གསར་འགོད་པས་རྒྱལ་ཡོངས་ཚན་རྩལ་མཐུན་ཚོགས་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། རང་ལྗོངས་ཀྱི་ཚན་རྩལ་མཐུན་ཚོགས་ཁོངས་གཏོགས་དང་རྒྱལ་ཡོངས་ཚན་རྩལ་མཐུན་ཚོགས་ཁོངས་གཏོགས་ཀྱིས་སྦྲེལ་མཐུད་བྱེད་པའི་རྣམ་གྲངས ༦༨ ཟིན་པ་དང་རྣམ་གྲངས་ཁག་སྤྱི་ལོ ༢༠༡༧ ལོ་ནས ༢༠༢༠ ལོའི་བར་ལག་བསྟར་བྱེད་རྒྱུ་རེད།
ཚན་རྩལ་མཐུན་ཚོགས་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་ནང་དམངས་འཚོ་ལེགས་བཅོས་དང་དམངས་སེམས་གཅིག་སྒྲིལ་གྱིས་འགོ་འཛུགས་ས་དང་དོན་ལ་བབ་ས་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ་དང་། ཤེས་ལྡན་མི་སྣའི་ཐོན་ཁུངས་དང་ཚན་རྩལ་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། སྤུས་ལེགས་ཀྱི་ཚན་རྩལ་ཁྱབ་གདལ་ཐོན་ཁུངས་གཅིག་བསྡུས་བྱས་ཏེ། བོད་ལྗོངས་ཁུལ་གྱི་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་ད་ཡོད་ཀྱི་བརྒྱ་ཆ ༡.༩ ཡི་རྨང་གཞིའི་ཐོག་བརྒྱ་ཆ་ལྔ་ཡན་མཐོ་རུ་གཏོང་རྒྱུའི་དམིགས་ཚད་བླང་བྱ་སྒྲུབ་པ་བྱེད་པ་དང་། ལོ་ལྔ་ཚན་བཅུ་གསུམ་པའི་རིང་རྒྱལ་ཡོངས་ཚན་རྩལ་ཁོངས་གཏོགས་ཀྱིས་བོད་ཀྱི་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་མཐོ་གཏོང་དང་ཚན་རིག་ཁྱབ་གདལ་ཞབས་ཞུ་གནད་འཕིགས་ལ་སྐུལ་འདེད་བཏང་ཐོག ཚན་རྩལ་གསར་གཏོད་དང་གྲུབ་འབྲས་དངོས་འགྱུར་ནུས་པ་ཆེ་རུ་བཏང་སྟེ་གསར་གཏོད་རྣམ་པའི་བོད་ལྗོངས་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱེད་པ་དང་ཚན་རྩལ་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུས་གཙོ་གནད་བྱས་ནས། རང་ལྗོངས་ཀྱི་ཚན་རྩལ་ཡར་རྒྱས་དང་ཚན་རྩལ་མཐུན་ཚོགས་བྱ་གཞག་གོང་འཕེལ་ལ་སྐུལ་སྤེལ་གཏོང་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱིས་ཀྲུང་གོ་ཚན་རྩལ་མཐུན་ཚོགས་དང་དེའི་གཤམ་འོག་གི་ཚན་པ་དང་རྣམ་གྲངས ༢༡ སྦྲེལ་མཐུད་བྱེད་རྒྱུའི་ནང་ཚན་རིག་ཁྱབ་གདལ་སློབ་གསོ་དང་ཚན་རིག་ཁྱབ་གདལ་དཔེ་སྟོན། ཚན་རིག་ཁྱབ་གདལ་ཐོན་རྫས་ཞིབ་འཇུག་གསར་སྤེལ་སོགས་ཚུད་པ་རེད། རང་ལྗོངས་ཀྱི་གྲོང་ཁྱེར་བདུན་གྱི་ཚན་རྩལ་མཐུན་ཚོགས་ཁོངས་གཏོགས་དང་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར ༡༧ དང་སྦྲེལ་མཐུད་བྱེད་རྒྱུའི་རྣམ་གྲངས ༤༧ ཡོད་པའི་ནང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཤེས་ལྡན་མི་སྣ་གསོ་སྐྱོང་། མི་རིགས་སྐད་ཡིག་གི་ཚན་རིག་ཁྱབ་གདལ་ཆ་འཕྲིན་ཅན་གྱི་ལས་སྟེགས་སོགས་ཚུད་ཡོད་པ་རེད།།