ང་ཚོས་རྒྱུན་གཏན་གྱི་སློབ་ཁྲིད་བྱ་བའི་ནང་སློབ་མར་རྩོམ་འབྲིའི་ཤེས་བྱ་སློབ་ཁྲིད་དང་རྩོམ་ཡིག་འབྲི་སྦྱོང་གི་བྱ་བར་ཤུགས་སྣོན་རྒྱག་རྒྱུ་དེ་ནི་གལ་འགངས་ཆེན་པོ་ཞིག་ཡིན་པས། རང་ཉིད་ཀྱི་རྒྱུན་གཏན་རྩོམ་འབྲིའི་སློབ་ཁྲིད་ཉམས་མྱོང་ལས་སློབ་མའི་རྩོམ་འབྲིའི་ནུས་པ་མཐོ་རུ་གཏོང་ཐབས་ཀྱི་ཐབས་ལམ་རགས་ཙམ་གླེང་ན།
དང་པོ། དཔེ་དེབ་མང་ཙམ་ལྟ་ཀློག་བྱ་རྒྱུ།
དཔེ་དེབ་ནི་མིའི་རིགས་ཀྱི་བློ་རིག་གི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་དང་། རྩོམ་རྩལ་གྱི་མན་ངག་སྦྱིན་པའི་སློབ་དཔོན། རྩོམ་འབྲིའི་རྒྱུ་ཆར་སྨན་པའི་དཔྱད་གཞི་བསྡུ་རུབ་བྱེད་པའི་ནོར་མཛོད་ལྟ་བུ་ཞིག་ཡིན་པས་ན། ང་ཚོའི་སློབ་མ་རྣམས་ཀྱིས་དཔེ་དེབ་གང་མང་ལྟ་ཀློག་བྱ་རྒྱུ་དེ་ནི་རྩོམ་འབྲིའི་ནུས་རྩལ་སྦྱོང་བའི་རྨང་གཞི་མེད་དུ་མི་རུང་བ་ཞིག་ཡིན། དེ་ཡང་ཐང་རྒྱལ་རབས་ཀྱི་སྙན་ངག་པ་ཏུའུ་ཧྥུའུ་ཡིས“རྩོམ་ལ་ཐོག་མར་འཇུག་པའི་སྐྱེ་བོ་ཡིས། དཔེ་ཆ་བྱེ་བ་འབུམ་ལ་གཟིགས་པ་ན། སྨྱུག་རྩེ་སྐྱོད་པར་ལྷ་ཡིས་ཁ་ལོ་སྒྱུར”ཞེས་གསུངས་པ་ལྟར་སློབ་མ་ཚོས་དུས་རྒྱུན་སློབ་དེབ་ཁོ་ནར་མགོ་འཁོར་ནས་མ་བསྡད་པར། བླང་དོར་གྱི་གནས་ལུགས་བསྟན་ཐུབ་ཅིང་ཡར་རྒྱས་ལ་སྨན་པའི་སློབ་ཕྱིའི་དཔེ་དེབ་གང་མང་མང་ལྟ་ཀློག་གིས་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གི་ཉིང་ཁུ་དག་རང་རྒྱུད་ལ་གསོག་འཇོག་བྱེད་ཐུབ་ན། ཁོ་ཚོའི་བསམ་བློའི་ཤེས་རྒྱ་དང་མཐོང་རྒྱ་ཆེ་རུ་འགྲོ་བར་ཐེ་ཚོམ་མི་དགོས། དེས་ན་སློབ་མ་རྣམས་ཀྱིས་རྩོམ་འབྲིའི་ནུས་རྩལ་མཐོ་རུ་གཏོང་ཕྱིར་རྒྱུན་དུ་དཔེ་དེབ་གང་མང་ལྟ་ཀློག་བྱེད་པའི་གོམས་གཤིས་འཇགས་པ་བྱེད་རྒྱུ་ཤིན་ཏུ་གལ་ཆེ། དཔེ་དེབ་མང་ཙམ་ལྟ་ཀློག་བྱས་ནས་དཔེ་དེབ་ནང་གི་དོན་རྣམས་བསྡུ་ལེན་ཐུབ་པ་དང་གོ་དོན་རྟོགས་ཐུབ་ཀྱི་ཡོད་པར་བརྟེན། ང་ཚོས་ཁོ་ཚོའི་ལོ་ནའི་ཁྱད་ཆོས་དང་འཚམ་པའི་《འཛམ་གླིང་བྱིས་སྒྲུང་གྲགས་ཅན》དང《སྲོག་ཆགས་ཀྱི་སྒྲུང་གཏམ》 