ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཉི་མ་སྒྲོལ་མས“ཚན་རྩལ་པ་ཞིག་གི་ངོས་ནས་ངས་ཇི་ལྟར་བྱས་ཏེ་ཞིང་པའི་དཀའ་ངལ་སེལ་བ་དང་། ཇི་ལྟར་བྱས་ཏེ་ཞིང་ལས་ཚན་རྩལ་ཆུ་ཚད་མཐོ་རུ་གཏོང་བ། བོད་ཀྱི་ཞིང་ལས་འཕེལ་རྒྱས་དེ་རྒྱལ་ནང་དང་གོམ་པ་མཉམ་འགྲོས་ཐུབ་པ་བྱ་རྒྱུ་བཅས་ནི་ངའི་འབད་འཐབ་ཀྱི་དམིགས་ཚད་ཡིན”ཞེས་བཤད་བྱུང་།
1985ལོར་ཉི་མ་སྒྲོལ་མ་ནུབ་བྱང་ཞིང་ལས་སློབ་ཆེན་ཞིང་ལས་རིག་པ་ཚན་ཁག་ནས་སློབ་གྲྭ་ཐོན་པ་དང་། བགྲང་བྱ་30ལྷག་ཙམ་རིང་། ཁོ་མོས་རང་ལྗོངས་ཀྱི་ས་གནས་ཁག་གི་ཞིང་ནང་དང་མུ་ཁར་བསྐྱོད་ནས་པད་ཁའི་སོན་བཟང་ཞིབ་འཇུག་ལས་ཀར་རྩེ་གཅིག་ཏུ་གཞོལ། རྣམ་གྲངས་འདེམས་གསོ་ནས་ཚན་རྩལ་གསོ་སྦྱོང་བར་དང་། དེ་ནས་གྲུབ་འབྲས་ཕྱོགས་སྒྱུར་བར་ཁོ་མོའི་འབད་འབུངས་ལས་མང་ཚོགས་ལ་འབབ་འཕར་ཐོན་འཕར་བྱུང་བས། མང་ཚོགས་ཚོས་བརྩེ་བ་ཆེན་པོས་ཚན་རྩལ་མེ་ཏོག་སྒྲོལ་མ་ལགས་ཞེས་འབོད་ཀྱི་ཡོད།
དཔྱིད་ཐོག་མའི་བོད་ལྗོངས་དེ་རུས་ཟུག་རྒྱག་པའི་གྲང་ངར་ཁྲོད་གནས་ཤིང་། པད་ཁ་གསོ་འདེབས་ལས་དོན་པ་ཞིག་གི་ངོས་ནས། ཉི་མ་སྒྲོལ་མ་སེམས་ཁྲལ་ཆེ་ཤོས་ནི་གྲང་རླུང་གིས་པད་སོན་འཁྱག་དོགས་དེ་ཡིན་པས། ཁོ་མོས་ཉིན་ལྟར་སྔ་པོ་ནས་ལངས་ཏེ་གནམ་གཤིས་ཀྱིས་པད་ཁར་ཤུགས་རྐྱེན་ཐེབས་མིན་ལ་ལྟ་ཞིབ་བྱེད་པ་མ་ཟད། ལོ་རེའི་དབྱར་ཁར། ཁོ་མོས་ཞིང་ནང་དུ་པད་སོན་བསྲེས་སྦྱོར་ཚོད་ལྟ་འབོར་ཆེན་བྱས་ཏེ་སོན་བཟང་དེ་བས་ཡག་པ་འདེམས་གསོ་བྱ་ཆེད། ཞིང་ནང་དུ་ལས་ཀ་ཆུ་ཚོད་8ཡན་རྒྱུན་དུ་བྱེད་དགོས་ལ། ལོ་ལྟར་ཁོ་མོས་དུས་ཡུན་ཟླ་2ལྷག་སྤྱད་དེ་གཤམ་འོག་ཏུ་བརྟག་ཞིབ་བྱེད་པར་བསྐྱོད་དེ་ལྗོངས་ཡོངས་ཀྱི་ས་བབས་མི་འདྲ་བའི་ཁུལ་དུ་འདེབས་གསོ་བྱས་པའི་པད་ཁའི་སོན་བཟང་སྐྱེ་ཚུལ་ལ་ཤེས་རྟོགས་བྱས་ནས། དུས་ཐོག་ཏུ་སྐྱེ་འཚར་ཁྲོད་ཐོན་པའི་གནད་དོན་གསར་པ་ཐག་གཅོད་བྱེད་དགོས་ཀྱི་ཡོད་པ་རེད།
