འདི་ནི་རིག་ནུས་ཅན་གྱི་འགྱིག་ཤོག་དྲོད་ཁང་ནང་མྱུ་གུ་གསོ་བའི་གནས་ཚུལ་ཡིན་པ།
བོད་ལྗོངས་གཞིས་རྩེ་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་ནི་2012ལོའི་ཟླ་4པར་ཚན་རྩལ་པུའི་ཆོག་མཆན་ཐོབ་པའི་ཁག་བཞི་པའི་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་གི་གྲས་ཤིག་ཡིན་པ་དང་ཁོངས་གཏོགས་ནང་ལྟེ་བའི་ཁུལ་2དང་དཔེ་སྟོན་གླིང་3ཡོད་ཅིང་། པ་སྣམ་ལྟེ་བའི་ཁུལ་གྱིས་སྒྲིག་བཀོད་སྔོ་ཚལ་ཐོན་ལས་དང་ཞིང་ཁུལ་ཕྱུགས་རིགས་གསོ་ཚགས་ཐོན་ལས་ཀྱིས་གཙོ་བོར་བྱས་ཏེ། གཞིས་རྩེ་གྲོང་ཁྱེར་ནུབ་རྒྱུད་ཀྱི་ལྷ་རྩེ་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་ཁུལ་དུ་ཁྱབ་འགྱེད་སྐུལ་ཁྲིད་བྱེད་པ་དང་། རྒྱལ་རྩེ་ལྟེ་བའི་ཁུལ་གྱིས་ནས་ཀྱི་ལས་སྣོན་ཞིབ་ཚགས་དང་། བོད་སྨན་སྨན་རྒྱུ་འདེབས་འཛུགས། བཟའ་བྱའི་ཤ་མོ་འདེབས་འཛུགས་བཅས་ཀྱི་ཐོན་ལས་ཀྱིས་གཙོ་བོར་བྱས་ཏེ། ཡར་ཀླུང་གཙང་པོའི་བྱང་ངོགས་སྣོད་བཅུད་གླིང་དང་གཞིས་རྩེའི་རྩེར་སོན་སྣོད་བཅུད་གླིང་གིས་མཉམ་དུ་ས་མཐོའི་མེ་ཏོག་འདེབས་འཛུགས་དང་བོད་སྨན་སྨན་རྒྱུ་ཐོན་སྐྱེད་ལས་སྣོན་བྱེད་པའི་རྣམ་པ་ཞིག་ཆགས་ཡོད་པ་རེད། མིག་སྔའི་བར་གཞིས་རྩེ་ཚན་རྩལ་གླིང་ཁུལ་དུ་དངོས་སུ་ཞུགས་མཁན་ཁེ་ལས་10དང་། ཐོ་བཀོད་མ་རྩ་ཁྱོན་བསྡོམས་སྒོར་ཁྲི་9980 ལས་མི་ཁྱོན་བསྡོམས་495བཅས་ཟིན་ཡོད། ནས་ཀྱི་ཐོན་ལས་དང་། སྒྲིག་བཀོད་སྔོ་ཚལ་འདེབས་འཛུགས་ཐོན་ལས། ཞིང་ཁུལ་ཕྱུགས་རིགས་གསོ་ཚགས་ཐོན་ལས་བཅས་དང་དེ་བཞིན་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད། ཉེ་འགྲམ་གྱི་ཞིང་འབྲོག་པ་མི་ཐེངས་ཁྲི་10ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཏེ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་2800ཙམ་འཕར་བ་དང་། མིག་སྔར་གླིང་ཁུལ་དུ་ནས་ཀྱི་ལས་སྣོན་རྟེན་གཞི་3དང་། ཕྱུགས་རིགས་བདེ་ཐང་གསོ་ཚགས་རྟེན་གཞི་5 ཁྱད་ལྡན་ཐོན་རྫས་ལས་སྣོན་རྟེན་གཞི་2 སྒྲིག་བཀོད་སྔོ་ཚལ་རྟེན་གཞི་2 བཟའ་བྱའི་རིགས་ཀྱི་ཤ་མོའི་འདེབས་འཛུགས་རྟེན་གཞི་1 བོད་སྨན་སྨན་རྒྱུའི་འདེབས་འཛུགས་རྟེན་གཞི་3བཅས་ཡོད་པ་རེད།