འཛིན་གྲྭའི་ཀྲུའུ་རེན་ལ་ངེས་པར་དུ་ལྡན་དགོས་པའི་བྱང་ཚད།
འཛིན་གྲྭའི་ཀྲུའུ་རེན་ཞིག་གིས་སློབ་མའི་ཀྱག་ཀྱོག་གི་མི་ཚེའི་འཕེལ་རྒྱས་ལམ་བུའི་ནང་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་ཐོན་སྲིད། ཕུལ་བྱུང་གི་འཛིན་གྲྭའི་ཀྲུའུ་རེན་ཞིག་ཡིན་ཕྱིན། སློབ་མའི་ཚེ་གང་གི་ལམ་སྟོན་སྒྲོན་མེ་དང་གཉིས་སུ་མ་མཆིས། འཛིན་གྲྭའི་ཀྲུའུ་རེན་དག་ནི་ཁྱིམ་གཞིས་ཆེ་མོ་ཞིག་གི་ཕྱག་མཛོད་ཅིག་དང་མཚུངས་པར། ཁྱིམ་གཞིས་དེའི་ནང་ཁྱིམ་མི་རྒན་གཞོན་ཚང་མའི་ནུས་པ་ཐོན་གང་ཐུབ་བྱེད་ཀྱི་ཡོད། སློབ་གྲྭའི་ནང་ཁོང་ཚོ་ནི་སློབ་མའི་སློབ་ཚན་རྣམ་གྲངས་ཤིག་གི་སློབ་ཁྲིད་པ་ཞིག་ཡིན་ལ། སློབ་སྦྱོང་དང་འཚོ་བའི་ཁྲོད་ཀྱི་རོགས་འདེགས་པ་ཞིག་ཀྱང་ཡིན་པ་མ་ཟད། འཛིན་གྲྭ་ཞིག་གི་དོ་དམ་པ་ཡང་ཡིན་པས། འཛིན་གྲྭའི་ཀྲུའུ་རེན་གྱི་ཕྱག་ལས་ཀྱི་ཕན་ནུས་དེས། འཛིན་གྲྭ་ཐུན་མོང་གི་སྙིང་སྟོབས་རྣམ་པ་དང་། སློབ་ཁྲིད་ཕན་འབྲས། དེ་བཞིན་འཛིན་གྲྭ་སྤྱི་ཡོངས་ཀྱི་སློབ་མའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་རྒྱུར་གལ་ཆེའི་ཤུགས་རྐྱེན་ཐེབས་སྲིད། དེར་བརྟེན་ཚད་ལྡན་གྱི་སློབ་འབྲིང་འཛིན་གྲྭའི་ཀྲུའུ་རེན་ཞིག་བྱེད་དགོས་བསམ་ན། ངེས་པར་དུ་གཤམ་གསལ་གྱི་རྨང་གཞིའི་བྱང་ཚད་ཁག་ལྡན་དགོས་པ་སྟེ།
གཅིག འཛིན་གྲྭའི་ཀྲུའུ་རེན་ལ་ཆེས་མཐོའི་ཀུན་སྤྱོད་བྱང་ཚད་ལྡན་དགོས།
འཛིན་གྲྭའི་ཀྲུའུ་རེན་ནི་སློབ་མའི་སློབ་གསོ་བ་དང་ལམ་སྣེ་བ་ཞིག་ཡིན། དེར་བརྟེན་ཁོ་ཚོའི་ཀུན་སྤྱོད་བྱང་ཚད་ཀྱི་རྣམ་པ་དེ་འགངས་ཆེ་བར་མཐོང་། ལྷག་དོན་སློབ་འབྲིང་སློབ་མའི་འཛིན་གྲྭའི་ཀྲུའུ་རེན་ཞིག་ཡིན་ཚེ། དེ་བས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་ནི་རང་ཉིད་ཁ་ཕྱོགས་ས་དེ་ཀུན་སྤྱོད་ཀྱི་འཕེལ་ཕྱོགས་མི་བརྟན་ཞིང་། མི་ཚེའི་ལམ་སྣེར་སླེབས་པའི་ལོ་ན་ཕྲ་བའི་སློབ་མ་ཤ་སྟག་ཡིན་པས། རང་རང་གི་ཀུན་སྤྱོད་གོམས་འདྲིས་དང་བྱ་སྤྱོད་ཀྱིས་སློབ་མར་རང་བཞིན་གྱི་ནུས་པ་ཐོན་སྲིད། དེར་བརྟེན། འཛིན་གྲྭའི་ཀྲུའུ་རེན་ལེགས་པོ་ཞིག་བྱེད་བསམ་ན། ངེས་པར་དུ་རང་ཉིད་ཀྱི་ཀུན་སྤྱོད་བྱང་ཚད་ལ་ཤུགས་སྣོན་རྒྱག་དགོས། དེ་ཡང་ཐོག་མར་སློབ་གསོའི་བྱ་གཞག་ལ་ལྷད་མེད་ཀྱི་ལྷག་བསམ་འཆང་དགོས། སློབ་གསོའི་བྱ་གཞག་ལ་དགའ་ཞེན་བྱ་རྒྱུ་དེ་ནི་སློབ་གསོ་སློབ་ཁྲིད་ལས་དོན་བདེ་བླག་ངང་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན། གཉིས་ནས་རང་གི་སློབ་མར་གཅེས་སེམས་ལྡན་དགོས། དགེ་རྒན་ཞིག་གིས་སློབ་མར་བཅངས་པའི་བྱམས་སེམས་དེས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཐད་ཤུགས་ཆེའི་ནུས་པ་ཐོན་ཐུབ། གསུམ་ནས་སློབ་མའི་མིག་དཔེར་འགྱུར་དགོས། འཛིན་གྲྭའི་ཀྲུའུ་རེན་ཞིག་ལ་ཅུང་ཆ་ཚང་བའི་ཀུན་སྤྱོད་བྱང་ཚད་ལྡན་ཚེ། གཞི་ནས་སློབ་མའི་དད་སེམས་སྐྱེད་བསྲིང་ཐུབ་ལ། རང་དཔེ་གཞན་སྟོན་གྱི་ནུས་པ་འདོན་ཐུབ་པ་མ་ཟད། སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་ཁག་ལེགས་པོ་སྒྲུབ་ཐུབ།
གཉིས། འཛིན་གྲྭའི་ཀྲུའུ་རེན་ལ་ཅུང་འཐུས་སྒོ་ཚང་བའི་ནུས་པའི་བྱང་ཚད་ཡོད་དགོས།
འཛིན་གྲྭའི་ཀྲུའུ་རེན་ཚད་ལྡན་ཞིག་བྱེད་བསམ་ན། ངེས་པར་དུ་གཤམ་གསལ་གྱི་ནུས་པ་ལྡན་དགོས་པ་སྟེ། གཅིག་ནི་དོ་དམ་དང་སྒྲིག་འཛུགས་ཀྱི་ནུས་པ་ལྡན་དགོས་པ། འཛིན་གྲྭའི་ཀྲུའུ་རེན་གྱི་ཁ་ཕྱོགས་ས་ནི་རང་གཤིས་མ་གཅིག་པའི་འཛིན་གྲྭའི་སློབ་མ་ཁྱོན་ཡོངས་ཡིན་པ་དང་། འཛིན་གྲྭའི་ཕྱག་ལས་ཀྱང་ཧ་ཅང་སྣ་མང་རྙོག་འཛིང་ཆེ་བས། གལ་ཏེ་ལས་དོན་ཁག་བདེ་བླག་ངང་སྒྲུབ་དགོས་ན། ངེས་པར་དུ་དོ་དམ་དང་སྒྲིག་འཛུགས་ཀྱི་བྱང་ཚད་ངེས་ཅན་ཞིག་ལྡན་དགོས། དེ་མེད་ཚེ་འཛིན་གྲྭའི་ལས་དོན་ཁག་རྙོག་འཛིང་གི་དྲ་བར་ཚུད་ངེས་ཡིན་ལ། སློབ་གསོ་སློབ་ཁྲིད་ཀྱི་བྱ་གཞག་ལ་ཡང་གྲུབ་འབྲས་ཐོན་དཀའ། གཉིས་ནི་གནད་དོན་ཐག་གཅོད་ཀྱི་བློ་རིག་ལྡན་དགོས་པ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་སྤེལ་བའི་དུས་རབས་གསར་པའི་ཁྲོད། སློབ་མའི་བསམ་བློ་དང་ལྟ་བ་སོགས་འགྱུར་བ་འགྲོ་བཞིན་ཡོད་ལ། འཛིན་གྲྭའི་ལས་དོན་ཁག་ལ་ཡང་ཉིན་རེ་བཞིན་འཕོ་འགྱུར་འགྲོ་བཞིན་ཡོད། གལ་ཏེ་འཛིན་གྲྭའི་ཀྲུའུ་རེན་གྱིས་རྣམ་ཀུན་གྱི་ཉམས་མྱོང་དང་བྱ་ཐབས་ཁོ་ནར་བརྟེན་ནས་ལས་དོན་སྒྲུབ་ཚེ། ཧ་ལམ་ཡིད་དགའ་བའི་ཕན་འབྲས་ཐོན་མི་སྲིད། དེར་བརྟེན་ད་ལྟའི་དུས་རབས་ཀྱི་གནད་དོན་གསར་པ་དང་། དངོས་ཡོད་གནས་ཚུལ་ལ་དམིགས་ཏེ་བློ་དང་རིག་པའི་རྩལ་ལ་བརྟེན་ནས་ནད་ཐོག་སྨན་འཁེལ་ལྟ་བུའི་གནད་དོན་ཐག་གཅོད་བྱས་ཚེ་གཞི་ནས་འཛིན་གྲྭའི་ལས་དོན་ཁག་རིམ་གྱིས་སྒྲུབ་ཐུབ། གསུམ་ནི་ཅུང་རྒྱ་ཆེ་བའི་འབྲེལ་འདྲིས་ཀྱི་བྱང་ཚད་ལྡན་དགོས་པ། སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་ནི་སློབ་གསོའི་ཕྱག་ལས་གནང་མཁན་དང་སྤྱི་ཚོགས་ཐོག་གི་ཚན་པ་ཁག་ཚང་མའི་ཐུན་མོང་གི་བྱ་གཞག་ཅིག་ཡིན་པས། འཛིན་གྲྭའི་ཀྲུའུ་རེན་སོ་སོ་གཅིག་པུའི་ནུས་ཤུགས་ཁོ་ནར་བརྟེན་ཚེ་ཕལ་ཆེར་སྒྲུབ་དཀའ། དེས་ན་ཚན་པ་ཁག་དང་སློབ་ཁྲིད་དགེ་རྒན་རྣམས་དང་འབྲེལ་བ་ལེགས་པོ་བཙུགས་ཐོག་ཕྱོགས་ཚང་མའི་ནུས་པ་འདོན་སྤེལ་ཐུབ་ཚེ་གཞི་ནས་འཛིན་གྲྭའི་ལས་དོན་ཁག་ལེགས་པོ་ཞིག་སྒྲུབ་ཐུབ་ངེས་ཡིན། བཞི་ནི་ཚོར་བ་རྣོ་བའི་རྟོག་ཞིབ་ཀྱི་བྱང་ཚད་ལྡན་དགོས་པ། འཛིན་གྲྭའི་ཀྲུའུ་རེན་ཞིག་གིས་འཛིན་གྲྭའི་ལས་དོན་ཁག་འཐུས་སྒོ་ཚང་བའི་ངང་སྒྲུབ་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་ནི་འཛིན་གྲྭའི་སློབ་མར་རྒྱུས་མངའ་ལོན་པ་བྱ་རྒྱུ་དེ་རེད། དེ་ཡང་སློབ་མར་རྒྱུས་མངའ་ལོན་པ་དགོས་ན་རྨང་གཞིའི་བྱང་ཚད་ནི་རྟོག་ཞིབ་ཀྱི་ནུས་པ་ལྡན་དགོས་པ་དེ་ཡིན། གལ་ཏེ་འཛིན་གྲྭའི་ཀྲུའུ་རེན་ཞིག་ལ་ཚོར་བ་ཅུང་རྣོ་བའི་བརྟག་དཔྱད་དང་དབྱེ་ཞིབ་ཀྱི་ནུས་པ་ལྡན་ཚེ་གཞི་ནས་སློབ་མའི་བྱ་སྤྱོད་ཆུང་ཙག་གིས་ཁོ་ཚོའི་སེམས་ཁམས་ཀྱི་འགྱུར་བ་དང་བསམ་བློའི་སྤུས་ཚད་ཤེས་ཐུབ་ལ། ཚན་རིག་དང་མཐུན་པའི་ངང་གནད་དོན་གང་ཞིག་གི་འཕེལ་ཕྱོགས་སྔོན་དཔག་བྱེད་ཐུབ་པས། དེར་དམིགས་ནས་འོས་འཚམ་གྱི་བྱ་ཐབས་དང་ཐབས་ཇུས་བེད་སྤྱད་ཚེ། གནད་དོན་ཁག་ཆུང་ས་ནས་ཐག་གཅོད་བྱ་ཐུབ། ལྔ་ནི་སྒྱུ་རྩལ་རང་བཞིན་གྱི་ངག་བརྗོད་ཀྱི་བྱང་ཚད་ཡོད་དགོས། འཛིན་གྲྭའི་ཀྲུའུ་རེན་གི་ངག་བརྗོད་བྱང་ཚད་ཀྱི་སྤུས་ཚད་དང་ལེགས་ཉེས་དེས་ཐད་ཀར་སློབ་གསོའི་ཕན་ནུས་ལ་ཤུགས་རྐྱེན་ཐེབས་སྲིད། སྒྱུ་རྩལ་གྱི་རང་བཞིན་ལྡན་པའི་ངག་བརྗོད་ཀྱི་རྣམ་པའི་ཐོག་ནས་སློབ་མར་སློབ་གསོ་དང་སྐུལ་ལྕག་གནང་ཚེ། སློབ་མའི་ཡིད་སེམས་ཀྱི་བློ་སྒོ་འབྱེད་ཅིང་། སེམས་ཁམས་ལ་ཤུགས་རྐྱེན་བཟང་པོ་ཞིག་ཐེབས་ཏེ། འཛིན་གྲྭའི་ཀྲུའུ་རེན་དང་བརྩེ་སེམས་མཉམ་མཐུན་ཡོང་ཐུབ། དེ་ལས་ལྡོག་སྟེ་འཛིན་གྲྭའི་ཀྲུའུ་རེན་གྱིས་ཆོ་མེད་ཀྱི་གཏམ་སྨྲ་བ་དང་། གཤེ་གཤེ་ཁོ་ནར་བརྟེན་ན་ཕན་འབྲས་ཐོན་ཁག་པོ་རེད་ལ། སློབ་གསོའི་ཕན་ནུས་བཟང་པོ་ཞིག་ཐོན་དཀའ། དེར་བརྟེན་འཛིན་གྲྭའི་ཀྲུའུ་རེན་གྱིས་རྣམ་ཀུན་ནས་རང་ཉིད་ངག་བརྗོད་ཀྱི་སྒྱུ་རྩལ་རང་བཞིན་ལྡན་པའི་མཁས་དབང་ཞིག་ཆགས་པ་བྱས་ཐོག གཏིང་ཟབ་ཅིང་འདྲ་ཆགས་པ། དགོད་བྲོ་བ་སོགས་ཀྱི་གཏམ་གླེང་གི་ཐོག་ནས་སློབ་མ་དང་འབྲེལ་འདྲིས་བྱས་ཚེ་སློབ་མའི་ཡིད་ཆེས་ཐོབ་ལ་སློབ་གསོའི་ཕན་ནུས་ཀྱང་ཐོན་སྲིད།
གསུམ། འཛིན་གྲྭའི་ཀྲུའུ་རེན་ལ་ཚད་མཐོའི་རིག་གནས་ཆུ་ཚད་ངེས་ཅན་ཞིག་ལྡན་དགོས།
