འཛིན་གྲྭའི་ལས་བྱེད་པ་འདེམས་བསྐོ་བྱེད་ཕྱོགས་སྐོར་གྱི་མྱོང་བ་ཐོར་བུ།
འཛིན་གྲྭའི་ལས་བྱེད་པ་ནི་འཛིན་བདག་གི་དཔུང་རོགས་ཡག་ཤོས་ཤིག་དང་། འཛིན་གྲྭའི་སློབ་མ་ཡོངས་ཀྱི་སྣེ་ཁྲིད་དང་མིག་དཔེ་བཟང་ཤོས་ཤིག་ཡིན། དེར་བརྟེན་འཛིན་གྲྭའི་ནང་དུ་སློབ་ཕྲུག་གསར་པ་སླེབས་མ་ཐག་འོལ་ཚོད་ཀྱིས་ལམ་སེང་སློབ་བུ་དེ་འཛིན་གྲྭའི་ལས་བྱེད་པར་འདེམས་བསྐོ་བྱས་ན་མི་འགྲིག རྒྱུ་མཚན་ནི་སློབ་ཕྲུག་གསར་པ་དེ་ཚོ་སློབ་གྲྭར་སླེབས་མ་ཐག་ཡིན་པས་དེར་དགེ་རྒན་གྱིས་ཁོ་ཚོའི་སློབ་སྦྱོང་དང་སྤྱོད་ལམ་སོགས་གང་ཅིར་རྒྱུས་མངའ་ལོན་མེད་པས་ཆ་རྐྱེན་ཚང་བ་ཞིག་འདེམས་སྒྲུག་བྱེད་པར་དཀའ། གལ་ཏེ་སློབ་སྦྱོང་དང་སྤྱོད་ལམ་ཞན་པའི་སློབ་མ་ཞིག་འཛིན་གྲྭའི་ལས་བྱེད་པར་བསྐོས་ན་དེར་སློབ་མ་རྣམས་ཀྱིས་བརྩི་འཇོག་མི་བྱེད་ཅིང་། འཛིན་བདག་ལ་ཕན་ཐོགས་རྒྱུ་ལྟ་ཅི་དེ་ལས་ལྡོག་སྟེ་འཛིན་གྲྭའི་ལས་བྱེད་པའི་སློབ་སྦྱོང་གི་སྦྱངས་འབྲས་ཞན་པོ་ཡོད་ན་སློབ་ཁྲིད་དགེ་རྒན་གྱི་བཀའ་བཀྱོན་ཕོག་སྲིད་པ་མ་ཟད། རང་ཉིད་གཉའ་དམའ་ཞིང་སློབ་ཕྲུག་ཚང་མས་བརྩི་འཇོག་མི་བྱེད་པ་དང་ཁ་རྩོད་དང་འཁྲུག་རྩོད་ཤོར་སྲིད་པས་སློབ་མ་དམངས་དང་མཐུན་པོ་མི་ཡོང་བ་སོགས་ཀྱིས་འཛིན་བདག་མགོ་ན་དགོས་པའི་གནས་ཚུལ་མང་པོ་ཐོན་ངེས་ཡིན།
དེར་བརྟེན་འཛིན་གྲྭའི་ལས་བྱེད་པ་བསྐོ་གཞག་ཇི་ལྟར་བྱ་རྒྱུའི་ཐད་ལ་ཁོ་མོས་རང་ཉིད་ཀྱིས་ལོ་མང་རིང་འཛིན་བདག་གི་ལས་འགན་ཕྲག་ཏུ་འཁུར་བའི་ལག་ལེན་དངོས་ཀྱི་ལྟ་ཚུལ་འགའ་གླེང་རྒྱུ་ཡིན།
གཅིག འཛིན་བདག་གིས་སློབ་མར་རྒྱུས་མངའ་ལོན་ཐུབ་པ་དགོས།
འཛིན་བདག་གིས་སློབ་མ་ཡོངས་དང་འབྲེལ་བ་དམ་པོ་བྱས་ཏེ་སློབ་མའི་སེམས་ཁམས་དང་དགའ་མོས་ཕྱོགས་ལ་ཤེས་རྟོགས་བྱ་རྒྱུ་ནི་སློབ་མའི་ཀུན་སྤྱོད་ལེགས་སུ་གཏོང་བའི་གལ་ཆེའི་ཐབས་ལམ་ཞིག་ཡིན་པས། དེར་སློབ་ཕྲུག་ཚང་མའི་ཀུན་སྤྱོད་དང་སློབ་སྦྱོང་གི་གནས་ཚུལ་དང་དེ་བཞིན་ཁྱིམ་ཚང་གི་གནས་ཚུལ་སོགས་ལ་རྒྱུས་མངའ་གསལ་པོ་ལོན་པ་བྱས་ཐོག་སློབ་སྦྱོང་གི་སྦྱངས་འབྲས་ལེགས་ཤིང་སློབ་གྲྭའི་ཕྱི་ནང་གང་སར་ཡ་རབས་གུས་ཞབས་ལྡན་ལ་རྒན་བཀུར་གཞོན་གཅེས་དང་ཤེས་བྱར་སྦྱངས་བརྩོན་ཆེ་ཞིང་། རང་འགུལ་གྱིས་སྒྲིག་ལམ་སྲུང་མཁན་ཞིག་བདམས་ནས་འཛིན་གྲྭའི་ལས་བྱེད་པར་བསྐོ་གཞག་བྱས་ཏེ་རྒྱུན་གཏན་འཛིན་གྲྭའི་ནང་དུ་སློབ་མའི་སྒྲིག་ལམ་དང་། གཙང་སྦྲ། སློབ་སྦྱོང་སོགས་ཕྱོགས་གང་སར་ལྟ་རྟོག་ནན་པོ་བྱེད་དུ་བཅུག་སྟེ་འཛིན་གྲྭ་དེ་གའི་སྒྲིག་ལམ་དང་། གཙང་སྦྲ་འཕྲོད་བསྟེན། སློབ་སྦྱོང་སོགས་ཕྱོགས་གང་ཅིའི་ཐད་སྔར་བས་ཡག་ཐོག་ཡག་བརྩེགས་ཡོང་རྒྱུར་འཛིན་གྲྭའི་ལས་བྱེད་པའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་ཞིག་དགོས།
གཉིས། བསམ་ཕོད་པ་དང་ཤོད་ཕོད་ཅིང་འགན་འཁྲི་འཁུར་ནུས་པ་ཞིག་དགོས་པ།
འཛིན་གྲྭའི་ལས་བྱེད་པ་ཞིག་ཡིན་ཕྱིན་རང་དཔེ་གཞན་སྟོན་ཙམ་གྱིས་མི་འགྲིག་པར་རིག་སྟོབས་སྐྱོ་བའི་སློབ་མར་རོགས་རམ་དང་། ཀུན་སྤྱོད་ཞན་པའི་སློབ་མར་སྐྱོན་བརྗོད་དང་སློབ་གསོ་རྒྱག་ཕོད་པ། རང་འགུལ་ངང་སློབ་མ་ཡོངས་ཀྱི་སྣེ་ཁྲིད་བྱེད་ཐུབ་པ་དང་སྒྲིག་ལམ་སྲུང་ཐུབ་ལ་དོ་དམ་བྱེད་ནུས་པ་ཞིག་དགོས། དེ་ཡང་དང་ཐོག་འཛིན་བདག་གིས་འཛིན་གྲྭའི་ལས་བྱེད་པར་སློབ་ཆུང་སློབ་མའི་སྒྲིག་སྲོལ་ལམ་ལུགས་ཁག་ངོ་སྤྲོད་གསལ་པོ་བྱེད་པ་དང་། སློབ་མ་ཚོས་སྲུང་བྱ་ཁག་ལེགས་པོ་སྲུང་ཐུབ་མིན་གྱི་གནས་ཚུལ་དང་། དེ་བཞིན་ལྷག་པའི་ཞན་ཆ་དང་ཐོབ་པའི་དགེ་མཚན་ཁག་ལ་དཔྱད་བསྡུར་དང་སྐྱོན་བརྗོད་ནན་པོ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