དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • འཛིན་གྲྭའི་ཀྲུའུ་རེན་གྱི་ལས་ཀར་དོ་སྣང་དང་ཡིད་གཟབ་བྱེད་དགོས་པ་འགའ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-10-14

    སློབ་གྲྭ་གང་རུང་དང་འཛིན་གྲྭ་གང་རུང་གི་ཀྲུའུ་རེན་ཡིན་ཕྱིན་དེ་ནི་སློབ་མ་དང་འབྲེལ་བ་ཆེས་ཟབ་ཤོས་ཀྱི་ལམ་སྟོན་མཁན་དང་། སྒྲིག་འཛུགས་པ། དོ་དམ་པ། སློབ་གསོ་གཏོང་མཁན་ཞིག་ཡིན་པས། དུས་དང་རྣམ་པ་ཀུན་ཏུ་སློབ་མར་རྒྱལ་གཅེས་དང་། ཕུགས་བསམ། སྒྲིག་ལམ། ཁྲིམས་ལུགས། མཐུན་སྒྲིལ་སོགས་ཀྱི་སློབ་གསོར་བརྟེན་ནས་སློབ་མ་ཚོ་ཕུགས་བསམ་ལྡན་ཞིང་། སྤྱོད་ལམ་བཟང་བ། རིག་གནས་ཡོད་ལ་སྒྲིག་ལམ་སྲུང་མཁན་གྱི་ཡང་དག་པའི་སྐྱེས་བུ་བཟང་པོ་ཞིག་ལ་འགྱུར་བར་སྐུལ་འདེད་བཏང་སྟེ། སློབ་མ་མི་རེ་ངོ་རེ་མི་ཚེའི་ལྟ་བ་ཡང་དག་ལྡན་པའི་སྤྱི་ཚོགས་ཀྱི་ཤུལ་འཛིན་པ་དང་། འཛུགས་སྐྲུན་བྱེད་མཁན་ཞིག་ཏུ་གསོ་སྐྱོང་བྱ་རྒྱུ་ནི་འཛིན་གྲྭའི་ཀྲུའུ་རེན་གྱི་འདོར་ཐབས་མེད་པའི་ཆེས་གལ་ཆེའི་འགན་འཁྲི་ཡིན། དེར་བརྟེན། ང་ཚོས་དུས་རྟག་ཏུ་འཆར་གཞི་ཡོད་པ་དང་། གོ་རིམ་ལྡན་པ། མ་ལག་ཆ་ཚང་བའི་སྒོ་ནས་སློབ་མར་ཀུན་སྤྱོད་སློབ་གསོ་གཏོང་བ་ནས་འགོ་བརྩམས་ཏེ། སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་ལ་འབད་བརྩོན་ལྷུར་ལེན་བྱེད་དགོས།

    གཅིག འཛིན་གྲྭའི་ཀྲུའུ་རེན་གྱིས་རང་དཔེ་གཞན་སྟོན་བྱེད་དགོས།

    དང་ཐོག་རང་ཉིད་ལ་བསམ་བློ་ཆབ་སྲིད་ཀྱི་གོ་རྟོགས་ངེས་ཅན་ཞིག་དགོས་ཁར་སློབ་མར་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་གཏོང་མཁན་ཞིག་དང་། སློབ་མ་རྣམས་ལ་ཡང་དག་པའི་མེས་རྒྱལ་གྱི་ལྟ་བའི་ཕྱོགས་སུ་འཁྲིད་མཁན་འགན་ལེན་པ་ཞིག་ཡིན་དགོས། གཉིས་ནས་ན་ཆུང་སློབ་མ་ནི་མེས་རྒྱལ་གྱི་མ་འོངས་པའི་བདག་པོ་ཉག་གཅིག་ཡིན་གཤིས། སློབ་མར་ཤེས་བྱ་སློབ་པ་དང་མི་སྣ་སྐྱོང་བའི་བརྒྱུད་རིམ་ཁྲོད་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་དོ་སྣང་བྱས་ནས། རང་རྒྱུད་ཀྱི་ཤེས་བྱ་གང་ཡོད་བུམ་པ་གང་བྱོའི་ཚུལ་དུ་སློབ་མའི་རྒྱུད་ལ་འཇགས་པ་བྱེད་དགོས།

    གཉིས། སློབ་མར་དྲོ་སྐྱིད་ལྡན་པའི་ཁོར་ཡུག་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས།