འདིར་བརྗོད་པའི་རིག་གནས་ཆུ་ཚད་ཀྱི་དོན་ནི། གཅིག མཁྱེན་རྒྱ་ཆེ་བའི་སློབ་ཚན་རྣམ་གྲངས་ཀྱི་ཤེས་བྱ་སྟེ། སློབ་འབྲིང་སློབ་མའི་ཡ་མཚན་ཤེས་འདོད་དང་། ཤེས་ཡོན་སྦྱོང་འདོད་ཀྱི་བསམ་པ་ཤུགས་ཆེ་ལ། རིག་པ་རྣོ་བ། དུས་རྒྱུན་ནས་ཁོང་ཚོས་རང་སོ་སོའི་འཆར་སྣང་དང་ཕུགས་འདུན་བཟང་པོ་ཞིག་བཅངས་ཏེ་འབྱུང་འགྱུར་གྱི་འཇིག་རྟེན་ལ་འཚོལ་ཞིབ་བྱ་བཞིན་ཡོད། དེས་ན། ཁོང་ཚོས་རྟག་ཏུ་འཛིན་གྲྭའི་ཀྲུའུ་རེན་ལ་བསམ་བློའི་དོགས་གཞི་སྣ་ཚོགས་འདྲི་གི་ཡོད། སྐབས་དེ་དུས་འཛིན་གྲྭའི་ཀྲུའུ་རེན་ལ་ལྟ་རྒྱ་དང་ཐོས་རྒྱ་ཆེ་བའི་ཤེས་བྱ་མི་ལྡན་ཚེ། ཁོ་ཚོའི་དྲི་བ་སྣ་ཚོགས་ལ་གནད་དུ་འཁེལ་བའི་ལན་ཞིག་འདེབས་མི་ཐུབ་ལ། སློབ་མར་ཤེས་བྱ་ཁག་སྦྱོང་བའི་ཡང་དག་མཛུབ་ཁྲིད་ཀྱང་བྱ་དཀའ་བས། སློབ་མའི་དགེ་རྒན་བཟང་པོ་དང་གྲོགས་མཆོག་གཅིག་ཏུ་ནི་དེ་བས་འགྱུར་དཀའ། གལ་ཏེ་དེ་ལས་ལྡོག་སྟེ་འཛིན་གྲྭའི་ཀྲུའུ་རེན་ཞིག་ལ་ཅུང་མཁྱེན་རྒྱ་ཆེ་བའི་ཤེས་བྱའི་རྣམ་གྲངས་ཁག་ལྡན་ཚེ་སློབ་མས་བཏོན་པའི་དྲི་བ་ཁག་ལ་མྱུར་དུ་ཚད་ལྡན་གྱི་ལན་འདེབས་ཐུབ་པ་མ་ཟད། སློབ་མའི་གུས་བཀུར་ཐོབ་ངེས་ཡིན་པས། དེས་འཛིན་གྲྭའི་ཀྲུའུ་རེན་གྱི་ལས་ཀའི་སྤུས་ཚད་མཐོར་འདེགས་ཡོང་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་ལེགས་པོ་ཞིག་འདིང་ཐུབ་ངེས་ཡིན། གཉིས། མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་གསུང་རྩོམ་ནང་། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལྟ་བ་དང་། གུང་ཁྲན་རིང་ལུགས་ཀྱི་ཀུན་སྤྱོད་སློབ་གསོ། མིའི་གསར་གཏོད་ཀྱི་ནུས་པ་དར་སྤེལ་དང་། མཛེས་དཔྱད་ཀྱི་ལྟ་བ་གསོ་སྐྱོང་བྱ་རྒྱུ་སོགས་ལ་ཧ་ཅང་གཏིང་ཟབ་པའི་ལྟ་བ་བརྗོད་ཡོད། ལྷག་དོན་དུ་མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བའི་མཚན་ཉིད་རིག་པའི་གཞུང་ལུགས་མ་ལག་དང་དེ་བཞིན་མི་རྣམས་ཀྱི་འཇིག་རྟེན་ལྟ་བ་དང་དགོངས་ཚུལ་ཞིག་ཡིན་པས། འཛིན་གྲྭའི་ཀྲུའུ་རེན་གྱིས་ཕྱོགས་ཡོངས་ནས་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དེ་སློབ་སྦྱོང་དང་ལག་ལེན་མཐའ་གཅིག་ཏུ་གནང་ཚེ། གཞི་ནས་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་རྩོད་སྒྲུབ་དངོས་གཙོ་སྨྲ་བའི་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་སྨྲ་བའི་རིང་ལུགས་དེ་དང་སློབ་གསོའི་བྱ་གཞག་གི་དོན་དམ་ཟུང་འབྲེལ་གནང་ཐུབ་ལ། ཐབས་ནུས་ཡོད་རྒུས་སློབ་མའི་ཤེས་རྟོགས་ཆུ་ཚད་དང་། བསམ་བློ་ཆབ་སྲིད་ཀྱི་གོ་རྟོགས་ཀྱང་མཐོ་རུ་གཏོང་ཐུབ། གསུམ། ཅུང་གཏིང་དཔོག་དཀའ་བའི་ཆེད་ལས་ཤེས་བྱ་ཡིན། འཛིན་གྲྭའི་ཀྲུའུ་རེན་ཞིག་གིས་སོ་སོའི་ཆེད་ལས་སློབ་ཚན་དེའི་ཤེས་བྱ་ཁག་མཐར་ཕྱིན་པ་ཞིག་ཤེས་རྟོགས་ཐུབ་ན། གཞི་ནས་དཀའ་ཚེགས་གང་ཡང་མེད་པའི་ཐོག་ནས་སློབ་ཐུན་ཁག་རེའི་སློབ་ཁྲིད་གཙོ་གནད་དང་། དཀའ་གནད། ཤེས་བྱའི་གྲུབ་ཚུལ་སོགས་ཚང་མ་སློབ་མར་ཆ་ཚང་བའི་ངང་ནས་བརྒྱུད་སྤྲོད་བྱ་ཐུབ་ལ། སློབ་མའི་དགའ་འགུ་ཡིད་རངས་ཐོབ་སྟེ་སོ་སོའི་བརྗིད་ཉམས་ཀྱི་གཟུགས་བརྙན་བཟང་པོ་བསྐྲུན་ཏེ་བྱ་གཞག་ཁག་ལ་མངོན་གསལ་དོད་པའི་ཕན་འབྲས་ཐོན་སྲིད། བཞི། སློབ་གསོ་རིག་པའི་རིག་གཞུང་གི་རྩ་བའི་ཤེས་བྱ་ཁོང་དུ་ཆུད་པ་བྱ་རྒྱུ་དེ་ཡིན། སློབ་གསོའི་རིག་གཞུང་གི་རྩ་བ་ནི། འཛིན་གྲྭའི་ཀྲུའུ་རེན་གྱིས་ཡང་དག་གི་སློབ་གསོའི་སྒྱུ་རྩལ་དེ་སློབ་གསོའི་ལས་དོན་ཁག་བདེ་བླག་ཐོག་སྒྲུབ་རྒྱུའི་གོ་ཆ་ལྟ་བུར་འཛིན་རྒྱུ་དེ་ཡིན། རྒྱུ་མཚན་ནི་ཕྱོགས་གཅིག་ནས་སློབ་གསོའི་ཕྱག་ལས་དེ་ནི་ཧ་ཅང་རྙོག་འཛིང་ཆེ་བའི་མི་སྣ་གསོ་སྐྱོང་གི་སྤྱི་ཚོགས་ལག་ལེན་དངོས་ཀྱི་བྱ་གཞག་ཅིག་ཡིན་པས། ལུས་སེམས་ལ་འཕོ་འགྱུར་འགྲོ་དང་འགྲོ་མུས་ཀྱི་སློབ་འབྲིང་སློབ་མ་ཞིག་གི་ངོས་ནས་བརྗོད་ན། འཛིན་གྲྭའི་ཀྲུའུ་རེན་གྱི་ཅུང་ལེགས་པའི་སློབ་གསོའི་སྒྱུ་རྩལ་དང་སློབ་ཁྲིད་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་རང་གཤིས་མི་འདྲ་བའི་སློབ་མར་སློབ་གསོ་ནན་ཏན་ཐོབ་རྒྱུའི་རེ་བ་བྱེད་བཞིན་ཡོད། དེ་མིན་ན་ལས་ཆེ་ཕན་ཆུང་གི་རྣམ་པ་ཐོན་ངེས་ཡིན། ཕྱོགས་གཞན་ཞིག་ནས། འཛིན་གྲྭའི་ཀྲུའུ་རེན་གྱི་འགུལ་སྐྱོད་དེ་སློབ་གསོ་སློབ་ཁྲིད་ལག་ལེན་གྱི་གཡུལ་ས་མདུན་མར་ཡིན་པས། རྒྱུན་དུ་ནས་སློབ་མར་བསམ་བློའི་སློབ་གསོ་དང་སློབ་མ་སྒྲིག་འཛུགས་ཀྱིས་དོན་ལྡན་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད་པས། འཛིན་གྲྭའི་ཀྲུའུ་རེན་གྱིས་སློབ་གསོའི་རིག་གཞུང་གི་རྩ་དོན་ཁོང་དུ་ཆུད་ཚེ། ལག་ལེན་དངོས་ནང་དོན་དངོས་ཟུང་འབྲེལ་གྱིས་རིག་གཞུང་གི་སྟོབས་ཤུགས་ལ་བརྟེན་ནས་འཛིན་གྲྭའི་ཀྲུའུ་རེན་གྱི་ལས་ཀའི་ཕན་ནུས་མཐོ་རུ་གཏོང་ཐུབ།
མདོར་ན། འཛིན་གྲྭའི་ཀྲུའུ་རེན་ལ་ལྡན་དགོས་པའི་བྱང་ཙད་གོང་གསལ་དེ་ཙམ་གྱིས་མ་ཁྱབ་པར་ད་དུང་ཧ་ཅང་མང་བས། དཔལ་འབྱོར་དང་། སྤྱི་ཚོགས། སློབ་གསོ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་མགྱོགས་པའི་དེང་གི་དུས་འདིར། འཛིན་གྲྭའི་ཀྲུའུ་རེན་རྣམས་པས་མུ་མཐུད་ནས་རང་ཉིད་ཀྱི་ཕྱོགས་གང་ཅིའི་བྱང་ཚད་མཐོར་འདེགས་ཡོང་རྒྱུར་ཤུགས་སྣོན་དང་མུ་མཐུད་ནས་རང་གི་སློབ་གསོའི་སྒྱུ་རྩལ་འཕེལ་རྒྱས་ཡོང་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་འཛིན་གྲྭའི་ཀྲུའུ་རེན་གྱི་ལས་ཀའི་བྱ་ཐབས་སློབ་སྦྱོང་དང་ལག་ལེན་གང་ལེགས་ཀྱིས་འཛིན་གྲྭའི་ལས་དོན་ཁག་ལེགས་པར་བསྒྲུབས་ནས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་གང་མང་གསོ་སྐྱོང་བྱེད་དགོས།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