ཉིན་ཤས་གོང་། གསར་འགོད་པ་སྤུ་ཧྲེང་རྫོང་ཧོར་ཤང་སློབ་ཆུང་དུ་སྐྱོད་སྐབས། དེ་གར་ནམ་མཁའ་གཡའ་དག་པ་དང་ཉི་འོད་རབ་ཏུ་འཚེར་ཞིང་། སློབ་གྲྭའི་ནང་དུ་སློབ་ཕྲུག་ཚོའི་དཔེ་ཀློག་གི་སྒྲས་ཁེངས་ཡོད།
ཆ་ཚང་བའི་སློབ་ཁྲིད་སྒྲིག་བཀོད་ཕུད། སློབ་གྲྭའི་ནང་དུ་ད་དུང“གྲོང་གསེབ་སློབ་གྲྭའི་བྱིས་པའི་ཕོ་བྲང”ཞེས་བྲིས་པའི་བྱང་བུ་བཀལ་བའི་སློབ་ཁྲིད་ཐོག་ཁང་ཞིག་གསར་འགོད་པས་མཐོང་བྱུང་། གམ་དུ་བཅར་ནས་ལྟ་སྐབས། ཐོག་ཁང་དེའི་ནང་དུ་ཕན་ནུས་ལྟར་ཞབས་བྲོ་ཁང་དང་། རོལ་མོ་ཁང་། ལག་བཟོ་ཁང་སོགས་སུ་ཡོད་ཅིང་། སློབ་ཁང་རེ་རེའི་ནང་དུ་སློབ་ཕྲུག་བཅུ་ཕྲག་ཁ་ཤས་ཀྱིས་ཆེད་ལས་ཟུར་ཁྲིད་དགེ་རྒན་གྱི་མཛུབ་ཁྲིད་འོག་བྲོ་འཁྲབ་པ་དང་། གཞས་གཏོང་བ། ལག་བཟོ་སོགས་བྱེད་ཀྱི་འདུག “བྱིས་པའི་ཕོ་བྲང་ནང་དུ། ང་ཚོས་རང་གི་དགའ་ཕྱོགས་ལྟར་སྤྲོ་སྣང་འཛིན་གྲྭ་འདེམས་ཆོག ང་རོལ་མོ་དཀྲོལ་རྒྱུར་དགའ་པོ་ཡོད་པས་རོལ་མོའི་འཛིན་གྲྭ་བདམས་པ་ཡིན། རྗེས་མ་ཆེན་པོ་ཆགས་རྗེས་གར་ཐོག་ཏུ་ནས་འཁྲབ་སྟོན་བྱེད་ཐུབ་རེ་ཡོད”ཅེས་ལོ་རིམ་གསུམ་པའི་སློབ་ཕྲུག་པད་མ་ལྷ་མོས་དགའ་སྤྲོའི་ངང་གསར་འགོད་པར་བཤད།
ཧོར་ཤང་སློབ་ཆུང་ནི་ཉེ་བའི་ལོ་ཤས་རིང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་པའི་མངའ་རིས་ས་ཁུལ་གྱི་གྲོང་གསེབ་སློབ་གྲྭའི་ལོ་ཆུང་ཕོ་བྲང་འཛུགས་སྐྲུན་ལས་དོན་གྱི་མཚོན་བྱེད་ལྟ་བུ་ཞིག་རེད། 2011ལོ་ཚུན་དུ། ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་དང་། ནོར་སྲིད་པུའུ། སློབ་གསོ་པུའུ་བཅས་ཀྱིས་ཀྲུང་དབྱང་ཆེད་དོན་རྒྱན་ཤོག་སྤྱི་ཕན་མ་དངུལ་གྱིས་གྲོང་གསེབ་སློབ་གྲྭའི་བྱིས་པའི་ཕོ་བྲང་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་མཉམ་འབྲེལ་ཐོག་ལག་བསྟར་བྱས་ཤིང་། དེ་དག་ལས་མངའ་རིས་ས་ཁུལ་དུ་གྲོང་གསེབ་སློབ་གྲྭའི་བྱིས་པའི་ཕོ་བྲང་28བཀོད་སྒྲིག་བྱས་པའི་འཛུགས་སྐྲུན་མ་དངུལ་སྒོར་ཁྲི་535དང་འཁོར་རྒྱུག་དོ་དམ་མ་དངུལ་སྒོར་ཁྲི་105ཟིན་པ་དང་། རྣམ་གྲངས་ཡོངས་སུ་བསྐྲུན་ཟིན་རྗེས་ཞིང་འབྲོག་ཁུལ་གྱི་སློབ་ཕྲུག་6000ལ་ཕན་ཐོགས་ནས་མངའ་རིས་ས་ཁུལ་ཞིང་འབྲོག་ཁུལ་གྱི་ན་སོ་དར་ལ་མ་བབས་པའི་མིའི་སློབ་ཕྱིའི་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་ཉམ་ཞན་ཡིན་པའི་གནས་ཚུལ་ཞི་ལྷོད་དུ་ནུས་ལྡན་གཏོང་ཐུབ་རྒྱུ་རེད། མིག་སྔར་ས་ཁུལ་ཡོངས་སུ་གྲོང་གསེབ་སློབ་གྲྭའི་བྱིས་པའི་ཕོ་བྲང་23བསྐྲུན་ཚར་པ་དང་5སྐྲུན་བཞིན་པའི་སྒང་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་གསེབ་སློབ་གྲྭའི་ལོ་ཆུང་ཕོ་བྲང་རྣམ་གྲངས་ལག་བསྟར་བྱས་ཚུན། མངའ་རིས་ས་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་བཀོད་སྒྲིག་ཞིབ་ཚགས་བྱས་པར་བརྟེན་ནས“དྲིལ་བསྒྲགས་པུས་སྣེ་འཁྲིད་པ་དང་། ཤེས་དཔལ་གཞུང་དོན་ཁང་གིས་དམ་འཛིན་གཙོ་བོ་བྱེད་པ། སྡེ་ཚན་ཁག་གིས་མཉམ་འགུལ་བྱེད་པ”བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་ཏེ། ཞིང་འབྲོག་ཁུལ་གྱི་ན་སོ་དར་ལ་མ་བབས་པའི་མིར་བྱ་བ་དངོས་དང་བྱ་བ་ཡག་པོ་བསྒྲུབ་རྒྱུ་དམངས་ལ་བྱ་བ་དངོས་སྒྲུབ་པའི་རྣམ་གྲངས་ཁོངས་སུ་བཅུག་པ་རེད། 2013ལོ་ཚུན་དུ། མངའ་རིས་ས་ཨུད་དྲིལ་བསྒྲགས་པུའུ་དང་། ས་ཁུལ་ཤེས་དཔལ་ཨུ་ལྷན། ས་ཁུལ་སློབ་གསོ་ལུས་རྩལ་ཅུས་སོགས་ཚན་པ་ཁག་གིས་མཉམ་འབྲེལ་ཐོག་ལས་དོན་ཚོགས་ཆུང་བཙུགས་ནས་རྫོང་བདུན་དུ་རྣམ་གྲངས་འཛུགས་སྐྲུན་དང་འཁོར་རྒྱུག་དོ་དམ་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་བསྐྱོད་པ་རེད། རིམ་རྩིས་བརྒྱབ་ན་མི་ཐེངས་20བཏང་བ་ཐེངས་ལྔར་ཕྱེ་སྟེ་རྣམ་གྲངས་སློབ་གྲྭ་ཁག་གི་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱེད་པར་བསྐྱོད་པ་རེད།
རྣམ་གྲངས་འཛུགས་སྐྲུན་ཁྲོད། མངའ་རིས་ས་ཁུལ་གྱི་རྣམ་གྲངས་སློབ་གྲྭ་ཁག་གིས་གྲོང་གསེབ་སློབ་གྲྭའི་བྱིས་པའི་ཕོ་བྲང་འཛུགས་སྐྲུན་དང་དོ་དམ་གྱི་ཚད་གཞི་ལྟར་ད་ཡོད་སློབ་གྲྭའི་སློབ་གསོའི་ཐོན་ཁུངས་དང་དོ་སྙོམས་འཕེལ་རྒྱས་སློབ་གསོའི་ཐོན་ཁུངས་བསྡུ་སྒྲིལ་དང་བེད་སྤྱོད་གང་ལེགས་བྱས་ནས། ཕྱོགས་ཁག་མཉམ་སྐྲུན་དང་། ཐོན་ཁུངས་མཉམ་སྤྱོད། མཉམ་ཁེ་མཉམ་རྒྱལ་མངོན་འགྱུར་བྱས་པ་དང་། ལས་ཁུངས་ཀྱི་མི་སྣ་དོན་འཁྱོལ་ཐད། 《གྲོང་གསེབ་སློབ་གྲྭའི་བྱིས་པའི་ཕོ་བྲང་བེད་སྤྱོད་དོ་དམ་བྱེད་ཐབས》ཀྱི་གཏན་འབེབས་ལྟར་ཚན་ཁག་གཅིག་དང་། དོ་དམ་དང་ཀྲུའུ་རེན(ཞའོ་ཀྲང)གྱིས་འགན་འཁུར་བའི་ལམ་ལུགས་གཉིས་ལག་བསྟར་བྱས་ནས། དགེ་རྒན་གྱི་ཀུན་སྤྱོད་ཡག་པོ་དང་སྤྱི་ཚོགས་སློབ་གསོའི་ཆེད་ལས་བྱང་ཚད་ཅུང་མཐོ་བ་ཡོད་པའི་ཤེས་ལྡན་པ་ཁག་གཅིག་སྐྱེད་སྲིང་གིས་གྲོང་གསེབ་སློབ་གྲྭའི་བྱིས་པའི་ཕོ་བྲང་གི་ཆེད་བསྐོས་དང་གཅིག་ལྕོགས་ཟུར་ཁྲིད་པ་བྱེད་དུ་བཅུག་པ། གྲོང་གསེབ་སློབ་གྲྭའི་ལོ་ཆུང་ཕོ་བྲང་བེད་སྤྱོད་དང་དོ་དམ་ཐད། “ཕྱོགས་གཅིག་ནས་འཛུགས་སྐྲུན་བྱེད་པ་དང་ཕྱོགས་གཅིག་ནས་བྱེད་སྒོ་སྤེལ་བའི”རྩ་དོན་ལྟར། གཅིག་འདོམས་འཆར་འགོད་ལ་མཐའ་འཁྱོངས་དང་། ཚན་རིག་དང་མཐུན་པའི་སྒྲིག་འཛུགས་ལག་བསྟར་བྱས་ཐོག སློབ་གྲྭས་དོ་དམ་ཞིབ་ཕྲ་དོན་འཁྱོལ་བྱེད་པ་དང་། འབྲེལ་ཡོད་སྡེ་ཚན་ཁག་ཧུར་ཐག་ཞུགས་པའི་ལས་ཀའི་རྩ་དོན་ལྟར། གྲོང་གསེབ་སློབ་གྲྭའི་བྱིས་པའི་ཕོ་བྲང་འཛུགས་སྐྲུན་ལས་འགན་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱས་པ་རེད། མིག་སྔར་གྲོང་གསེབ་སློབ་གྲྭའི་བྱིས་པའི་ཕོ་བྲང་འཛུགས་སྐྲུན་ས་ཚིགས་ཁག་ཚང་མར་གཏན་འཁེལ་གྱི་བྱེད་སྒོ་སྤེལ་སའམ་གཞུང་ལས་སྒྲུབ་ས་ཡོད།
