དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལོ་བརྒྱའི་ཇུས་ཆེན་ལག་ལེན་བསྟར། མཆོང་སྐྱོད་འཕེལ་རྒྱས་དོན་གཉེར་བྱས།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2016-09-20

    2012ལོ་ནས་བཟུང་ཆབ་མདོ་གྲོང་ཁྱེར་གྱིས་ལོ་ལྟར་སློབ་གསོའི་ལས་དོན་གྱི་ཚོགས་འདུ་དང་སློབ་གསོའི་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ཏེ་སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་མངོན་གསལ་དོད་པའི་དཀའ་གནད་ཐག་གཅོད་བྱ་རྒྱུའི་ཞིབ་འཇུག་བྱས་པ་དང་། 《སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཞིབ་འཇུག་བྱས་ནས་བཏོན་པ་དང“ལོ་གསུམ་རིང་སློབ་གསོའི་ལས་དོན་ཧུར་ཐག་སྤེལ་ཏེ་སློབ་ལོ་ལོན་པའི་བྱིས་པ་ཚང་མ་སློབ་ཞུགས་ཐུབ་པ་དང་ཕྲུ་གུ་ཚང་མ་བུ་བཅོལ་ཁང་དུ་ཞུགས་ཐུབ་པ་བྱས་ནས་2015ལོར་སློབ་གསོའི་ཕྱོགས་བསྡུས་སྟོབས་ཤུགས་དེ་ལྗོངས་ཡོངས་ཀྱི་ཆུ་ཚད་འབྲིང་ཙམ་ལ་སླེབས་པ་དང་། 2018ལོར་སླེབས་སྐབས་སློབ་གསོའི་ཕྱོགས་བསྡུས་སྟོབས་ཤུགས་དེ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུའི”འཕེལ་རྒྱས་ཀྱི་དམིགས་ཡུལ་བཏོན་པའི་ཁར། “གྲུབ་འབྲས་སྲ་བརྟན་དང་། ཁྱབ་གདལ་རྒྱ་ཆེ། སྤུས་ཚད་མཐོར་གཏོང་། ལས་ཕྱོད་བཞི་ཆེར་གཏོང”བཅས་ཀྱི་སྤྱིའི་ལས་ཀའི་བླང་བྱ་གཏན་འཁེལ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་བཟོས་ཡོད། གྲོང་ཨུད་ཀྱིས་ཕྱོགས་ཡོངས་ནས་སློབ་གསོའི་ལས་དོན་ལ་འགོ་ཁྲིད་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་གསོའི་ཁོངས་གཏོགས་ནས་ཡིན་པའི་ལས་བྱེད་པ་མང་དག་ཅིག་རྫོང་དང་ཆུས་ཁག་གི་ལས་བགོས་འགན་གཉེར་གྱི་རྫོང་དཔོན་གཞོན་པ་དང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གི་ལས་གནས་ཐོག་གོ་གནས་སྤར་ནས་གཞི་རིམ་གྱི་སློབ་གསོ་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་ཤེས་ལྡན་མི་སྣའི་འགན་ལེན་དང་རྩ་འཛུགས་ཀྱི་རྨང་གཞི་བཏིང་ཡོད།

