཐོར་གཏོང་རྒྱུ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ནི་འགག་རྩ་ཡིན་གཤིས། སྲོལ་རྒྱུན་སློབ་གསོས་མིའི་རིགས་ཀྱི་དཔལ་ཡོན་ཤུལ་འཛིན་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་ཞིག་ཁུར་ནས་ལོ་མང་རིང་ད་ཡོད་དཔལ་ཡོན་གྱི་གྲུབ་འབྲས་ཤུལ་འཛིན་དང་། བརྒྱུད་སྤྲོད་གཙོ་གནད་དུ་འཛིན་ཡོད། བྱ་ཐབས་དེས་འཕོ་འགྱུར་གྱི་གོམ་སྟབས་ཅུང་དལ་བའི་སྤྱི་ཚོགས་ལ་སྤྱིའི་ཆ་ནས་འཚམ་པོ་ཡོད་མོད། འོན་ཀྱང་ཤེས་བྱ་དང་། ཚན་རྩལ། དཔལ་འབྱོར་སོགས་སྤྱི་ཚོགས་འཕོ་འགྱུར་གྱི་གོམ་སྟབས་མྱུར་བའི་དེང་དུས་ཀྱི་རྣམ་པར་གཞིགས་ན། སྲོལ་རྒྱུན་སློབ་གསོས་དུས་རབས་ཀྱི་དགོས་མཁོ་ཡོངས་སུ་སྐོང་མི་ཐུབ་ལ། སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་བགྲོད་དང་ཡང་དེ་ཙམ་བསྟུན་མི་ཐུབ་པས། ངེས་པར་དུ་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་གཞིར་སྒྱུར་བཅོས་བྱེད་དགོས་པ་དེ་ནི་བསླབ་གཞི་གསར་བཅོས་ཀྱི་དམིགས་ཡུལ་ཉག་ཅིག་རེད།

