སྦྲུམ་མ་ཁ་ཤས་ཕྲུ་གུ་སྐྱེས་རྗེས་རྐང་ལག་ལ་ན་ཟུག་གཏོང་བ་དེ་ནི་ཁོང་ཚོས་བང་གསོ་བའི་སྐབས་རླུང་ཕོག་པ་ལས་བྱུང་བར་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་ལྟ་ཚུལ་འདི་རིགས་ནི་ནོར་བ་ཞིག་ཡིན།
(1)ཕྲུ་གུ་སྐྱེས་རྗེས་སྦྲུམ་མའི་ལག་པ་ན་བ་གཙོ་བོ་ནི་མཁྲིག་མ་དང་མཛུབ་མོའི་ཚིགས་སོགས་ཡིན། ཕྲུ་གུ་སྐྱེས་རྗེས་དང་འོ་མ་སྟེར་རིང་སྦྲུམ་མའི་གསང་རྒྱུད་ཟགས་གཤེར་གྱི་སྐུལ་རྩིར་ལ་འགྱུར་བ་བྱུང་ནས་ཤ་གནད་དང་། ཆུ་རྒྱུས་ཀྱི་ནུས་ཤུགས་ཚད་མི་འདྲ་བའི་ངང་ནས་དམའ་རུ་འགྲོ་བས་ཚིགས་སུལ་དང་ཚིགས་ཀྱི་མཐའ་འཁོར་གྱི་རྒྱུས་པའི་འཕར་ནུས་ཆུང་དུ་ཕྱིན་པར་བརྟེན་ཚིགས་ལྷོད་པར་འགྱུར་བ་ཡིན་ནོ། དེར་བརྟེན་ཕྲུ་གུ་སྐྱེས་རྗེས་བང་གང་ལེགས་གསོ་རྒྱུར་དོ་སྣང་བྱེད་པ་ལས་ནང་ལས་མང་པོ་བྱེད་མ་ཉན་ལ་ལྷག་པར་དུ་མཛུབ་མོ་དང་མཁྲིག་མའི་ཁུར་པོ་ཡང་དུ་གཏོང་རྒྱུར་ཡིད་གཟབ་བྱེད་དགོས། དཔེར་ན་ཕྲུ་གུ་འཁྲུ་སྐབས་མི་གཞན་གྱི་རོགས་པ་དགོས་པ་དང་། ཆུ་དྲོད་འཇམ་ལས་ཆུ་གྲང་མོའི་ངར་ཟུག་མི་ཕོག་པ་བྱེད་དགོས།
(2)ཕྲུ་གུ་སྐྱེས་རྗེས་རྒྱུན་དུ་སྦྲུམ་མའི་རྐང་མཐིལ་ན་གི་ཡོད། འདིའི་རྒྱུ་མཚན་ནི་རྐང་མཐིལ་གྱི་ཚིལ་གདན་ཟད་པའི་རྐྱེན་གྱིས་ཡིན། གལ་སྲིད་སྦྲུམ་མ་ཟླ་བ་ཧྲིལ་པོ་ཉལ་ནས་ངལ་གསོས་ཏེ་ས་ལ་མ་བབས་ཚེ་རྐང་མཐིལ་ཚིལ་གདན་གྱི་ནུས་པ་ཉམས་པའི་སྣང་ཚུལ་ཐོན་ཞིང་། ནམ་ཞིག་སར་བབས་ནས་གོམ་པ་སྤོ་བའི་ཚེ་ནུས་པ་ཉམས་པའི་ཚིལ་གདན་གྱིས་ལུས་པོའི་ལྗིད་ཚད་དང་འགྲོ་སྐྱོད་ཀྱི་གཡོ་འགུལ་བཟོད་དཀའ་བས། སྐྲངས་སྦོས་དང་ཁྲག་ཤེད་རྒྱས་པ་སོགས་གཉན་ཁ་ཆགས་པའི་སྣང་ཚུལ་ཐོན་ནས་ན་ཟུག་གཏོང་གི་ཡོད།
དེར་བརྟེན་སྦྲུམ་མས་སྔ་ཙམ་ཉལ་ཁྲི་ནས་བབས་ཏེ་འགུལ་སྐྱོད་བྱས་ཚེ་རྐང་ལག་གི་ན་ཟུག་སྔོན་འགོག་ཐུབ། གལ་སྲིད་ཡིད་གཟབ་མ་བྱས་པར་ཕྲུ་གུ་སྐྱེས་རྗེས་རྐང་ལག་ལ་ན་ཟུག་བཏང་ཚེ་རང་ཉིད་ཀྱིས་མེ་བཙའ་རྒྱག་པ་དང་། ཨ་ཅོར་ཚ་པོ་སྦྱོར་བ། འཕུར་མཉེད་གཏོང་བ་སོགས་བྱེད་ཆོག མེ་བཙའ་ཉིན་རེར་ཐེངས་གཉིས་དང་ཐེངས་རེར་སྐར་མ་5ནས་10བར་རྒྱག་དགོས། དེ་བཞིན་ཨ་ཅོར་ཚ་པོ་སྦྱོར་དགོས། གལ་སྲིད་དེའི་ནང་རླུང་ཁྲག་དང་ཁྲག་རླུང་གསོ་བ་དང་། ཚ་རླངས་གཅོག་པའི་ཀྲུང་ལུགས་སྨན་རྫས་བསྣན་ན་ནུས་པ་དེ་བས་ཆེ། དེ་བཞིན་འཕུར་མཉེད་གཏོང་ཆོག་པ་སྟེ། སྤྱིར་ན་སྔོན་ལ་ཤུགས་ཆུང་ཙམ་དང་དེ་རྗེས་ཤུགས་ཆེ་རུ་བཏང་ནས་སྐར་ཆ་3གནོན་པ་དང་སྐར་མ་15གློད་པ་བཅས་རེས་མོས་བྱེད་དགོས། གནོན་སྐབས་འཕུར་མི་རུང་། གལ་ཏེ་དེ་ལས་ལྡོག་ཚེ་ན་ཟུག་ཤུགས་ཆེར་འགྲོ་སྲིད།