འཛིན་གྲྭའི་ལས་བྱེད་པས་དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་སྤུ་ཙམ་མེད་པར་འཛིན་གྲྭའི་སྒྲིག་ལམ་ལེགས་པོ་ཞིག་སྲུང་ཐུབ་པའི་ཁར། ཡང་སྒོས་རིག་སྟོབས་སྐྱོ་བའི་སློབ་མའི་སྦྱངས་འབྲས་མཐོ་རུ་གཏོང་རོགས་དང་ལྟ་སྐུལ་སོགས་བྱས་ཏེ་ཁོ་ཚོའི་སྦྱངས་འབྲས་ཡར་རྒྱས་ཡོང་རེ་བྱེད་དགོས་པ་མ་ཟད། ལྷག་པར་དུ་འཛིན་གྲྭའི་ནང་དུ་གནས་ཚུལ་ལེགས་ཉེས་ཅི་བྱུང་ཡང་དུས་ཐོག་ཏུ་འཛིན་བདག་ལ་སྙན་སེང་ཞུ་དགོས་པ་སོགས“རྟ་ཞིག་དགོས་རྟེའུ་ནས་གསོས”ཞེས་པ་ལྟར་དོན་ཆུང་ཙག་ནས་འགོ་བཙུགས་ཏེ་ཆུང་དུས་ནས་གོམས་གཤིས་བཟང་པོ་ཞིག་འཇགས་པ་བྱེད་དགོས།
གསུམ། ཧུར་བརྩོན་ཆེ་ལ་རང་རྟོགས་རང་བཞིན་ལྡན་པའི་སློབ་མ་འདེམས་དགོས།
འཛིན་གྲྭའི་ལས་བྱེད་པ་ཞིག་ཡིན་ཕྱིན་འཛིན་བདག་གི་བཀའ་སློབ་སློབ་མ་ཚང་མར་ཤོད་ཐུབ་པ་དང་འཛིན་གྲྭའི་ནང་གི་གནས་ཚུལ་གང་ཡོད་པ་འཛིན་བདག་ལ་ཞུ་ཐུབ་པ་ཙམ་མ་ཟད། རང་གི་བསམ་སྤྱོད་ཚད་མཐུན་ཡོང་བ་བྱས་ཏེ་མ་སྐུལ་དང་བླངས་ཀྱིས་སློབ་མ་རྣམས་སྒྲིག་འཛུགས་ཐུབ་པ་དང་འཛིན་གྲྭའི་ནང་དགེ་རྒན་ལ་གཞོགས་འདེགས་ཐུབ་པ་བྱས་ཏེ་འཛིན་བདག་གམ་སློབ་ཁྲིད་དགེ་རྒན་ཆེ་གེ་མོ་ཞིག་སྙུང་བའམ་ལས་བྲེལ་གང་རུང་ཞིག་གིས་རྐྱེན་པས་སློབ་ཁྲིད་གནང་བར་དུས་ཐོག་ཏུ་ཕེབས་མ་ཐུབ་ཚེ། འཛིན་གྲྭའི་ལས་བྱེད་པས་དུས་ཚོད་དེའི་རིང་གི་འཛིན་གྲྭའི་སྒྲིག་ལམ་ཡག་པོ་ཞིག་སྲུང་ཐུབ་པ་དགོས་པ་མ་ཟད། ལྷག་པར་དུ་འཛིན་གྲྭའི་ཕྱི་ནང་ཚང་མའི་གཙང་སྦྲར་དོ་སྣང་བྱེད་དགོས་པ་དང་སློབ་མ་རྣམས་ལ་སྦྱང་གཞི་ལ་སོགས་པ་བཀོད་སྒྲིག་བྱས་ཏེ་སློབ་མའི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱས་ཏེ་ཁ་ཁུ་སིམ་པོའི་ངང་ནས་སློབ་སྦྱོང་བྱེད་དུ་བཅུག་པ་སོགས་སློབ་མའི་སྒྲིག་ལམ་ལེགས་པོ་ཞིག་སྲུང་ཐུབ་རྒྱུར་འཛིན་གྲྭའི་ལས་བྱེད་པས་ནུས་པ་གང་མང་འདོན་ཐུབ་པ་དགོས།
བཞི། འཛིན་གྲྭ་དོ་དམ་གྱི་ལས་ཀར་ཤུགས་སྣོན་རྒྱག་ཐུབ་མཁན་ཞིག་དགོས་པ།
འཛིན་གྲྭ་དོ་དམ་གྱི་ལས་ཀ་ནི་དུས་དང་རྣམ་པ་ཀུན་ཏུ་བྱ་རྒྱུའི་རྒྱུན་གཏན་རང་བཞིན་གྱི་ལས་ཀ་ཞིག་ཡིན་པས་དོ་དམ་ཡག་པོ་ཞིག་བྱ་བར་སྔོན་ལ་སྒྲིག་འཛུགས་སྒྲིག་ལམ་ཡག་པ་དང་ཡ་རབས་གུས་ཞབས་ལྡན་པའི་སློབ་མ་གསོ་སྐྱོང་བྱ་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བ་ཞིག་རེད། དེར་བརྟེན་སྔོན་ལ་འཛིན་བདག་ནས་སློབ་མའི་ཚོགས་ལ་སློབ་ཆུང་སློབ་མའི་སྒྲིག་སྲོལ་སྒྲིག་ལམ་ཁག་ཤེས་སུ་འཇུག་པའི་ཁར་རྒྱུན་གཏན་ནས་ཟས་གོས་སྡོད་གསུམ་དང་། ཤོད་ལུགས། གྱོན་ལུགས་སོགས་ཀྱི་གོམས་གཤིས་བཟང་པོ་ཞིག་འཇགས་པ་བྱ་རྒྱུར་ཁ་ཏ་བསླབ་བྱ་དང་དྲན་སྐུལ་ཡང་ཡང་བྱས་ཏེ་ཆུང་དུས་ནས་ཡ་རབས་སྤྱོད་བཟང་ལྡན་ལ་གོམས་གཤིས་བཟང་པོ་འཇགས་པའི་མི་སྣ་གང་མང་གསོ་སྐྱོང་བྱ་རྒྱུ་ནི་འཛིན་བདག་ཞིག་གི་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཡིན་པ་སྨོས་མེད་ལགས། དེས་ན། རྒྱུན་གཏན་འཛིན་གྲྭའི་ནང་དུ་ཡ་རབས་གུས་ཞབས་ལྡན་ལ་སློབ་མ་ཕན་ཚུན་དབར་མཐུན་སྒྲིལ་ཟབ་ལ། ལྷག་པར་དུ་འཛིན་གྲྭ་དོ་དམ་གྱི་ལས་ཀར་བྱང་ཆུབ་ཅིང་སྣེ་ཁྲིད་ཀྱི་ནུས་པ་ལྡན་པའི་སློབ་མ་ཞིག་འཛིན་གྲྭའི་ལས་བྱེད་པར་འདེམས་བསྐོ་བྱས་ན་ཕྱིན་ཆད་འཛིན་གྲྭའི་ཕྱོགས་གང་ཅིའི་ཐད་ཡག་ཏུ་འགྲོ་རྒྱུ་མ་ཟད། འཛིན་བདག་རང་ཉིད་ཀྱི་ལས་འགན་ཁུར་པོ་ཇེ་ཡང་དུ་འགྲོ་རྒྱུར་གདོན་མི་ཟ།
ལྔ། འཛིན་གྲྭ་དང་མི་སྒེར་གྱི་གཙང་སྦྲར་དོ་སྣང་བྱེད་ཐུབ་མཁན་ཞིག་དགོས་པ།