《མི་རོ་རྩེ་སྒྲུང》སོགས་ནང་དོན་ཕུན་སུམ་ཚོགས་ཤིང་། ཚིག་སྦྱོར་སྙན་འཇེབས་ལྡན་པའི་རྩོམ་རྩལ་གྱིས་ཕྱུག་པའི་སྒྲུང་དཔེ་དང་སློབ་ཆུང་སློབ་མའི་རྩོམ་དེབ་སོགས་རེས་མོས་ཀྱིས་ལྟ་ཀློག་ཚར་གཅིག་བྱ་རྒྱུའི་སྦྱོང་ཚན་བཀོད་སྒྲིག་བྱས་ནས་དེའི་ནང་ནས་ཐ་སྙད་གསར་པ་དང་རྣ་བར་སྙན་པའི་ཚིག་སྦྱོར་དག་ལ་རྟགས་རྒྱག་ཏུ་བཅུག་ནས་ཁྱིམ་བདག་གིས་ལྟ་བསྡུར་འོག་ཐེངས་གཉིས་སམ་ཡང་ན་ཐེངས་གསུམ་བཀླགས་ནས་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་འདོན་དགོས་པ་མ་ཟད། དགེ་རྒན་རང་ཉིད་ཀྱིས་ཀྱང་ཉིན་ལྟར་དུས་ཐོག་ཏུ་རྩོམ་དེབ་བསྡུ་རུབ་བྱས་ནས་སྦྱོང་ཚན་ལྟར་དོ་སྣང་ཆེན་པོས་ལྟ་སྐུལ་བྱས་ཚེ་སློབ་མས་ཀྱང་གཟབ་ནན་གྱིས་ལེགས་གྲུབ་བྱེད་སྲིད། དེ་ལྟར་ཆུ་བོའི་རྒྱུན་བཞིན་མཚམས་མ་ཆད་པར་རྒྱུན་མཐུད་བྱེད་ཐུབ་ཚེ། རྩོམ་འབྲིའི་རྒྱུ་ཆ་རྒྱུན་མ་ཆད་པར་གསོག་འཇོག་ཐུབ་ཅིང་། རྩོམ་གྱི་མཐུན་རྐྱེན་ལེགས་པོ་སྐྲུན་ཐུབ། དགེ་རྒན་གྱི་སློབ་ཁྲིད་སྐབས་རྩོམ་འབྲིའི་ཐབས་ཤེས་བརྒྱ་བཤད་སྟོང་བཤད་བྱས་པ་ལས་ཀྱང་ལྷག་པ་ཡོང་ངེས་ཡིན།
སློབ་ཚན་མི་རེ་ངོ་རེ་ཀློག་འདོན་བྱེད་པའི་སྐབས་སུ་སློབ་མར་སློབ་ཚན་ནང་གི་ཐ་སྙད་གསར་པ་དང་ཚིག་སྦྱོར་སྙན་པ་དག་འཚོལ་དུ་འཇུག་ནས་མང་ཙམ་བཀླགས་སུ་བཅུག་ན། སློབ་མས་རྩོམ་ཡིག་འབྲི་བའི་སྐབས་དོགས་གནད་འཚོལ་ཞིབ་བྱས་ནས་སྦྱངས་ཟིན་པའི་ཐ་སྙད་གསར་པ་དང་ཚིག་སྦྱོར་སྙན་པ་དག་དུས་ཐོག་བེད་སྤྱོད་བྱེད་ཐུབ་ཀྱི་ཡོད།
གཉིས་པ། གཟའ་འཁོར་རེར་རྩོམ་ཡིག་རེ་འབྲི་སྦྱོང་བྱེད་དུ་འཇུག་དགོས།
སློབ་ཆུང་སློབ་མ་ཞིག་ངོས་ནས་བརྗོད་ན། ཁོ་ཚོའི་ན་ཚོད་དང་ཁོར་ཡུག་ཆུང་ཆུང་དེའི་ནང་ཁོ་ཚོ་དང་བར་ཐག་ཆེས་ཉེ་བ་ནི་ཕ་མ་གཉིས་དང་ཕུ་ནུ་མིང་སྲིང་ཚོ་ཡིན་ལ། སློབ་གྲྭར་འབྱོར་རྗེས་དགེ་རྒན་དང་སློབ་གྲོགས་དག་ཡིན་པ་དང་། དེ་དག་གིས་བཞག་པའི་བག་ཆགས་ཀྱང་ཁོ་ཚོའི་ཆུང་ཆུང་བྱིས་བློའི་ངོས་སུ་གོ་གནས་འགངས་ཆེན་ཞིག་ཟིན་གྱི་ཡོད། རྒྱུ་མཚན་དེའི་དབང་གིས་སློབ་ཆུང་སློབ་མར་མཚོན་ན། ཁོ་ཚོ་དང་བར་ཐག་ཆེས་ཉེ་ཞིང་ཆ་རྒྱུས་ཆེས་གསལ་བའི་མི་སྣ་དག་གི་སྣང་བརྙན་རྩོམ་ཡིག་ཐོག་འབྲི་རུ་འཇུག་རྒྱུ་ནི་རྩོམ་ལ་འཇུག་པའི་ཐབས་ལམ་ཡག་པོ་ཞིག་རེད། དང་ཐོག་སློབ་མ་ཚོར་རང་གི་ཉེ་འགྲམ་གྱི་བག་ཆགས་ཟབ་ཤོས་ཀྱི་མི་སྣ་ནས་འགོ་བཙུགས་ཏེ་འབྲི་རྒྱུ་བཅུག་ན། ཁོ་ཚོའི་བསམ་བློའི་ངོས་སུ་རྟག་ཏུ་མཐོང་ཐུབ་པའི་རྩོམ་འབྲིའི་ནང་དོན་སྟོང་པ་དང་ཞིབ་ཕྲ་འབྲི་མི་ཐུབ་པའི་སྐྱོན་ཆ་རྩ་བའི་ཆ་ནས་མེད་པར་གྱུར་ཏེ། སློབ་མ་སོ་སོས་རང་གི་ཆ་རྒྱུས་ཡོད་པའི་མི་སྣའི་ཕྱིའི་རྣམ་པ་དང་། དེའི་བྱ་སྤྱོད། མི་སྣ་དེའི་རྣམ་འགྱུར་སོགས་རགས་བསྡུས་ཙམ་འབྲི་ཐུབ་ཀྱི་ཡོད། དེའི་སྐབས་སུ་དགེ་རྒན་གྱིས་དོ་སྣང་ཆེར་བསྐྱེད་ཀྱིས་རྩོམ་ཡིག་དག་བཅོས་རབ་དང་རིམ་པ་བྱས་ཏེ། སྐད་ཆ་རྗོད་པ་བདེ་བ་དང་དོན་སྔ་ཕྱི་འབྲེལ་ཆགས་པོ་བཅོས་ཚར་རྗེས། སློབ་མར་དུས་ཐོག་ཏུ་ཚར་གཅིག་བཀླགས་སུ་འཇུག་ནས། བློ་ལ་དེ་ལྟར་འབྲི་དགོས་འདུག་སྙམ་པའི་ངེས་ཤེས་ཤིག་སྐྱེས་སུ་བཅུག་ན་ཕན་པ་ཆེ་ཙམ་འདུག་སྙམ། གཞན་ཡང་རྩོམ་ཡིག་གི་སྒྲོམ་གཞི་ལེགས་པོ་འབྲི་ཐུབ་པ་ཙམ་གྱིས་སློབ་མར་གདེང་འཇོག་ཆེན་པོ་བྱས་ཏེ་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་གཏོར་ཏེ་རྩོམ་ཡིག་འབྲི་བའི་སྤྲོ་སྣང་སྐྱེད་སྲིང་ཐུབ་ནས་མུ་མཐུད་རྩོམ་ཡིག་འབྲི་སྦྱོང་ལམ་དུ་བསྐྱོད་པའི་གྲོགས་སུ་འགྱུར་ངེས།
དེ་ཡང་སྔོན་བྱོན་མཁས་པས“རྩོམ་གྱི་ཡོན་ཏན་འབྲི་བ་ཡིན། འབྲི་རིམ་བཞིན་དུ་ཡར་རྒྱས་འགྲོ”ཞེས་གསུངས་པ་བཞིན་དང་ཐོག་སློབ་མས་བྲིས་པའི་རྩོམ་ཡིག་དེ་ཉིད་བརྗོད་དོན་ཁ་གསལ་ལ་རྗོད་བྱེད་ཚིག་སྦྱོར་སྙན་པ་ཞིག་ཡོང་མི་སྲིད་ཀྱང་། རྩོམ་ཡིག་འབྲི་སྦྱོང་གི་བྱ་བ་དེ་རྒྱུན་ཟས་བཞིན་མུ་མཐུད་རྒྱུན་འཁྱོངས་བྱེད་ཐུབ་ན། ནམ་ཞིག་རང་གི་སློབ་མའི་རྩོམ་ཡིག་དེ་གཞན་དང་བསྡུར་ན་རྒྱ་ཐམ་པའི་གྲལ་མགོར་མ་སླེབས་ཀྱང་སྟོང་ཐམ་པའི་གྲལ་མཇུག་ཏུ་མ་ལུས་པ་ཡོང་ངེས་ལགས་སྙམ།
(ཁྲེང་ཀོན་ཆུས་ཧའེ་ཏན་སློབ་ཆུང་གི་ཆུང་སྐྱིད་ཀྱིས)