    ཞིང་འབྲོག་ཁུལ་གྱི་སློབ་ཕྲུག་གི་ངོས་ནས་བརྗོད་ན། སློབ་ཆུང་ཐོག་མར་འགྲིམས་དུས་ནས་ཕ་མ་སྤུན་མཆེད་དང་ཁ་བྲལ་ནས་སློབ་གྲྭར་སྡོད་དགོས་ཤིང་། མ་གཞི་ཟས་གོས་སྡོད་གསུམ་གྱི་ཐད་ཏང་གི་ཐུགས་ཁུར་ཟབ་བཞེས་ལ་བརྟེན་ནས་སློབ་མའི་ཁྱིམ་བདག་རྣམས་སེམས་ཕྲལ་མེད་མོད། འོན་ཀྱང་བདེ་འཇགས་དང་། གཙང་སྦྲ། ཕན་ཚུན་འབྲེལ་འདྲིས། སེམས་ཁམས་བཅས་ཀྱི་ཐད་ཐག་ཉེ་ཤོས་ཀྱི་འཛིན་གྲྭའི་ཀྲུའུ་རེན་ནས་ལྟ་རྟོག་གང་ཡག་བྱ་རྒྱུ་ནི་གཡོལ་ཐབས་མེད་པའི་འགན་འཁྲི་ལྕི་མོ་ཞིག་དང་། ཕྱིས་འབྱུང་སློབ་མའི་མི་ཚེ་གཅིག་གི་འབྱུང་འགྱུར་དང་འབྲེལ་བ་དམ་ཟབ་ཡོད་རྐྱེན། འཛིན་གྲྭའི་ཀྲུའུ་རེན་ནས་སློབ་མ་ཚོར་དྲོ་སྐྱིད་ལྡན་པའི་སློབ་སྦྱོང་གི་ཁོར་ཡུག་ཅིག་བསྐྲུན་དགོས་པ་སྟེ། སློབ་མར་རྒྱུས་ལོན་བྱང་ཆུབ་པ་བྱས་ནས་སྒྲོག་ཙེ་མཉམ་གཤིབ་བྱེད་ཕྱོགས་དང་། ཕན་ཚུན་དབར་ལོ་ན་རྒན་གཞོན་དང་རང་མགོ་ཐོན་ཚད་ལ་བལྟས་ནས་རོགས་རེས་ཀྱི་འབྲེལ་ལམ་འཛུགས་དགོས་པ་མ་ཟད། དགེ་རྒན་མེད་པའི་སྐབས་གནས་ཚུལ་ཐོན་ཚེ་ཇི་ལྟར་བྱས་ནས་དགེ་རྒན་འཚོལ་དགོས་ལུགས་དང་། འཛིན་གྲྭ་གཞན་དག་གི་སློབ་ཕྲུག་ལ་འབྲེལ་ལམ་ཇི་ལྟར་འཛུགས་དགོས་པ། སློབ་གྲྭའི་དགེ་རྒན་ཚང་མར་གུས་ཞབས་ཀྱིས་ཚང་མ་རང་ཉིད་ཀྱི་དགེ་རྒན་དུ་བཀུར་ནས། དཀའ་ངལ་འཕྲད་ན་དགེ་རྒན་འཚོལ་ས་ཡོད་པ་དང་། སློབ་མ་ཕན་ཚུན་འཆམ་འཐུན་གང་ལེགས་ཀྱིས་དགའ་ཞེན་དང་སྤྲོ་སྣང་གིས་ཁྱབ་པའི་བདེ་སྐྱིད་ཀྱི་ཁོར་ཡུག་ཅིག་བསྐྲུན་རྒྱུར་འབད་བརྩོན་བྱ་རྒྱུ་ལས་དགེ་རྒན་ནི་སྤྱང་ཀི་དང་སློབ་མ་ནི་ལུག་ཁྱུ་ལྟ་བུ་མ་ཡིན་པར་ཞི་ལྷོད་ཀྱི་ཁོར་ཡུག་ཅིག་འཛུགས་ཐུབ་ན་ལུས་བདེ་སེམས་སྐྱིད་ངང་སྦྱང་བྱའི་གནས་ལ་འབད་བརྩོན་བྱ་ཐུབ་སྙམ།

