དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་བྱིས་པའི་སྤྱི་ཕན་དཔེ་མཛོད་ཁང་བོད་དུ་བཙུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-09-12

    མིག་སྔར་སློབ་གྲྭ་ཁག་སློབ་འགོ་ཚུགས་པའི་དུས་ཡིན། ཚེས་1ཉིན་གྱི་ཕྱི་དྲོ། ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་ཤང་ཡིན་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་སློབ་ཆུང་གི་བྱིས་པའི་སྤྱི་ཕན་དཔེ་མཛོད་ཁང་གི་སྒོ་བྱང་དངོས་སུ་བཀལ་བ་རེད། འདི་ནི་འདི་ལོ་ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པའི་IDoཐེབས་རྩས་ལི་ཡུན་ཏི་དང་མ་སུའུ་སོགས་འཁྲབ་སྟོན་སྒྱུ་རྩལ་ལས་རིགས་ཀྱི་མི་སྣ་དང་མཉམ་དུ་སྤེལ་བའི“གཅེས་སེམས་བོད་ལ་བཅངས”ཞེས་པའི་བྱེད་སྒོ་སྤེལ་ཡུལ་དང་པོ་དེ་ཡིན་ཞིང་། ཁོང་ཚོས་ཤེས་བྱ་དང་སྒྱུ་རྩལ་ལ་བརྟེན་ནས་ས་མཐོའི་ཕྲུ་གུ་ཚོའི་ཕུགས་བསམ་མངོན་འགྱུར་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

    ཕུ་མ་བྱང་ཐང་ཤང་གི་ཆ་སྙོམས་ས་བབ་སྨི་5500ཟིན་པ་དང་ཤང་སྲིད་གཞུང་གནས་ཡུལ་ས་མཚམས་གྲོང་ཚོའི་ས་བབ་སྨི་5373ཟིན་པ་དེ་ཇོ་མོ་གླང་མའི་སྒར་ས་ཆེན་པོ་ལས་སྨི་200ཡིས་མཐོ་བ་ཡོད། ཡུན་རིང་ནང་རང་བྱུང་གི་ས་ཁམས་ཆ་རྐྱེན་སོགས་ཀྱི་ཚོད་འཛིན་ཕོག་པའི་རྐྱེན་གྱིས་ཤང་སློབ་ཆུང་གི་སློབ་ཁྲིད་ཆ་རྐྱེན་དང་དེང་རབས་ཀྱི་སློབ་ཁྲིད་ལག་རྩལ་སྒྲིག་ཆས་རྗེས་ལུས་ཐེབས་ཡོད།

    ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པའི་IDoཐེབས་རྩ་བཙུགས་མཁན་ལི་ཧོ་ལིན་གྱིས་དེ་གའི་ཕྲུ་གུ་ཚོའི་ཤེས་རྒྱ་དང་མཐོང་རྒྱ་ཆེ་རུ་གཏོང་ཆེད“གཅེས་སེམས་བོད་ལ་བཅངས”ཞེས་པའི་བྱེད་སྒོ་སྤེལ་མཁན་ཕྱོགས་ཀྱིས“དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”གྱི་སྤྱི་ཕན་དགེ་སྒྲུབ་བྱེད་སྟངས་སྤྱད་དེ་འཁྲབ་སྟོན་སྒྱུ་རྩལ་ལས་རིགས་ཀྱི་མི་སྣ་གྲགས་ཅན་གདན་དྲངས་པ་དང་རྒྱ་ཆེའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ས་མཐོའི་ཕྲུ་གུ་ཚོར་ཆེད་མངགས་བོད་ཡིག་དང་རྒྱ་ཡིག་གཙོ་བོར་བྱེད་པའི་དཔེ་དེབ་སྣ་ཚོགས་བདམས་པ་དང་དེ་དག་གི་ནང་དོན་ཕུན་སུམ་ཚོགས་པ་དང་གོ་བདེ་ཤེས་སླ་བ་ཞིག་ཡོད་པ་མ་ཟད། ད་དུང་རིག་ཚན་མང་པོ་བསྡུས་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

    གསར་འགོད་པས་བྱིས་པའི་སྤྱི་ཕན་དཔེ་མཛོད་ཁང་དུ་དཔེ་དེབ་ཁུལ་དང་ལྟ་ཀློག་ཁུལ་རིགས་གཉིས་སུ་དབྱེ་ནས་རིགས་མི་འདྲ་བའི་དཔེ་དེབ་གསར་པ་སོ་སོའི་དཔེ་སྒྲོམ་ཐོག་སྒྲིག་པའི་ཁར། དཔེ་ལྕོག་དང་རྐུབ་སྟེགས་གྲལ་སྟར་འགྲིག་པོ་ཡོད་པ་དེ། སྤྲིན་དཀར་དང་རྩྭ་ཐང་ལ་གོམ་པའི་ས་མཐོའི་ཕྲུ་གུ་ཚོར་དེང་རབས་ཀྱི་ཁྱབ་ཆོས་ལྡན་པའི་ཤེས་བྱའི་བང་མཛོད་གཅིག་གཏོད་ཡོད་པ་མཐོང་བྱུང་།

    གཞན་ཡང་། རོལ་ཆས་སྣ་ཚོགས་ཡོད་པའི“ཡུན་ཏི་རོལ་དབྱངས་གཅེས་སེམས་སློབ་ཁང”ཡང་ཉིན་དེར་ཕུ་མ་བྱང་ཐང་ཤང་སློབ་ཆུང་དུ་བཙུགས་པ་རེད། དེའི་དམིགས་ཡུལ་ནི་ས་མཐོའི་ཕྲུ་གུ་ཚོར་རོལ་དབྱངས་ཀྱི་ཕུགས་བསམ་གཏོད་རོགས་བྱས་ཏེ་མཐར་ས་མཐོའི་ཕྲུ་གུ་ཚོའི་སྒྱུ་རྩལ་གྱི་ཕུགས་བསམ་མངོན་འགྱུར་བྱེད་རོགས་བྱ་རྒྱུ་དེ་ཡིན། གདན་ཞུ་བྱས་པའི་ཕུ་མ་བྱང་ཐང་ཤང་སློབ་ཆུང་གི“མཚན་འཛིན་དགེ་རྒན”དང་ཀང་ཆིང་མཁས་ཅན་ལི་ཡུན་ཏིས་སླད་ཕྱིན་བོད་རིགས་ས་ཁུལ་གྱི་རོལ་དབྱངས་སློབ་གསོའི་བྱ་གཞག་ནང་དེ་བས་མང་ཙམ་ཞུགས་ནས་བོད་རིགས་ས་ཁུལ་གྱི་དགེ་སློབ་ལ་རོལ་དབྱངས་སློབ་གསོའི་གསོ་སྦྱོང་ལ་སྐུལ་འདེད་བཏང་སྟེ་རང་ཉིད་ཀྱི་ནུས་ཤུགས་འདོན་གྱི་ཡིན་ཞེས་བཤད་བྱུང་།

    ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་སྤེལ་མཁན་ཕྱོགས་ཀྱིས་བོད་རིགས་ས་ཁུལ་གྱི་དགེ་རྒན་ལ་དམིགས་པའི་གསོ་སྦྱོང་འཆར་གཞི་བཟོས་ཏེ“གཅེས་སེམས་བོད་དུ་བཅངས”ཞེས་པའི་བྱེད་སྒོའི་ཆ་ཤས་ཤིག་ཏུ་བརྩིས་ཡོད། དེའི་དམིགས་ཡུལ་ནི་བོད་ཀྱི་ཐག་རིང་ལུང་ཁུག་ས་ཁུལ་དུ་ཡུན་རིང་ཕྱག་ལས་གནང་མྱོང་ཡོད་པའི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ཁག་གཅིག་ནང་སར་བཏང་ནས་གོ་རིམ་ལྡན་པའི་ངང་སློབ་གསོའི་གསོ་སྦྱོང་བྱ་རྒྱུ་དེ་ཡིན། མ་འོངས་ཉིན་ཤས་རིང་། གཅེས་སེམས་འབུལ་མཁན་རྣམས་མུ་མཐུད་བོད་ལྗོངས་མངའ་རིས་ས་ཁུལ་དུ་བསྐྱོད་དེ་མཐའ་མཚམས་ས་ཁུལ་གྱི་ས་མཐོའི་དགེ་སློབ་ཚོར་གཅེས་སེམས་འབུལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།