    ཆབ་མདོས་ས་ཁུལ་གྱི་ནོར་ཤུགས་ལ་དཀའ་ངལ་ཆེན་པོ་ཡོད་པའི་གནས་ཚུལ་འོག་སློབ་གསོར་མ་དངུལ་གཏོང་ཤུགས་ཆེ་རུ་ཧུར་ཐག་བཏང་ནས་སློབ་གསོའི་འགྲོ་གྲོན་ལོ་རེ་བཞིན་མང་དུ་གཏོང་རྒྱུ་འགན་ལེན་བྱས་ཡོད། 2013ལོ་ནས་བཟུང་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྲིད་གཞུང་གི་ས་གནས་ནོར་སྲིད་ཀྱིས་སློབ་གསོར་མ་དངུལ་གཏོང་ཚད་ལོ་རེ་བཞིན་མང་དུ་ཕྱིན་པ་དང་། གྲོང་ཁྱེར་དང་རྫོང(ཆུས)གིས་ལོ་ལྟར་སློབ་གསོའི་ཐད་མ་དངུལ་སྒོར་དུང་ཕྱུར་1ལས་མི་ཉུང་བ་བཏང་བ་དང་། 2015ལོར་25%བཏང་བ་དེ་རྒྱལ་ཁབ་ཀྱི་གཏན་འབེབས་ལས་བརྒྱ་ཆའི་གྲངས་3ལྷག་ཙམ་འཕར་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཆབ་མདོར་སློབ་གསོའི་ཐད་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་བཟོས་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་ཉལ་ཁང་གི་བདེ་འཇགས་འདུ་འགོད་དང་། ཐག་རིང་དཀའ་ངལ་ཡོད་པའི་ས་ཁུལ་གྱི་དགེ་རྒན་གྱི་ལས་ཤག་འདུ་འགོད། སློབ་ཞུགས་གོང་གི་སློབ་གསོར་སྐུལ་མ་གཏོང་བའི་འདུ་འགོད། རྨང་གཞི་ཞན་པའི་སློབ་གྲྭ་སྒྱུར་བཀོད་འདུ་འགོད། བུ་བཅོལ་ཁང་དང་སློབ་ཆུང་གཞི་གཅིག་ཅན་གྱི་འཛུགས་སྐྲུན་སོགས་སློབ་གསོའི་རྨང་གཞིའི་འཛུགས་སྐྲུན་གྱི་འདུ་འགོད་བཅས་སྔ་རྗེས་སུ་ལག་བསྟར་བྱས་ཡོད། 2011ལོ་ནས་བཟུང་ཁྱོན་མ་དངུལ་སྒོར་དུང་ཕྱུར་21.7བཏང་ནས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་216གསར་སྐྲུན་བསྐྱར་སྐྲུན་བྱས་པ་དང་། སློབ་ཆུང་དང་སློབ་འབྲིང་སློབ་མའི་ཉལ་ཁང་གི་རྒྱ་ཁྱོན་སློབ་མ་རེར་ཆ་སྙོམས་སྨི་ངོས་གྲུ་9.53དང་སྨི་ངོས་གྲུ་12.52སོ་སོར་ཟིན་ནས་གྲོང་ཁྱེར་དེ་ཡོངས་ཀྱི་རིམ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་སོང་ཡོད།

    ཆབ་མདོས་སློབ་གསོ་འཕེལ་རྒྱས་དེ“ལས་འགན་ཨང་དང་པོའི”འདུ་འགོད་ལ་བརྩིས་ནས་རྫོང་དཔོན་དང་། ཅུས་ཀྲང་། ཤང་ཀྲང་། སློབ་སྤྱི། གྲོང་དཔོན། ཁྱིམ་བདག་བཅས་ཀྱི་འགན་འཁྲི་རྩད་གཅོད་ལམ་ལུགས་བཙུགས་པ་དང་། སློབ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་ལས་དོན་གྱི་འགན་འཁྲི་རྫོང་དཔོན་དང་། ཅུས་ཀྲང་། སློབ་སྤྱི། ཁྱིམ་བདག་བཅས་ལ་དཀྲི་བའི་སློབ་གསོའི་ལས་དོན་གྱི་དམིགས་ཡུལ་གྱི་འགན་འཁྲིའི་ལམ་ལུགས་ཁྱབ་གདལ་བཏང་ནས་གྲོང་ཁྱེར་དེ་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་ལ་སློབ་གསོར་མཐོང་ཆེན་དང་སྤྱི་ཚོགས་ཡོངས་ཀྱིས་སློབ་གསོར་དོ་ཁུར་དང་རྒྱབ་སྐྱོར་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད། སྲིད་གཞུང་གི་ཧྲི་ཀྲང་གིས་ལོ་ལྟར་རྫོང་ཁག་གི་རྫོང་དཔོན་དང་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པའི་དམིགས་ཡུལ་གྱི་འགན་འཁྲིའི་ཡི་གེར་མིང་རྟགས་འགོད་པ་དང་། སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱ་རྒྱུ་དེ་སྲིད་གཞུང་ལས་དོན་གྱི་ནང་དོན་གཙོ་བོར་འཛིན་ཏེ་ལོ་མཇུག་གི་དཔྱད་འདེམས་ནང་བཅུག་ཡོད། གྲོང་ཁྱེར་སྲིད་གཞུང་གིས《འོས་འགན་སློབ་གསོའི་བཅའ་ཁྲིམས》དང《ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས》 《ཆོས་ལུགས་ལས་དོན་གྱི་དོ་དམ་སྲོལ་ཡིག》བཅས་ལག་བསྟར་དོན་འཁྱོལ་བྱས་ནས་སྤྱི་ཚོགས་སྟོབས་ཤུགས་ཀྱིས་ཁྲིམས་འགལ་ངང་སློབ་གཉེར་བྱེད་པའི་བྱེད་སྤྱོད་བཅོས་སྒྲིག་བྱེད་པ་དང་། དགོན་སྡེས་སློབ་གསོར་ཐེ་ཇུས་བྱ་རྒྱུ་ནན་འགོག་བྱས་ནས་ཁྲིམས་བཞིན་འོས་འགན་སློབ་གསོ་དང་ལེན་བྱ་རྒྱུའི་སློབ་ལོ་ལོན་པའི་བྱིས་པ་ལོ་ཆུང་གི་ཁེ་དབང་ལ་གནོད་འཚེ་མི་ཕོག་པའི་འགན་ལེན་བཅས་བྱས་ཡོད།

    ཆབ་མདོ་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་ནས་དགེ་རྒན་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱས་ཏེ་མི་སེམས་ཆགས་ཐུབ་པའི་ཁོར་ཡུག་ཧུར་ཐག་བཏོད་ཡོད། དགེ་རྒན་གྱི་དཔུང་ཁག་བརྟན་པོ་ཡོང་ཆེད་རང་སྐྱོང་ལྗོངས་ཀྱི་ཆབ་མདོའི་ལས་དོན་ཚོགས་འདུའི་ཐོག་ཆབ་མདོར་ལོ་5བསྟུད་མར་གནས་གཏན་འཁེལ་གྱི་དགེ་འོས་སློབ་མ་200གསོ་སྦྱོང་བྱེད་པའི་གཟིཌ་སྐྱོང་སྲིད་ཇུས་དང་གནས་གཏན་འཁེལ་གྱི་སློབ་མར་སློབ་ཡོན་ཁ་གསབ་སྤྲོད་པའི་སྲིད་ཇུས་ལག་ལེན་བསྟར་ཡོད། 2013ལོའི་ལོ་འགོར་གྲོང་ཨུད་ཀྱིས་དགེ་རྒན་སྐོང་འཐེན་གསལ་པོ་བཟོ་བའི་གཏན་འཁེལ་བྱས་ནས་ཚན་པ་ཁག་གིས་སྐོང་འཐེན་བྱས་པའི་དགེ་རྒན་ཚང་མ་ཕྱིར་སློག་བྱས་ཏེ་སླད་ཕྱིན་དགེ་རྒན་ས་ཁུལ་བརྒལ་བ་དང་ཁྱབ་ཁོངས་བརྒལ་བའི་སྐོང་འཐེན་བྱེད་སྐབས་ངེས་པར་དུ་གྲོང་ཨུད་ཀྱིས་ཞིབ་འཇུག་བྱས་ནས་གཏན་འཁེལ་བྱེད་དགོས་པ་གཏན་འབེབས་གསལ་པོ་བཟོས་པས་དགེ་རྒན་ལས་གནས་གཞན་ལ་འགྲོ་རྒྱུར་ཚོད་འཛིན་ནུས་ལྡན་ཐུབ་ཡོད། གྲོང་ཁྱེར་དེ་ཡོངས་ཀྱིས་ལོ་ལྟར་མ་དངུལ་སྒོར་ཁྲི་200བཏང་ནས་གཞི་རིམ་སློབ་གྲྭའི་དགེ་རྒན་ལ་འགྲིམ་འགྲུལ་ཁ་གསབ་སྤྲོད་ཀྱི་ཡོད། དགེ་རྒན་གྱི་སྡོད་ཁང་སྤྱིའི་ཆ་ནས་ཐག་གཅོད་བྱས་པ་དང་མ་དངུལ་འབོར་ཆེན་བཏང་ནས“དགེ་རྒན་དང་ལས་བཟོའི་ཁྱིམ་གཞིས”བསྐྲུན་པས་དགེ་རྒན་ཚང་མར་ཁང་པ་རག་ཡོད།

    གྲོང་ཁྱེར་དེ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་དཔྱད་དཔོག་དང་། ཁྱད་ཆོས། དོ་དམ་བཅས“བྱ་ཐབས་གསུམ”ལ་དམ་འཛིན་བྱས་ནས་སློབ་གསོའི་སྤུས་ཚད་ལེགས་སུ་བཏང་ཡོད། དཔྱད་དཔོག་ལ་དམ་འཛིན་བྱས་ཏེ་སྤུས་ཚད་ཀྱི་སྣེ་ཁྲིད་ནུས་པ་ཡག་པོ་བཏོན་ཞིང་། སྤུས་ཚད་ལྟ་ཞིབ་ཚད་ལེན་རྒྱུན་རྣམ་ལ་འགྱུར་བ་བྱེད་པའི་འདུ་འགོད་ལག་ལེན་བསྟར་བ་དང་དུས་བཀག་ནང་སྤུས་ཚད་དབྱེ་ཞིབ་ཚོགས་འདུ་འཚོགས་ཏེ་རིམ་ཁག་དང་རིགས་ཁག་གི་སློབ་གྲྭའི་སློབ་གསོའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱས་ནས་གྲངས་གཞིའི་མཛོད་དང་སྤུས་ཚད་ཀྱི་རྩིས་ཁྲ་བཟོས་པ་དང་། ལེགས་ཆ་ལྡན་པའི་ཟུར་བཀོད་དཔྱད་གཞི་ཁྱབ་གདལ་བཏང་བ། སློབ་ཁྲིད་སྤུས་ཚད་བྱ་དགའ་སྤྲོད་ཤུགས་ཆེ་རུ་བཏང་བ་བཅས་བྱས་ཡོད། ཁྱད་ཆོས་ལ་དམ་འཛིན་བྱས་ཏེ་བྱང་ཚད་སློབ་གསོའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ཞིང་། སློབ་ཚན་གསར་པའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་འདུ་འགོད་ལག་ལེན་བསྟར་ཏེ་སློབ་ཚན་སྒྱུར་བཅོས་ཀྱི་དཔེ་སྟོན་སློབ་ཚན་གྱི་སྣེ་ཁྲིད་ནུས་པ་བཏོན་པ་བརྒྱུད་དགེ་རྒན་གྱིས་སློབ་ཁྲིད་བྱེད་སྟངས་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་དེང་རབས་ཀྱི་རྒྱང་འཁྲིད་སློབ་གསོའི་འདུ་འགོད་ལག་ལེན་བསྟར་བའི་ཁར་དགེ་རྒན་གྱི་སློབ་གསོའི་ལག་རྩལ་གསོ་སྦྱོང་ལྟེ་གནས་བསྐྲུན་ཏེ་སློབ་གསོ་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྐུལ་མ་ཧུར་ཐག་བཏང་ཡོད། སློབ་སྤྱི་ལས་གནས་ཐོག་ཡུན་རིང་སྡོད་པའི་ལམ་ལུགས་དང་དམིགས་ཡུལ་འགན་འཁྲིའི་ལམ་ལུགས་བཟོས་ཏེ་སློབ་གསོ་གཏོང་ཤེས་པ་དང་དོ་དམ་བྱེད་མཁས་པའི་སྤྱོད་ཡོན་གཉིས་ལྡན་གྱི་སློབ་སྤྱིའི་དཔུང་ཁག་ཅིག་ཧུར་ཐག་བཙུགས་ཡོད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།