    གསུམ། ཁྱིམ་བདག་དང་འབྲེལ་ལམ་བཙུགས་ནས་ཀྲུའུ་རེན་གྱི་ལས་ཀར་ཤུགས་སྣོན་རྒྱག་དགོས།

    ཕ་མ་ནི་ཕྲུ་གུའི་དགེ་རྒན་དང་པོ་དང་ཆེས་རིན་ཐང་ལྡན་པའི་བསླབ་གཞི་ཞིག་ཡིན་པ་མ་ཟད་ཕྲུག་གུའི་འགྲོ་འདུག་སྤྱོད་གསུམ་གྱི་མིག་དཔེ་ལྟ་ས་ཞིག་ཡིན་པས་རྒྱུན་གཏན་འཚོ་བའི་ཁྲོད་རང་གི་བུ་ཕྲུག་མདུན་དུ་བཟའ་ཚང་ཕན་ཚུན་ཁ་རྩོད་རྒྱག་པ་དང་བུ་ཕྲུག་གི་སློབ་སྦྱོང་ལ་དོ་སྣང་མ་བྱས་པར་ཤོ་སྦག་རྒྱན་འཛུགས་སོགས་ཀྱི་རྩེད་འཇོར་རོལ་བ། ཡ་རབས་བག་ཡོད་ཀྱི་སྤྱོད་ཚུལ་མི་འཛིན་པར་ཕྲུ་གུར་ཚིག་རྩུབ་སྨྲ་བའི་རང་གཤིས་ངན་པ་དག་སྤངས་ནས་བུ་ཕྲུག་ལ་དོ་ཁུར་མང་ཙམ་དང་ཆུང་དུས་ཡ་རབས་གུས་ཞབས་དང་རྒན་བཀུར་གཞོན་གཅེས། གཞན་ཕན་ལྷག་བསམ་གྱི་གཤིས་སྤྱོད་རིན་ཐང་ལྟ་བ་འཛུགས་དགོས། དུས་རྒྱུན་སློབ་གྲྭར་རིག་གནས་སློབ་པ་དང་། ཀུན་སྤྱོད་སློབ་རྒྱུ་ཙམ་གྱིས་མ་ཚད། ཁྱིམ་བདག་དང་འབྲེལ་བ་ཟབ་མོ་བཙུགས་ནས་ཐུན་མོང་ཐོག་སློབ་མ་ཡར་རྒྱས་གཏོང་ཐབས་ལ་འབད་དགོས། དེ་ཡང་སློབ་མ་གང་ཞིག་གིས་ནོར་འཁྲུལ་ཕྲན་བུ་ཤོར་བར་ཁྱིམ་བདག་སློབ་གྲྭར་བོས་ནས་གནས་ཚུལ་གསལ་བཤད་བྱེད་པའི་བྱ་བ་ཆུང་ཙག་ལ་དགོས་མེད་ཀྱི་རྙོག་དྲ་བཟོ་བ་བཞིན་མ་ཡིན་པར། དོན་ངོ་མར་སློབ་མ་སོ་སོའི་ཡར་རྒྱས་ཡོང་རེ་ལ་དམིགས་ནས་ཀྲུའུ་རེན་རང་ཉིད་དང་དགེ་རྒན་ལས་རོགས་གཞན་གྱི་བསླབ་བྱ་བྱས་ཀྱང་ཕན་འབྲས་ཐོན་ཆུང་བ་དང་། དགེ་རྒན་གྱི་གོ་བསྐོན་སློབ་གསོ་བྱས་ཀྱང་སློབ་མས་ཉན་འཇོག་དེ་ཙམ་མེད་པ། དེ་བཞིན་གནས་ཚུལ་ཚབས་ཆེ་རིགས་ལ་ཁྱིམ་བདག་དང་མཉམ་དུ་ཐབས་མཁས་ཀྱིས་སློབ་མའི་བསམ་པར་ཕོག་ཐུག་མེད་པར་སློབ་གསོ་གཏོང་དགོས་ལ། དེ་ལྟར་མ་ཡིན་པར་སློབ་མའི་སྐྱོན་ཕྲན་བུའི་དོན་དུ་རྟག་པར་ཁྱིམ་བདག་ལ་ཁ་པར་རྒྱག་པའམ་སྐད་གཏོང་བ། ཀྲུའུ་རེན་རང་ལ་འགན་འཁྲི་རྩ་བ་ནས་མེད་མདོག་དང་ཡང་ན་ཀྲུའུ་རེན་རང་ཉིད་ཀྱིས་རང་འགན་ལེགས་གྲུབ་མ་ཐུབ་པར་ཁྱིམ་བདག་ཁོ་ནར་འགན་དཀྲིས་ནས་ཁྱིམ་བདག་ཡང་ནས་ཡང་དུ་སློབ་གྲྭར་སྐད་བཏང་ན། ཁྱིམ་བདག་གིས་འཛིན་གྲྭའི་ཀྲུའུ་རེན་གྱི་ཁ་པར་འབྱོར་བའམ་སྐད་ལན་འབྱོར་བར་རིམ་བཞིན་སུན་སྣང་དང་། རང་གི་ཕྲུ་གུ་ཕྱོགས་གང་ཐད་ནས་སློབ་མ་གཞན་སུ་ཞིག་ལས་ཀྱང་ཞན་པའི་བསམ་བློ་འཁྱེར་ཏེ་གཅིག་ནས་སློབ་མར་སློབ་གསོ་ཐོབ་པའི་ནུས་པ་ཞན་དུ་འགྲོ་བ་དང་། གཉིས་ནས་དགེ་རྒན་དང་ཁྱིམ་བདག་གི་འབྲེལ་བའང་རིམ་བཞིན་ཇི་སྡུག་ཏུ་འགྲོ་སྲིད། དེས་ན་དུས་རྒྱུན་དུ་ཁ་ཞེ་གཉིས་མེད་ཀྱིས་སློབ་མ་གང་དང་གང་གིས་སློབ་སྦྱོང་ལ་འཛིན་པའི་རྣམ་འགྱུར་དང་སློབ་གྲྭར་འབྱོར་མིན། སློབ་གྲྭའི་ནང་གི་ཀུན་སྤྱོད། སློབ་སྦྱོང་གི་སྦྱངས་འབྲས་ཡག་རུ་ཕྱིན་ཡོད་མེད་སོགས་མདོར་ན་སློབ་མ་གང་དེའི་སྐྱོན་ཡོན་གཉིས་ལ་དམིགས་ནས་ལེགས་པའི་ཆ་ལ་བསྟོད་བསྔགས་དང་། མི་འདང་བའི་ཆ་ལ་བསྒྱུར་བཅོས་ཡོང་རེ་དགོངས་ནས་ཁྱིམ་བདག་དང་འབྲེལ་འདྲིས་དམ་ཟབ་ཀྱིས་ཟུང་འབྲེལ་གྱི་ཐབས་ལམ་ལ་འབད་དགོས།