ཞི་བའི་བཅིངས་འགྲོལ་བཏང་ཚུན། རང་ལྗོངས་ཀྱི་ཚན་རྩལ་ལས་དོན་པ་རྒན་རབས་ཚོས་པད་ཁའི་སོན་བཟང་འབོར་ཆེན་འདེམས་གསོ་བྱས་ཏེ། བོད་ཀྱི་མི་དམངས་མི་རབས་འགར་བདེ་རྩ་བསྐྲུན་ཡོད། འོན་ཀྱང་ཡུན་རིང་གི་པད་ཁའི་སོན་བཟང་འདེམས་གསོ་ཞིབ་འཇུག་ཁྲོད་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱི་སྣོད་བཅུད་རྙོག་འཛིང་ཆེ་བས། སྐབས་དེ་དུས་འདེམས་གསོ་བྱས་པའི་སོན་བཟང་རིགས་མང་ཆེ་བ་ས་བབས་སྨི་3600ཡི་ཁྱབ་ཁོངས་སུ་བཏབ་ན་མ་གཏོགས་འཚམ་པོ་མེད་པ་གང་ཞིག སྤུས་ཀ་ཞན་པ་སོགས་ཀྱིས་རྐྱེན་པས་རང་ལྗོངས་ཀྱི་ཚན་རྩལ་འཕེལ་རྒྱས་དང་ཞིང་ནང་སྐྱེ་དངོས་ལ་བཏོན་པའི“སྤུས་ལེགས་དང་། ཐོན་འབབ་མཐོ་བ། ཕན་འབྲས་བཟང་བ”བཅས་ཀྱི་དགོས་མཁོ་དང་འཚམ་པར་དཀའ།
གནས་ཚུལ་འདིར་དམིགས་ནས་ཉི་མ་སྒྲོལ་མས་ཚན་ཞིབ་ཚོགས་ཆུང་གི་སྣེ་འཁྲིད་ནས་དཔྱིད་འདེབས་པད་ཁ་གསོ་འདེབས་ལ་ཞིབ་འཇུག་བྱ་རྒྱུ་གཙོ་གནད་དུ་བྱས་ནས། རྒྱལ་ཕྱི་རྒྱལ་ནང་ནས་པད་ཁའི་སོན་བཟང་འབོར་ཆེན་ནང་འདྲེན་གྱིས་རང་ས་གནས་ཀྱི་ཐོན་ཁུངས་དང་བསྲེས་སྦྱོར་བྱས་ཏེ། རང་ལྗོངས་ཀྱི་སྤུས་དག་ཐོན་འབབ་མཐོ་བའི་པད་ཁ་ཨང་དང་པོ“བོད་སྣུམ་ཨང་5པ”འདེབས་གསོ་བྱས། སོན་བཟང་དེ་འདེམས་གསོ་དང་ཁྱབ་གདལ་བེད་སྤྱོད་བྱས་པ་ལས་པད་ཁའི་སྤུས་ཚད་ལེགས་བཅོས་ཐུབ་པ་དང་པད་ཁ་ཐོན་ཁུལ་གཙོ་བོའི་ཐོན་སྐྱེད་རྐྱང་པའི་ཐོན་འབབ་མཐོ་རུ་ཕྱིན་ནས། བཟའ་སྣུམ་ལས་སྣོན་ཁེ་ལས་ཀྱིས་བཟའ་སྣུམ་རྒྱུ་ཆར་གཏན་འཁེལ་བྱས་པའི་པད་ཁ་ཨང་དང་པོར་གྱུར་ཁར། རང་སྐྱོང་ལྗོངས་ཀྱི་ཚན་རྩལ་བྱ་དགའ་རིམ་པ་དང་པོ་ཐོབ་པ་རེད། (དོན་གྲུབ་ཀྱིས་བསྒྱུར། དོན་གྲུབ་དང་བསོད་མཚོས་ཞུས)