    ལྷག་དོན་དེང་དུས་རང་ལྗོངས་ཀྱི་གཞི་རིམ་སློབ་ཆུང་ཁག་ཏུ་མེས་རྒྱལ་ནང་སར་སློབ་ཕྲུག་ག་ཚོད་ཚུད་མིན་དང་། སློབ་ཐོན་འཛིན་གྲྭའི་གཅིག་གྱུར་ཡིག་རྒྱུགས་ནང་ཨང་རིམ་ཇི་ཙམ་སླེབས་མིན། འཛིན་གྲྭ་སྤྱིའི་ཨང་རིམ་སོགས་ཀྱི་ཐད་ལ་དོ་སྣང་དང་། འགྲན་རྩོད་ཤིན་ཏུ་ཆེ་བས། དུས་ཁོམ་ཡོད་ཚད་བུམ་པ་ཆུ་བླུག་ཁོ་ནའི་སློབ་ཁྲིད་ལ་མཐོང་ཆེན་དང་མགོ་འཁོར་ནས། བསླབ་གཞི་གསར་པའི་བླང་བྱ་དང་བསྟུན་རྒྱུར་སྣང་ཆུང་ཤོར་བ་མ་ཟད། ཐ་ན་དེ་ཉིད་རྣམ་པ་ཙམ་དུ་འགྱུར་གྱི་ཡོད། དོན་དུ་བསླབ་གཞི་གསར་བཅོས་ཞེས་པ་ནི་སྲོལ་རྒྱུན་གྱི་སློབ་གསོའི་མ་འདང་བའི་ཆ་དང་། མི་རྣམས་ཀྱི་བསམ་བློ་རྙིང་པ་དང་འདུ་ཤེས་རྙིང་པར་སྒྱུར་བཅོས་གཏིང་ཟབ་གཏོང་རྒྱུ་དེ་རེད། འོན་ཀྱང་དུས་ཡུན་ཐུང་ངུ་ཞིག་གི་ནང་སྒྱུར་བཅོས་གཏོང་བ་དང་། རྙིང་པ་མཐའ་དག་རྗེས་ལུས་སུ་བརྩིས་ནས་རྒྱབ་ཏུ་བསྐྱུར་བ་དང་། གསར་པ་ཡོད་ཚད་དང་དུ་ལེན་རྒྱུ་ནི་ཧ་ཅང་དཀའ་ཚེགས་ཆེ་བའི་ལས་དོན་ཞིག་ཡིན་ལ་དོན་དངོས་དང་འཚམ་མིན་ལ་ཡང་ལྟ་དགོས། འོན་ཀྱང་ང་ཚོ་སློབ་གསོའི་ཕྱག་ལས་གནང་མཁན་ཚོས་མ་མཐར་ཡང་སྲོལ་རྒྱུན་སློབ་གསོའི་ཞན་ཆ་ཤེས་དགོས་ལ་བསླབ་གཞི་གསར་པའི་དགེ་མཚན་གང་མང་རྟོགས་པར་བྱས་ནས། གོམ་པ་རིམ་བགྲོད་ཀྱིས་བསླབ་གཞི་གསར་པའི་ཐབས་ལམ་ཕྱོགས་སུ་བསྒྱུར་གང་ཐུབ་བྱ་རྒྱུ་ནི་གལ་འགངས་ཆེ། གང་ལགས་ཤེ་ན་བསླབ་གཞི་གསར་པའི་ནང“གསར་གཏོད་ཀྱི་སྙིང་སྟོབས་དང་ནུས་པ་ནི་མ་འོངས་ལས་དོན་པའི་རྩ་བའི་བྱང་ཚད་ཀྱི་རེ་བ་ཡིན”ཞེས་གསུངས་ཡོད། གཞན་ཡང་སློབ་ཕྲུག་གི་ཀུན་སྤྱོད་སློབ་གསོ་དང་མི་ཚེའི་རིན་ཐང་གི་སློབ་གསོ། འཇིག་རྟེན་ལྟ་ཚུལ་གྱི་སློབ་གསོ་སོགས་ལའང་ཤུགས་རྒྱག་དགོས། དཔེར་ན་སློབ་གཞི་གསར་པའི་ནང“མི་སྣའི་རྩ་བའི་བྱང་ཚད་ལས་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་ནི་གལ་ཆེ་ཤོས་ཤིག་ཡིན”ཞེས་གསུངས་ཡོད་པས། རྒྱུན་དུ་སློབ་ཁྲིད་ཁྲོད་ཤེས་བྱ་བརྒྱུད་སྤྲོད་ཙམ་ལས་གནད་དོན་དེ་རིགས་ཐད་ལྷོད་གཡེང་ཤོར་གྱི་ཡོད་པས། ཡིད་གཟབ་བྱེད་དགོས། དཔེར་ན། མི་ཞིག་ལ་ཤེས་བྱ་ཡོན་ཏན་ག་ཚོད་ཕུན་སུམ་ཚོགས་པོ་ཡོད་ཀྱང་། ཀུན་སྤྱོད་ཡག་པོ་མེད་ན་ཤེས་བྱ་ཡོན་ཏན་དེ་དག་བྱ་ངན་རྩོམ་པའི་ལག་ཆ་ལྟ་བུར་གྱུར་ནས། དེས་བརྩམས་པའི་བྱ་ངན་ནི་ཤེས་བྱ་ཡོན་ཏན་དེ་ཙམ་མེད་པའི་མིས་བརྩམས་པའི་བྱ་ངན་ལས་ངན་འབྲས་ཚབས་ཆེ་བ་ཡོད་པ་མཐོང་ཆོས་སུ་གྱུར། དེ་བཞིན་བསླབ་གཞི་གསར་པའི་ནང་དགེ་རྒན་གྱིས་སློབ་ཕྲུག་ཚོའི་མི་མངོན་པའི་ནུས་པ་སྔོག་འདོན་གང་ལེགས་བྱས་ནས། ཁོང་ཚོའི་གསར་གཏོད་ཀྱི་བསམ་པ་སྐྱེད་སྲིང་བྱེད་དགོས་པའི་བླང་ཆ་ཡང་ནན་པོ་བཏོན་ཡོད། འོན་ཀྱང་སྲོལ་རྒྱུན་སློབ་ཁྲིད་ཁྲོད་སློབ་མ་རང་ཉིད་ཀྱིས་དངོས་སུ་བསམ་གཞིག་དང་། བཀོལ་སྤྱོད། སྦྱོང་བརྡར་བཅས་བྱེད་པའི་གོ་སྐབས་ཤིན་ཏུ་ཉུང་བས། སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་གཏོང་རྒྱུར་འགོག་རྐྱེན་ཆེན་པོ་བཟོ་དང་བཟོ་མུས་ལགས། དེར་བརྟེན། ང་ཚོས་བསླབ་གཞི་གསར་པའི་དཔེ་གསར་རྗེས་རྒྱུག་ཙམ་མིན་པར། དོན་ངོ་མའི་ཁྲོད་དུ་ལག་ལེན་མཐར་ཕྱིན་པ་བསྟར་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བའི་གནད་དོན་ཞིག་གོ

    གཉིས་པ། བསླབ་གཞི་གསར་པའི་འགག་རྩ་ནི་སློབ་ཁྲིད་ཀྱི་ཐབས་ ལམ་ལ་འགྱུར་ལྡོག་གཏོང་རྒྱུ་དེ་རེད།

    གཅིག སློབ་གྲྭ་ནི་སློབ་ཕྲུག་ཚོའི་བློ་ཁ་ཕྱོགས་ཡུལ་ཡག་ཤོས་སུ་འགྱུར་བ་བྱེད་དགོས། སློབ་གྲྭ་ནི་སློབ་གསོའི་རྟེན་གཞི་གཙོ་བོ་དེ་རེད། སློབ་གསོའི་བྱ་གཞག་གི་སྙིང་པོ་ནི་ལེགས་སྐྱེས་འབུལ་རྒྱུ་དེ་ཡིན་ན་ཡང་། དགེ་རྒན་གྱིས་རང་འཛིན་གྲྭའི་མཚན་སྙན་གྱི་ཆེད་དུ་སློབ་ཕྲུག་ཚོར་སྒྲིག་འཛུགས་ལམ་ལུགས་སྣ་ཚོགས་བཟོ་བ་དང་། ཁོང་ཚོས་སྒྲིག་འཛུགས་ལས་འགལ་བའི་གནས་ཚུལ་ཅུང་ཟད་ཐོན་ཚེ། དམའ་འབེབས་དང་། ཟུར་ཟ། འཕྱ་སྨོད། བཀའ་བསྐྱོན། ཐ་ན་ལུས་ཆད་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་པར་བརྟེན་སློབ་སྦྱོང་ལ་བསུན་སྣང་དང་ཞེན་པ་ལོག་གི་ཡོད། དེར་བརྟེན། ང་ཚོས་ཐོག་མར་སློབ་གྲྭའི་ཕྱི་ནང་གི་གཙང་སྦྲ་ནས་འགོ་བཙུགས་ཏེ་ཁོར་ཡུག་མཛེས་བཟོ་དང། སྤྲོ་སྣང་ལྡན་པའི་སློབ་སྦྱོང་གི་ཆ་རྐྱེན་སྐྲུན་དགོས་ལ། སློབ་སྦྱོང་དང་། བྱེད་སྒོ མཉམ་ལས། སྤེལ་རེས། འགྲན་བསྡུར་སོགས་འཁྲུག་ཆ་དོད་ལ་གསོན་ཤུགས་ལྡན་པའི་རིག་གནས་ཀྱི་ཁོར་ཡུག་ཅིག་ཀྱང་སྐྲུན་དགོས། དེ་བཞིན་དགེ་རྒན་ཚོས་སློབ་ཕྲུག་རྣམས་ཀྱི་བྱད་གཟུགས་བཟང་ངན་དང་། ཁྱིམ་ཚང་དབུལ་ཕྱུག སློབ་སྦྱོང་ལེགས་ཞན་སོགས་ཀྱི་དབྱེ་བ་མེད་པར་སློབ་ཕྲུག་ཚང་མར་མ་ལྟར་བྱམས་པའི་བརྩེ་སེམས་ཤིག་སྦྱིན་ཐུབ་ན། ད་གཟོད་སློབ་གྲྭ་དེ་སློབ་ཕྲུག་ཚོའི་བློ་ཁ་ཕྱོགས་ཡུལ་ཡག་ཤོས་སུ་བསྒྱུར་རྒྱུར་གདོན་མི་ཟ། ལྷག་པར་དུ་དགེ་བའི་བཤེས་གཉེན་ཚོས་སློབ་ཁྲིད་ཁྲོད་སློབ་ཕྲུག་ཚོར་ཡང་དག་པའི་འཇིག་རྟེན་ལྟ་ཚུལ་དང་། མི་ཚེའི་ལྟ་ཚུལ། རིན་ཐང་གི་ལྟ་ཚུལ་སོགས་ཀྱི་སློབ་གསོ་གཏོང་རྒྱུར་ཤུགས་བརྒྱབ་སྟེ་ཁོང་ཚོ་ཕྱོགས་ཡོངས་ནས་འཚར་ལོངས་ཡོང་བ་བྱེད་དགོས་པ་ལས། སློབ་ཁྲིད་བྱེད་རྒྱུ་དེ་ཡིག་རྒྱུགས་ཁོ་ན་དང་། དགེ་རྒན་གྱི་མཚན་སྙན་དང་ཐོབ་ཆ་ཁོ་ནའི་ཆེད་དུ་འཛིན་ན་སློབ་ཁྲིད་ཁྲོད་བཀག་རྒྱ་དང་། གནོན་ཤུགས། ཚོད་འཛིན་སོགས་ཐལ་དྲགས་པའི་བྱ་ཐབས་མི་ཉུང་བ་ཞིག་ཐོན་ནས། བསླབ་གཞི་གསར་པའི་རེ་བ་དང་འཚམ་པའི་སློབ་ཁྲིད་ཀྱི་ཐབས་ཤེས་ཤིག་འཚོལ་བསྡུ་བྱེད་པར་འགོག་རྐྱེན་ཆེན་པོ་བཟོ་གི་ཡོད། དེར་བརྟེན། སློབ་ཁྲིད་པ་རྣམས་ཀྱིས་ཐོག་མར་སློབ་ཁྲིད་ཀྱི་དམིགས་ཡུལ་གསལ་པོ་ཞིག་འཛུགས་དགོས་པའི་ཐོག་དེ་བསྟུན་གྱི་ཐབས་ལམ་སྤྱོད་དགོས་པ་ནི་གལ་ཤིན་ཏུ་ཆེ།

    གསུམ་པ། སློབ་ཕྲུག་ཚོའི་མི་མངོན་པའི་ནུས་པ་དང་རང་འགུལ་ནུས་པ་འདོན་སྤེལ་བྱེད་དགོས།

    སློབ་གྲྭར་འཛུལ་མ་ཐག་པའི་བྱིས་པ་རྣམས་ནི་ནག་ནོག་དྲི་མ་བྲལ་བའི་དཀར་གཙང་གི་ཤོག་བུ་དང་འདྲ་བར་ལྷད་མེད་དྭངས་གཙང་གི་བསམ་པ་ཞིག་ལྡན་ཡོད། སྐབས་དེར་ཁོང་ཚོའི་བྱ་སྤྱོད་མཐའ་དག་དགེ་རྒན་ལ་ལད་མོ་བྱེད་ལ། དགེ་རྒན་རྩ་བའི་རྩེ་མོར་འཛིན་གྱི་ཡོད། ད་དུང་རང་གི་འཇོན་ནུས་ངོམ་རྒྱུར་དགའ་བ་དང་། རང་བརྩིའི་བསམ་པའང་ཤིན་ཏུ་ཆེ་བས་དགེ་རྒན་རྣམས་ནས་གནད་དོན་དེར་མཐོང་ཆེན་དང་། སློབ་ཕྲུག་ཚོའི་ཁྱད་ཆོས་དེ་དག་བེད་སྤྱོད་ཡག་པོ་ཐུབ་པ་བྱ་རྒྱུ་གལ་ཆེ། སློབ་མའི་རང་བརྩི་རང་མཐོང་གི་བསམ་པས་ཁོང་ཚོའི་སློབ་སྦྱོང་དང་རང་ཉིད་ཚེ་གང་གི་འཕེལ་རྒྱས་ཁྲོད་དུ་གལ་ཆེའི་གནས་བབ་ཤིག་བཟུང་ཡོད་པས། དགེ་རྒན་གྱིས་སློབ་མའི་རང་བརྩི་རང་མཐོང་གི་བསམ་པར་ཚད་མཐོའི་སྲུང་སྐྱོབ་ཀྱིས་ཁོ་ཚོའི་མི་མངོན་པའི་ནུས་པ་སྔོག་འདོན་གང་ལེགས་ཐུབ་པ་བྱས་ཏེ། སློབ་མ་སོ་སོའི་ཁྱད་ཆོས་དང་མཐུན་པའི་སློབ་གསོ་སློབ་ཁྲིད་ཀྱི་ཐབས་ལམ་ཞིག་ངེས་པར་དུ་འཚོལ་དགོས། དཔེར་ན་ཉི་ཧོང་གིས་རིག་ཚན་ཁག་དང་ཀུན་སྤྱོད་སློབ་ཚན་ཕུད། ད་དུང་སློབ་ཕྲུག་སོ་སོས་སློབ་སྦྱོང་དང་། སོ་སོས་བསམ་གཞིག སོ་སོས་གནད་དོན་ཐག་གཅོད་པ་སོགས་སློབ་ཕྲུག་སོ་སོའི་འཇོན་ནུས་འདོན་པའི་བྱེད་སྒོ་སྣ་ཚོགས་སྤེལ་གྱི་ཡོད།