    མདོར་ན། སློབ་མའི་དྭངས་གཙང་གི་བསམ་བློར་ནག་ནོག་གི་དྲི་མས་མ་སྦགས་པར། གནའ་མིའི་ཁ་དཔེ་ལྟར་མི་གཅིག་བྱུང་ན་ཆུང་ནས་བྱུང་། རྟ་གཅིག་བྱུང་ན་རྟེའུ་ནས་བྱུང་ཞེས་པ་བཞིན་འཛིན་གྲྭའི་ཀྲུའུ་རེན་དང་ཁྱིམ་བདག་གཉིས་ཕྱར་བ་གྲུ་འདེགས་ཀྱིས་རིག་གནས་ལྡན་ལ་བསམ་བློ་ཀུན་སྤྱོད་ཀྱི་ཆུ་ཚད་མཐོ་ཞིང་། མེས་རྒྱལ་དང་མི་དམངས་ལ་དགའ་ཞེན་ཆེ་བའི་ཤེས་ལྡན་མི་སྣ་འབོར་ཆེན་སྐྱོང་བར་ཕྱོགས་ཀུན་ནས་གཞོགས་འདེགས་མཐའ་གཅིག་ཏུ་བྱེད་དགོས་པ་མ་ཟད། ཁོ་ཚོའི་ཚེ་གང་གི་སློབ་སྦྱོང་དང་། འཚོ་བ། ལས་དོན་བཅས་ལ་ད་ལྟ་ནས་རྨང་གཞི་འདིང་གང་ཐུབ་བྱེད་དགོས།

    (གཞིས་རྩེ་པ་སྣམ་རྫོང་སློབ་ཆུང་གི་མིག་དམར་གཡང་སྒྲོན)

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།