ལྷུན་གྲུབ་རྫོང་གསུམ་འཕྲེང་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་རུ་ཁག(ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་མངགས)གིས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱ་རྒྱུ་དེ་འགོ་འཛུགས་སར་བྱེད་པ་དང་། སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ཤུགས་རྒྱག་སར་བྱས་ཏེ། བཅའ་སྡོད་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གཤམ་སྐྱོད་ལས་བྱེད་པ་དང་མཉམ་དུ་བྱ་ཐབས་སྣ་མང་སྤྱད་དེ། རྒྱ་བོད་སྐད་གཉིས་སློབ་སྦྱོང་བྱེད་སྒོ་ཤུགས་ཆེན་སྤེལ་བས་བོད་རིགས་དང་རྒྱ་རིགས་ཀྱི་ལས་བྱེད་པའི་སྐད་གཉིས་སྤྱོད་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་རེད།
“ལམ་ལུགས་བཙུགས་ནས”སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས། བོད་རྒྱ་སྐད་ཡིག་གཉིས་ཀྱི་སློབ་སྦྱོང་ལམ་ལུགས་ཞིབ་བཟོ་བྱས་པ་དང་འབྲེལ་ལག་ལེན་བསྟར་བ་དང་གཟའ་འཁོར་རེའི་གཟའ་ཟླ་བ་དང་། ལྷག་པ། པ་སངས་བཅས་ཀྱི་དགོང་མོ་ཆུ་ཚོད་གཅིག་རེ་སྤྱད་དེ་གྲོང་ཚོ་ཨུ་ལྷན་གྱི་རིག་གནས་བྱེད་སྒོ་ཁང་དུ་རྒྱ་བོད་སྐད་གཉིས་སློབ་སྦྱོང་བྱས་ནས། སློབ་ཚན་འཚོག་རིམ་བཞིན་བོད་རིགས་ཀྱི་ལས་བྱེད་པས་རྒྱ་སྐད་ཚིག་གསུམ་ཤོད་ཐུབ་པ་དང་རྒྱ་རིགས་ལས་བྱེད་པས་བོད་སྐད་ཚིག་གསུམ་ཤོད་ཐུབ་པ་བྱེད་ཀྱི་ཡོད། དུས་བཀག་བཞིན་སློབ་སྦྱོང་ནང་དོན་གསར་བརྗེ་དང་སློབ་ཁྲིད་ཐབས་ལམ་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། སྐད་གཉིས་སློབ་སྦྱོང་བྱེད་སྒོ་གཏིང་ཟབ་སྤེལ་ནས་ལམ་ལུགས་ཅན་དང་། ཚད་ལྡན་ཅན། རྒྱུན་རྣམ་ཅན་བཅས་ཡོང་རྒྱུའི་འགན་ལེན་བྱས་པ་རེད།
“ཐབས་ལམ་རྒྱ་བསྐྱེད་བཏང་ནས”བབ་བསྟུན་སློབ་སྦྱོང་བྱས་པ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གཟའ་འཁོར་རེའི་སློབ་ཚན་གསུམ་གྱི་རྨང་གཞིའི་ཐོག་ད་དུང་རྒྱ་རིགས་དང་བོད་རིགས་ཀྱི་ལས་བྱེད་པ་མཉམ་དུ་འཛོམས་ནས་རྒྱ་བོད་སྐད་གཉིས་ཀྱི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་མཉམ་བསྒྲགས་དང་། བོད་ཀྱི་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར། ལྷ་སའི་གསར་འགྱུར་བཅས་སོ་སོར་བལྟས་པ་དང་། རྒྱ་ཡིག་དང་བོད་ཡིག་གི《བོད་ལྗོངས་ཉིན་རེའི་ཚགས་པར》སློབ་གསེང་དུ་སློབ་སྦྱོང་བྱེད་པའི་དཔྱད་གཞིའི་ཡིག་ཆར་བརྩི་ཡི་ཡོད། དགེ་རྒན་གྱིས་རང་སར་དོགས་གནད་ལ་འགྲེལ་བཤད་རྒྱག་པ་དང་སྐད་ཡིག་གཉིས་ཀྱི་སྒྲ་འདོན་སྟངས་བསླབས་པས། སྐད་གཉིས་སློབ་སྦྱོང་གི་བབ་བསྟུན་དང་བྱེད་ཐབས་སྣ་མང་འགན་ལེན་ཐུབ་ནས། རྒྱ་ཆེའི་ལས་བྱེད་པའི་སློབ་སྦྱོང་བྱེད་སེམས་ཆེ་རུ་ཕྱིན་ཡོད་པ་རེད།