དེ་ཡང་སྔོན་ཐོན་གྱི་འཛིན་གྲྭ་ཞིག་ཏུ་འདེམས་དགོས་ན་གཙོ་བོ་འཛིན་གྲྭའི་གཙང་སྦྲ་འཕྲོད་བསྟེན་ལ་རག་ལུས་ཡོད་པས། དེར་འཛིན་བདག་ནས་རྒྱུན་དུ་སློབ་མའི་སློབ་གོས་དང་། ངོ་གདོང་། རྐང་ལག་གི་སེན་མོ་གཏུབ་ཡོད་མེད་ལ་ཞིབ་བཤེར་དང་། སློབ་ཁང་ཕྱི་ནང་གི་གཙང་སྦྲ་དང་སློབ་ཁང་ནང་གི་ཅ་དངོས་གྲལ་སྟར་སྒྲིག་པོར་དགོས་པ་དང་། སྒྲོག་ཙེ་རྐུབ་སྟེགས་ནག་པང་སོགས་གཙང་མ་འཕྱིས་རྒྱུར་དོ་སྣང་བྱས་ཏེ་སློབ་མར་སློབ་སྦྱོང་གི་ཁོར་ཡུག་སྐྱིད་སྣང་དོད་པོ་ཞིག་བསྐྲུན་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པས་འཛིན་བདག་ནས་རྒྱུན་གཏན་འཛིན་གྲྭའི་ནང་དུ་སྒེར་གྱི་གཙང་སྦྲ་ལེགས་ལ་སྤྱི་པའི་གཙང་སྦྲར་དགའ་ཞེན་ཆེ་བའི་སློབ་མ་ཞིག་འཛིན་གྲྭའི་ལས་བྱེད་པར་འདེམས་དགོས།
དྲུག སློབ་མ་ཚང་མས་ཡིད་ཆེས་དང་གུས་བཀུར་ཐོབ་པའི་སློབ་མ་ཞིག་འདེམས་དགོས།
འཛིན་གྲྭའི་ལས་བྱེད་པ་ནི་སློབ་མ་རྣམས་ལ་རྒྱུས་མངའ་ཆེ་བ་དང་སློབ་མ་ཚང་མས་གུས་བཀུར་དང་བརྩི་འཇོག་ཆེས་ཆེར་བྱེད་ས་ཞིག་ཡིན་པར་བརྟེན་ཐོག་མར་འཛིན་བདག་ནས་སློབ་ཕྲུག་དབར་ལ་མཐུན་ལམ་ཡག་པོ་ཞིག་དང་སློབ་མ་ཡོངས་ཀྱིས་གུས་བཀུར་ཐོབ་ས་ཞིག་འདེམས་དགོས། དེ་ཡང་འཛིན་བདག་གིས་དང་ཐོག་རང་གི་འཛིན་གྲྭའི་སློབ་མ་ཚང་མར་རང་གི་གཅེན་གཅུང་ལྟ་བུའི་བརྩེ་སེམས་བཅངས་ཏེ་བྱམས་སྐྱོང་དང་ལྟ་རྟོག་བྱེད་དགོས་པ་ལས་ཉེ་དགའ་ཕྱོགས་ཞེན་རྩ་བ་ནས་མི་བྱེད་མཁན་ཞིག་འདེམས་དགོས། ལྷག་པར་དུ་འཛིན་གྲྭའི་ནང་གི་སྦྱངས་འབྲས་ཞན་པའི་སློབ་མར་བྱམས་དང་བརྩེ་བ་ཆེ་བ་དང་། ངང་རྒྱུད་རིང་པོའི་སྒོ་ནས་བསླབ་བྱ་བྱེད་མཁན་ཏེ་ཇི་སྐད་དུ“གཅེས་སེམས་མེད་ན་སློབ་གསོ་མེད”ཅེས་པ་ལྟར་སློབ་མའི་ངོས་ནས་བརྗོད་ན་འཛིན་གྲྭའི་ལས་བྱེད་པའི་གཅེས་སེམས་ནི་ཁོ་ཚོའི་ཡིད་དབང་འཕྲོག་ཤུགས་ཤིག་དང་འཛིན་གྲྭའི་ལས་བྱེད་ཀྱི་ཡང་དག་པའི་གཏམ་སྤྱོད་ནི་སློབ་མ་ཡོངས་ཀྱི་མིག་དཔེ་ཞིག་ཡིན་པས། དེར་རྒྱུན་གཏན་ཁོ་མོས་སློབ་གསོ་སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ནང་དུས་དང་རྣམ་པ་ཀུན་ཏུ་འཛིན་གྲྭའི་ལས་བྱེད་ཀྱི་བྱ་སྤྱོད་ལ་སྣང་འཇོག་གང་མང་བྱས་ཏེ། གཞན་ཕན་སྙིང་རྗེའི་བསམ་པ་ལྡན་པ་དང་མདའ་ཤོང་མདུང་ཤོང་གི་བསམ་སྤྱོད་ལྡན་པའི་འཛིན་གྲྭའི་ལས་བྱེད་པའི་བྱ་སྤྱོད་ལ་བརྟེན་ནས་སློབ་མ་ཚང་མར་སློབ་གསོ་གཏོང་བ་དང་། སློབ་ཁྲིད་ཀྱི་ཁྲོད་དུ་འཛིན་གྲྭའི་ལས་བྱེད་ཀྱི་བྱམས་བརྩེའི་བསམ་པ་དེ་སློབ་མ་ཚང་མའི་ཁྲོད་དུ་ཁྱབ་པ་བྱས་ནས་སློབ་མ་རྣམས་ལ་གཅེས་སེམས་ཀྱི་ཁྲོད་ནས་བློ་སྒོ་ཕྱེ་སྟེ། ཁོ་ཚོའི་སེམས་སུ་དྲོ་སྐྱིད་ཀྱི་མྱུ་གུ་འབུས་ནས་ལོ་འདབ་རྒྱས་པ་བྱས་ཏེ་སློབ་གསོ་སློབ་ཁྲིད་ཀྱི་ཕན་འབྲས་ངེས་ཅན་ཞིག་ཐོན་པ་བྱེད་ཀྱི་ཡོད། ལྷག་པར་དུ་རྒྱུན་གཏན་སློབ་གསོ་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་འཛིན་གྲྭའི་ནང་དུ་ལྷག་པའི་གནས་ཚུལ་ཐག་གཅོད་བྱེད་སྐབས་ངེས་པར་དུ་ཕྱོགས་ཡོངས་ནས་བསམ་བློ་གཏོང་དགོས་པ་དང་བརྟག་དཔྱད་བྱས་ནས་བཟང་ངན་དབྱེ་འབྱེད་བྱུང་རྗེས་གཞི་ནས་བཟང་བར་བསྟོད་བསྔགས་དང་ངན་པར་སྐྱོན་བརྗོད་བྱེད་དགོས། དེ་འདྲ་བྱུང་ཚེ་གཞི་ནས་དགེ་སློབ་དབར་འཆམ་མཐུན་ཡོང་བ་དང་སློབ་མས་འཛིན་གྲྭའི་ལས་བྱེད་པར་དེ་བས་དགའ་ཞེན་དང་གུས་བཀུར་ཐོབ་ངེས་ཡིན།
མདོར་ན། འཛིན་བདག་འཇོན་པོ་དང་རྒོད་པོ་ག་ཚོད་ཡོད་ཀྱང་སློབ་ཁྲིད་དགེ་རྒན་རྣམ་པའི་རྒྱབ་སྐྱོར་དང་རམ་འདེགས། ལྷག་པར་དུ་འཛིན་གྲྭའི་ལས་བྱེད་པ་ཆུང་ཆུང་དེ་ཚོའི་འགན་འཁུར་བསམ་པ་དང་གཞོགས་འདེགས་མེད་ན“དཔའ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ་བར”གྱུར་པས་དེར་ཁོང་རྣམ་པའི་གཞོགས་འདེགས་ནི་མཐུན་སྒྲིལ་དང་ཡར་ཐོན་གྱི་འཛིན་གྲྭ་ལེགས་པོ་ཞིག་གཉེར་རྒྱུར་དེ་བས་ཁ་འབྲལ་ཐབས་མེད་པའི་མཐུན་རྐྱེན་གཙོ་བོ་ཞིག་ཡིན། འཛིན་བདག་གི་ལས་འགན་ནི་ཧ་ཅང་དཀའ་ཚེགས་ཆེ་ལ་ཆེས་གཟི་བརྗིད་ལྡན་པ་ཞིག་ཡིན་པ་དང་འགན་འཁྲི་ལྕི་པོ་དེ་འདྲ་ཞིག་འཐུས་ཚང་དང་བདེ་བླག་ངང་ལེགས་འགྲུབ་ཡོང་བ་བྱ་རྒྱུ་དེ་ནི་འཛིན་བདག་གཅིག་པུའི་ནུས་པ་འདོན་སྤེལ་བྱས་པས་འགྲིག་ཐབས་མེད་པར་གཙོ་བོ་འཛིན་གྲྭའི་ལས་བྱེད་པའི་གཞོགས་འདེགས་དང་སློབ་ཁྲིད་དགེ་རྒན་རྣམ་པའི་འབད་བརྩོན་དང་། འགན་འཁྲིའི་བསམ་བློ། རྒྱ་ཆེའི་ཁྱིམ་བདག་རྣམ་པའི་ཐུགས་རྗེའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་ལ། འཛིན་གྲྭའི་ལས་བྱེད་པ་ནི་འཛིན་བདག་གི་དཔུང་པ་གཡས་པ་ཞིག་དང་འདྲ་བར་བརྟེན་འཛིན་གྲྭའི་ལས་བྱེད་པ་ཡ་རབས་གུས་ཞབས་ཆེ་ཞིང་ཀུན་སྤྱོད་བཟང་ལ་ཤེས་རིག་ལྡན་པ་ཞིག་དང་། རྒྱུན་དུ་གཙང་སྦྲ་འཕྲོད་བསྟེན་ལ་དོ་སྣང་ཆེ་བ། ཁྱོན་ཡོངས་ལ་ཁ་ཕྱོགས་ནུས་ལ་སྒྲིག་འཛུགས་སྒྲིག་ལམ་ཐད་ལ་འཇོན་ནུས་ཆེ་བ་སོགས་འཛིན་གྲྭའི་སློབ་ཁྲིད་དགེ་རྒན་རྣམ་པའི་ཡིད་ཆེས་དང་ཚད་མཐོའི་གདེང་འཇོག་ཐོབ་པ། སློབ་མ་ཡོངས་ཀྱི་གུས་བཀུར་ཐོབ་པའི་ཕུལ་བྱུང་གི་སློབ་ཕྲུག་ཞིག་འཛིན་གྲྭའི་ལས་བྱེད་པར་འདེམས་བསྐོ་བྱ་རྒྱུ་ནི་ཕུལ་བྱུང་གི་འཛིན་གྲྭ་ཞིག་གསོ་སྐྱོང་བྱེད་པའི་རྨང་གཞིའི་ཆ་རྐྱེན་ཞིག་ཡིན་པས། དེར་དོ་སྣང་ཆེན་པོས་ལས་དོན་དེ་ལེགས་པར་བསྒྲུབས་ནས་ཆུང་དུས་ནས་ཁོ་ཚོའི་འཇོན་ཐང་དང་ནུས་པ་སྐྱེད་སྲིང་བྱས་ཏེ་སློབ་མ་ཚང་མར་ཕན་པ་གང་མང་བསྐྲུན་ཐུབ་པ་བྱ་རྒྱུ་དེ་ནི་རང་ཉིད་ལོ་མང་རིང་ལ་འཛིན་བདག་བྱས་པའི་མྱོང་ཚོར་ཕྲན་བུ་ཞིག་ཡིན་ནོ།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