    དེས་ན། དགེ་རྒན་གྱིས་སློབ་ཕྲུག་ཚང་མར་དམིགས་ནས་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་གཏོང་རྒྱུ་ནི་བསླབ་གཞི་གསར་པའི་ལྟེ་བའི་ལས་དོན་ཞིག་རེད། ང་ཚོ་སློབ་ཁྲིད་པས་སློབ་ཁང་གི་སློབ་ཁྲིད་ལ་སློབ་ཕྲུག་ཚང་མར་གོ་སྐབས་གང་མང་སྤྲོད་དགོས་ཤིང་། དེ་ཡང་སློབ་ཕྲུག་སོ་སོར་གདམ་ག་བྱེད་པའི་དབང་ཆ་སྤྲོད་པ་དང་། ཉམས་སུ་མྱོང་བའི་གོ་སྐབས་སྤྲོད་པ། དཀའ་ངལ་རང་ཉིད་ལ་ཐག་གཅོད་བྱེད་དུ་འཇུག་པ། འདྲི་གཞིར་རང་ཉིད་ཀྱིས་དྲི་ལན་འཚོལ་དུ་འཇུག་པ་སོགས་སོ་སོར་སྦྱོང་བརྡར་བྱེད་པའི་གོ་སྐབས་གང་མང་བསྐྲུན་ཐུབ་པ་བྱས་ཏེ། སྲོལ་རྒྱུན་སློབ་གསོའི་ཕྱོགས་རེ་བའི་ལྟ་ཚུལ་དང་བྱ་ཐབས་རྙིང་པ་དག་མཐའ་གཅིག་ཏུ་འདོར་རྒྱུར་ཐུགས་ནུས་གང་ཡོད་འདོན་སྤེལ་བྱེད་དགོས།

    བཞི་པ། སློབ་ཁྲིད་ཀྱི་ཐབས་ཤེས་ལ་སྣང་ཆེན་དང་སྦྱངས་འབྲས་ལ་གདེང་འཇོག་ཤེས་པ་བྱེད་དགོས།

    ད་ལྟ་ང་ཚོའི་སློབ་ཁྲིད་བྱ་ཐབས་ནི་དགེ་རྒན་གྱིས་བཤད་རྐྱང་དང་སློབ་ཕྲུག་གིས་ཉན་རྐྱང་བྱེད་པའི་ཐབས་ཤེས་གཙོ་བོར་སྤྱོད་ཀྱི་ཡོད་པ་ལས་དགེ་སློབ་བར་དང་། སློབ་མ་དང་སློབ་མའི་བར་སྤེལ་རེས་ཉུང་བས་སློབ་མའི་བསམ་གཞིག་ནུས་པ་གསོ་སྐྱོང་བྱེད་རྒྱུར་ལྷོད་གཡེང་ཤོར་གྱི་ཡོད། དེས་ན་སློབ་ཁང་གི་སློབ་ཁྲིད་ཁྲོད་དགེ་རྒན་གྱི་ཁྲིད་སྟོན་དང་སློབ་མས་གཙོ་སྦྱོང་བྱེད་རྒྱུ་ལྟེ་བར་འཛིན་ནས་སློབ་ཕྲུག་ཚོར་ཀླད་པ་འགུལ་བ་དང་། བསམ་གཞིག་བྱེད་པ། རིགས་འདེད་བྱེད་པ་། བརྡར་ཤ་གཅོད་པ། དོགས་སློང་ཐུབ་པ་བཅས་ཀྱི་ཆེད་དུ་སློབ་མ་ཁེར་རྐྱང་གིས་བསམ་གཞིག་བྱེད་པ་དང་། ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་དང་འགྲན་བསྡུར་བྱེད་པ། འཛིན་གྲྭ་ཕན་ཚུན་བགྲོ་གླེང་བྱེད་པ། སློབ་ཕྲུག་རེས་མོས་ཀྱིས་བཤད་ཁྲིད་བྱེད་པ། རང་གི་ལྟ་ཚུལ་གླེང་བ་སོགས་འཁྲུག་ཆ་དོད་པའི་སློབ་ཁང་སློབ་ཁྲིད་ཀྱིས་ཐབས་ལམ་བཟང་པོ་ཞིག་གཏོད་རྒྱུར་འབད་དགོས།

