མུའུ་རེའི་ལོ་ཏོག་ཐོན་ཚད་ཇེ་མཐོར་གཏོང་རྒྱུ་ནི་བོད་ཀྱི་འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། སོན་བཟང་ཐོན་ཚད་མཐོ་རུ་གཏོང་རྒྱུ་ནི་མུའུ་རེའི་ལོ་ཏོག་ཐོན་ཚད་ཇེ་མཐོར་གཏོང་བའི་རྨང་གཞི་ཞིག་དང་འགག་རྩའི་ལག་རྩལ་གྱི་གྲས་ཤིག་ཀྱང་རེད།
ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཚན་ཞིབ་པས་ཕྱོགས་གཅིག་ནས་སོན་གསར་འདེམས་གསོ་བྱས་པ་དང་ཕྱོགས་གཞན་ཞིག་ནས་སོན་བཟང་དཔེ་སྟོན་དང་ཁྱབ་གདལ་བཏང་ཞིང་། འདེབས་གསོ་ཟིན་པའི་སོན་གསར(སོན་བཟང)17ལ་སྔ་རྗེས་སུ་ལོ་མང་པོ་དང་གནས་མང་པོར་ཚོད་ལྟའི་དཔྱད་སྡོམ་དང་དཔེ་སྟོན་འགྲེམས་སྟོན་ཡང་བྱས་ཡོད་པ་རེད། འདེབས་གསོ་བྱས་པའི་སོན་གསར་དཔེ་སྟོན་འགྲེམས་སྟོན་བྱེད་པ་དང་ཆབས་ཅིག རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་དཔྱིད་ནས་སོན་གསར“བོད་ནས་ཨང་2000”དང་། “བོད་ནས་ཨང་13” “བོད་ནས་ཨང་690” དགུན་གྲོའི་སོན་གསར“བོད་ཀྱི་དགུན་གྲོ་ཨང་20”དང“བོད་ཀྱི་དགུན་གྲོ་ཨང་25” དཔྱིད་གྲོའི་སོན་གསར“བོད་ཀྱི་དཔྱིད་གྲོ་ཨང་951”དང་། “བོད་ཀྱི་དཔྱིད་གྲོ་ཨང་11” དེ་བཞིན་པད་ཁའི་སོན་གསར“ཅིང་ཧྭ་ཨང་165” “བོད་སྣུམ་ཨང་11”སོགས་ཀྱི་སོན་རིགས་གཞི་ཁྱོན་ཆེན་པོས་དཔེ་སྟོན་ཁྱབ་གདལ་བཏང་བ་དང་། རིམ་རྩིས་བྱས་ན་ཁྱབ་གདལ་གཏོང་རྒྱ་མུའུ་ཁྲི་127ཙམ་ཟིན་ཞིང་། དཔེ་སྟོན་ཁུལ་དུ་5%ནས་17%བར་ཐོན་འཕར་བྱུང་ནས་ལྗོངས་ཡོངས་ཀྱི་འབྲུ་རིགས་དང་པད་ཁ་ཐོན་འཕར་ཡོང་ཕྱིར་ལེགས་སྐྱེས་ཕུལ་ཡོད་པ་རེད།
རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་རྒྱབ་སྐྱོར་འོག་ནས་ཀྱི་གཞི་གྱིན་ལག་རྩལ་གསར་སྤེལ་ལ་ཆེད་མངགས་རྒྱབ་སྐྱོར་གྱིས། ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་སྐྱེ་དངོས་ཁང་དང་ཀྲུང་གོ་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་ལོ་ཏོག་ཁང་སོགས་དང་མཉམ་འབྲེལ་བྱས་ནས། གཞི་གྱིན་ཚོགས་ཀྱི་གོ་རིམ་ཚད་ལེན་དང་སྟར་སྒྲིག་རི་མོ་འབྲི་འགོད་ལས་དོན་སྤེལ་བ་དང་། གོ་ལ་ཧྲིལ་པོའི་ནས་ཀྱི་གཞི་གྱིན་ཚོགས་ཀྱི་སྟར་སྒྲིག་རི་མོ་དངོས་སུ་འབྲི་འགོད་ཐུབ་ཅིང་། ཞིབ་འཇུག་གྲུབ་འབྲས་དེ་དྲ་ཐོག་ནས་ཨ་རིའི་ཚན་རིག་ཁང་གི་དུས་དེབ《PNAS》ཐོག་སྤེལ་ཡོད་པ་རེད། དེ་དང་ཆབས་ཅིག་ནས་ཀྱི་སོན་བཟང་ཐོན་ཁུངས་དཔྱད་སྡོམ་དང་། ལྟེ་བའི་སོན་བཟང་མཛོད་འཛུགས་སྐྲུན། ནུས་ལྡན་གཞི་གྱིན་འདུས་རྡུལ་རྟགས་འགོད་བཅས་ཞིབ་འཇུག་ཁྱབ་ཁོངས་ཆེན་པོ་གསུམ་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པ་རེད།