ཉེ་བའི་ལོ་ཤས་རིང་། གྲོང་གསེབ་སློབ་གྲྭའི་བྱིས་པའི་ཕོ་བྲང་ཐོན་ཁུངས་ལ་བརྟེན་ནས་མངའ་རིས་ཀྱི་རྣམ་གྲངས་ལས་ཕན་པ་ཐོན་པའི་སློབ་གྲྭ་ཁག་གིས“བྱིས་པའི་སེམས་པ་ཏང་ལ་ཕྱོགས”དང་། “ཀུན་སྤྱོད་ལེགས་པའི་མི་ཞིག་བྱེད”“མེས་རྒྱལ་ཡག ཕ་ཡུལ་མཛེས”ཞེས་པ་སོགས་ཀྱི་བརྗོད་བྱ་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་མ་ཟད། ད་དུང་རྩོམ་ཡིག་གྲགས་ཅན་གྱེར་འདོན་དང་། ཕུལ་བྱུང་བྱིས་གླུ་གཏོང་བ། གསར་བརྗེའི་གླུ་གཞས་གཏོང་བ་སོགས་ཀྱི་བྱེད་སྒོ་ཡང་སྤེལ་ནས་གྲོང་གསེབ་སློབ་གྲྭའི་བྱིས་པའི་ཕོ་བྲང་ཁག་སློབ་ཕྲུག་ཚོ་སྤྱི་ཚོགས་ལག་ལེན་ལ་ཞུགས་སར་འགྱུར་བར་བྱས་ཐོག ཞིང་འབྲོག་ཁུལ་གྱི་ན་སོ་དར་ལ་མ་བབས་པའི་མི་ཐོན་སྐྱེད་ངལ་རྩོལ་ལག་ལེན་ལ་ཞུགས་རྒྱུའི་སྒྲིག་འཛུགས་ཧུར་ཐག་དང་ནུས་པས་གང་ལྕོགས་ཀྱི་རྩལ་ནུས་གསོ་སྦྱོང་བྱེད་སྒོ་སྤེལ་ནས་ངལ་རྩོལ་རྩལ་ནུས་ཆེ་རུ་བཏང་སྟེ། ན་སོ་དར་ལ་མ་བབས་པའི་མིས་ཤེས་དགོས་པ་ཚང་མ་ཤེས་པར་བྱེད་པ་དང་། མྱོང་ཚོར་ཁྲོད་དགའ་སྤྲོར་རོལ་བ། ལག་ལེན་ཁྲོད་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བ། དགའ་དགའ་སྤྲོ་སྤྲོས་སློབ་སྦྱོང་བྱེད་བཞིན་དུ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་བཅས་ཀྱི་ཁྲིད་སྟོན་བྱས་པ་རེད། 2013ལོ་ཚུན་དུ། མངའ་རིས་ས་ཁུལ་སྒར་རྫོང་ཁུང་ཧྥན་སེན་སློབ་ཆུང་གིས་འོས་སྦྱོར་བྱས་པའི“བྱིས་པའི་སེམས་པ་ཏང་ལ་ཕྱོགས”ཞེས་པའི་ལེ་ཚན་ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་བྱ་དགའ་ཐོབ་པ་དང་། སྤུ་ཧྲེང་རྫོང་གི་ལོ་དགུ་བསྟུད་འབྲེལ་ལམ་སྲོལ་སློབ་གྲྭས་འོས་སྦྱོར་བྱས་པའི་རི་མོའི་བརྩམས་ཆོས་ལ་རང་སྐྱོང་ལྗོངས་རིམ་པའི་བྱིས་པའི་བྱེད་སྒོའི་རི་མོ་འགྲེམས་སྟོན་ལ་བྱ་དགའ་ཐོབ་པ་རེད།