    གདེང་འཇོག་གམ་དཔྱད་འཇོག་ནི་སྦྱངས་འབྲས་ཨང་རིམ་བསྒྲིག་རྒྱུའི་ཆེད་དུ་ཁོ་ན་མིན་པར། དེ་ནི་ཡར་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཆེད་དུ་རེད། ཡིག་རྒྱུགས་ཀྱི་སྐར་གྲངས་ཁོ་ན་ཨང་རིམ་སྒྲིག་པ་དེས་སློབ་མ་ཆེས་ཉུང་ཤས་ལ་སློབ་སྦྱོང་བྱ་རྒྱུར་འགུལ་ཤུགས་སྤྲོད་པ་ལས། སློབ་མ་མང་ཆེ་བར་དེ་ལས་ལྡོག་སྟེ་སེམས་ངལ་དང་ཕོག་ཐུག་བཟོ་བ་སོགས་ཀྱི་གནས་ཚུལ་ཐོན་གྱི་ཡོད། དོན་དེར་དམིགས་ནས་དགེ་རྒན་གྱིས་རང་ཉིད་ལ་དཔྱད་འཇོག་བྱེད་སྟངས་འདྲ་མིན་སྣ་ཚོགས་ཡོད་དགོས་ཤིང་། ཤོག་ལྷེ་བཀྲམས་ནས་ཡིག་རྒྱུགས་སྤྲོད་པ་དང་། ངག་ཐོག་ནས་རྒྱུགས་ལེན་བྱེད་པ། སྦྱོང་ཚན་ཐོག་ནས་གྲུབ་འབྲས་དབྱེ་ཞིབ་བྱེད་པ། རྣམ་ཀུན་གྱི་སློབ་ཚན་ཐོག་ནས་ལྟ་ཞིབ་བྱེད་པ། སློབ་ཚན་གྲོལ་རྗེས་སྐད་ཆ་འདྲི་བ་སོགས་བརྒྱུད་ནས་སློབ་ཕྲུག་ཚོའི་སློབ་སྦྱོང་གི་གནས་ཚུལ་ལ་རྟོག་ཞིབ་བྱེད་དགོས་པ་མ་ཟད། དེ་ལྟའི་ཐབས་ལམ་ལ་བརྟེན་ནས། ཁོ་ཚོའི་གྲུབ་འབྲས་ལ་གདེང་འཇོག་དང་། ཡར་རྒྱས་ལ་ཁས་ལེན་གྱིས་གནད་ལ་འཕིགས་པའི་དཔྱད་ འཇོག་གནང་ཐུབ་ན། ད་གཟོད་སློབ་ཕྲུག་རྣམས་སློབ་སྦྱོང་ལ་སྤྲོ་བ་འཕེལ་བ་དང་རང་ཉིད་ཡར་བརྩོན་ཆེ་བ་བཅས་སུ་རང་ཤུགས་ཀྱིས་འགྱུར་བར་ངེས།

    མདོར་ན། བསླབ་གཞི་གསར་བཅོས་ཀྱི་སྙིང་པོ་ནི་དགེ་རྒན་གྱིས་ལག་བསྟར་བྱ་རྒྱུ་དེ་ཡིན་ན་ཡང་། ལག་ལེན་དངོས་ནང་སྔར་བཞིན་སྲོལ་རྒྱུན་སློབ་གསོའི་སློབ་ཁྲིད་བྱེད་ཐབས་ཁོ་ན་སྤྱོད་མཁན་མང་བས། དེས་ན་སློབ་གསོའི་ཕྱག་ལས་གནང་མཁན་ཚོས་ངེས་པར་དུ་སྔོན་ཐོན་སློབ་གསོའི་རིགས་གཞུང་སློབ་སྦྱོང་དང་། རང་ཉིད་ཀྱི་སློབ་ཁྲིད་ལས་དོན་ལ་བསྐྱར་ཞིབ། དོན་དངོས་སྤྱི་ཚོགས་ཀྱི་དགོས་མཁོ་སོགས་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་སློབ་གསོ་སློབ་ཁྲིད་ཀྱི་ཐབས་ལམ་ཞིག་འཚོལ་དགོས། དེ་འདྲ་བྱུང་ན་གཞི་ནས་བསླབ་གཞི་གསར་བཅོས་བྱེད་རྒྱུ་དེ་རྣམ་པ་ཙམ་དུ་མི་ལུས་པར་ཡོང་ཐུབ་ངེས་རེད།

    (རྒྱལ་རྩེ་རྫོང་ལྕང་ར་ཤང་སློབ་ཆུང་གི་ཚེ་རིང་དོན་གྲུབ)

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།